ཁྲོ་གཏུམ།
— ན་གཞོན་སྙན་ངག་པ་སྦྲ་སྲས་གངས་བུ་འཛུམ་གྲོལ་ལགས་ཀྱི་སྙན་དེབ་ལ་སེམས་པ་འཁོར་བ།
སྙན་ངག་པའི་སེམས་ཁམས་ནི་ཚོར་བའི་ལྕགས་ཀྱུས་བཟུང་ཡོད་པས། འཇིག་རྟེན་གྱི་བདེན་དངོས་མཛེས་གསུམ་ལ་རོལ་མྱོང་བྱེད་པའི་གོ་སྐབས་ཧ་ཅང་གིས་མང་། རྒྱལ་དབང་ལྔ་པ་ཆེན་པོའི་སྙན་འགྲེལ་མཆོད་བརྗོད་འགྲེལ་བ་ལས། “སྙན་ངག་མཁན་ཆེ་རྣམས་ཀྱི་ངག་རྣམས་ལས་སླར་ཡང་དངོས་པོ་གཞན་ཉིད་རྟོགས་པ་ཡོད་། སྙན་ངག་མཁན་གྱི་དགོངས་པ་སྟེ་ཤུགས་ལས་རྟོགས་པར་བྱའོ།། ཞེས་སྔོན་བྱོན་མཁས་པའི་སྡོམ་བཞིན་དུ། ང་ཚོས་སྙན་ངག་གི་རྩ་ལམ་འགག་ཏུ་མ་བཅུག་པར་ཚོར་བའི་རི་བོ་དང་། བསམ་པའི་འདུན་མ། འདོད་པའི་རྩེ་མོ་སོགས་ཀྱི་སྡིངས་ཆར་གར་དུ་རྩེན་དགོས་རེད།
དེ་བས་ན་གཞོན་སྙན་ངག་པ་སྦྲ་སྲས་གངས་བུ་འཛུམ་གྲོལ་གྱི་གློག་རྡུལ་དེབ་སྟེ༼ཚོར་བའི་བཅུད།༽ཅེས་པའི་དུངས་བརྗོད་སྙན་ངག་འདི་དག་གིས། ཁྱོད་ཀྱི་ཆེས་སེམས་གཏིང་དུ་ལུས་པའི་ཚིག་གི་མདུད་པ་གྲོལ་ནས། མི་སེམས་དམར་རྗེན། དུངས་སེམས་ལྷད་མེད། བརྩེ་སེམས་འགྱུར་མེད་སོགས་ཀྱི་བདེན་དཔང་ལ་བཅོལ་བའི་ཚིག་གི་རུས་པ་སྤུངས་འདུག
ད་ལྟའི་སྙན་ངག་གི་གྲོས་སུ་གོ་སླ་ཞིང་མི་སྐད་དཀྱུས་མའི་གྲས་སུ་ཚུད་པའི་སྙན་ངག་ཅིག་དང་། ལྷོད་ལ་བབས་ཤིང་བརྩེ་དུང་གིས་ཕྱུག་པའི་ཚིག་རིས་འབུར་བཏོད། བརྗོད་དོན་ཞེན་ཆགས་ཀྱི་རྣམ་པ་ཧ་ཅང་གིས་གསལ་བོར་བསྟན་འདུག
ལྷག་པར་དུ་བརྡ་འཕྲིན་དུས་རབས་ཀྱིས་མདོ་དབུས་མཐོ་སྒང་ལ་དམ་དུ་འཁྱུད་པ་ནས་བཟུང་། བོད་སྐད་ཡིག་བཀོད་སྤྱོད་ཀྱི་འདུ་འཛི་རབ་ཏུ་རྒོད་ཅིང་། དེང་རབས་སྙན་ངག་འབྲི་མཁན་གྱི་མི་རབས་གསར་བས་ས་བཀང་བ་དང་གནམ་བཀང་བར་འགྱུར་བའི་སྐལ་