དཔའ་རྟུལ་ནག་པོ།
རྨ་ཁུགས་དང་པོའི་འགྲམ་ངོགས་ནས་
ལུ་གུ་དང་འགྲོགས་ནས་ལང་ཚོ་རྒྱས།
དཔྱིད་དཔལ་བུ་མོ་མགྲོན་ལ་ཕེབས་ནས་ཆོལ་གསུམ་བོད་མིའི་རྣ་བར་སྙན།
ཚངས་སྲས་ངག་གི་དབྱངས་རྟའི་ཀློང་ན་སྒང་བ་བོད་ཀྱི་རང་མདངས་གསལ།
བདེ་སྡུག་གླུ་རུ་བླངས་ནས་བོད་མིའི་སེམས་ཀྱི་མུན་པ་ཡོངས་སུ་དྭངས།
རྟ་དམག་ཁྲི་ཡི་རྨིག་སྒྲའི་ཐོབ་ཤོར་དབྱངས་སུ་གྱེར་ནས་
ཁ་བ་ཅན་གྱི་རྨི་ལམ་བསྒྲགས།
བགྲང་བྱ་གསུམ་ལ་དབྱངས་ཅན་ངག་གིས་ཁ་དབུགས་བོད་ལ་ཁྱབ།
ཚེ་སྲོག་རིན་ཐང་རྒྱུད་དྲུག་པི་ལྦང་དབྱངས་སུ་བསྡེབས་ནས་
མཚན་སྙན་ཧི་མ་ལ་རིའི་རྩེ་ན་འཕུར།
གངས་ལྗོངས་ཁུ་བྱུག་སྔོན་མོ་མྱུར་བ་མྱུར་དུ་
སངས་རྒྱས་སྨན་ལྷའི་བྱིན་རླབས་ཀྱིས་ནད་ལས་རྒྱལ་གྱུར་ཅིག
༢༠༡༦ ལོའི་ཟླ་༡ པོའི་ཚེས་༣༠ མཚན་མོར།