བཟང་གི་དུས་ཚིག་འདིར། ན་གཞོན་ཁོང་གིས་རང་གི་མ་རྐང་གིས་གཞིར་བཟུང་སྟེ། བརྡ་འཕྲིན་དུས་རབས་ཀྱིས་མ་གདན་གཏོང་ཞོར། དུངས་བརྗོད་ཀྱིས་ཕྱུག་པའི་སྙན་ངག་གི་མ་མ་ཞིག་མི་ཡུལ་ལ་བཀྲམས་པ་རེད། འདི་ནི་ལོ་རྒྱུས་དང་དུས་རབས་ཀྱིས་བརྗེད་མི་སྲིད་པའི་རྦ་རླབས་དྲག་པོ་ཞིག་ཏུ་འགྲོ་སྲིད་པས། ཀློག་པ་པོ་རྣམས་ཀྱིས་རང་སེམས་སྟོན་ཀར་འཕངས་ནས་ན་གཞོན་འདིའི་དུང་སེམས་ལ་རོལ་མྱོང་ཞིག་བྱོས་ན། ཁེ་མ་གཏོགས་གྱོང་མི་རག་པའི་གདེང་སྤོབས་ང་ལ་འདུག
ད་ལྟའི་སྤྱི་ཚོགས་སུ་བཤད་ཡམས་དང་ཀུ་རེ་ཞིག་འགྲོ་བ་ནི། ཡི་གེ་འབྲི་ཤེས་ན་སྙན་ངག་པ་རེད་ཟེར་བ་འདི་ནི། དོན་ལ་གནས་བ་ཞིག་ཏུ་སེམས། རྒྱུ་མཚན་སྙན་ངག་གི་རྟོག་པ་མཐོ་དང་མི་མཐོ་ནི་ཡི་གེ་ཤེས་དང་མ་ཤེས་པའི་ཁྱད་པར་ཅི་ཡང་མི་འགྲོ་ལ། སྙན་ངག་གི་ཚིག་རིས་ཡི་གེར་ཕབ་པ་ནི་རང་ཉིད་ཀྱི་ཆེས་རིན་ཐང་ལྡན་པའི་སྐད་ཆའི་གཏིང་ལ་ཟིན་བྲིས་བཏབ་པ་དང་མཚུངས་པས་ན། འདི་སུ་ཡིས་ཀྱང་སྟངས་འཛིན་དང་སྒེར་ཚོར་གྱིས་ཐག་གཅོད་བྱས་ཏེ་བརྙས་བཅོས་བྱ་མི་ཆོག སྔོན་བྱོན་མཁས་པའི་ཁྲོད་དུ་རྗེ་རིན་པོ་ཆེས་ཡིས་ཀྱང་ས་སྟེང་གི་རིན་ཆེན་རྣམ་གསུམ་གྱི་གྲས་སུ་བཞག་ཡོད་པ་རེད། སྙན་ངག་མེ་ལོང་མ་ནི་མཁས་པའི་ཁྲོད་ནས་སྤྱི་ཚོགས་སུ་ཁྱབ་པའི་གོ་སྐབས་མ་བྱུང་ལ། དེང་ཕྱིན་ཡང་ཁྱབ་ཐུབ་མེད། དེ་ལས་དེང་རབས་སྙན་ངག་བོད་ས་ཀུན་ལ་ས་ཁྱབ་རྡོ་ཁྱབ་འགྲོ་བའི་དུས་བཟང་འདིར། ན་གཞོན་འདིའི་སྙན་ངག་པ་ཁོང་ལྟ་བུ་སྤྱི་ཚོགས་འདིའི་ནང་དུ་མང་དུ་འཕེལ་བའི་སྨོན་པ་དང་རེ་བ། ཞུ་བ་བཅས་སོ།།
༢༠༡༦།༠༡།༠༩ཉིན་ཡུལ་འཁྱམས་པའི་ཁྲོད་དུ་མ་རྐང་གི་གླུ་ཐན་ཐུན་རེ་ལེན་མཁན་ཁྲོ་གཏུམ་གྱིས་གུས་ཕུལ།