མི་ལ་རང་བཙན་གྱིས་བརྩམས།
སྐལ་བཟང་ཟླ་བས་བསྒྱུར།
དབུས་གཙང་གི་སྤོབས་པ།
ང་བྱེས་པ་རྫོང་གི་རིན་ཆེན་གཏེར་གྱིས་ཕྱུག་པའི་རི་ཚོགས་དང་རྩི་བཅུད་འཛོམས་པའི་ལུག་གཤོང་གི་དབུས་གཙང་པ་ཞིག་ཡིན་པར་སྤོབས་པ་ཡོད། ང་ཚོའི་ཡབ་མེས་ཚོས་བདག་སྐྱོང་དང་གཡེལ་འགྱེད། ཆོས། ཤེས་ཡོན། དཔལ་འབྱོར། ཡུལ་བབ་སྲིད་དོན་བཅས་ཀྱི་ལོ་རྒྱུས་བསྐྲུན་པ་རེད་ལ། འདི་ནི་ལོ་རྒྱུས་རེད། བོད་ནང་གི་བོད་པ་ཕྱུག་ཤོས་ཆོས་འཕེལ་ཚེ་རིང་ནི་བོད་ནུབ་ཕྱོགས་ཀྱི་དབུས་གཙང་པ་ཞིག་ཡིན་ལ། སྒྲོ་ལོར་ཐེར་འབུམ་གཅིག་གི་མ་རྩའི་བདག་པོ་ཡིན།
ཕྱི་རྒྱལ་གྱི་བོད་པ་ཕྱུག་ཤོས་ཐེར་འབུམ་གྱི་བདག་པོ་ཁེ་ན་ཌ་རུ་གནས་སྡོད་གཞིོས་ཀ་རྩེ་ནས་ཡིན་པའི་དབུས་གཙང་པ་ཞིག་ཡིན། ཁོའི་ཁྱིམ་མི་ཚོས་རྒྱུ་ནོར་དེ་ཧུར་བརྩོན་དང་ཚོང་ལས་ཀྱི་འཇོན་ཐང་འབའ་ཞིག་བརྒྱུད་ནས་བསགས་པ་རེད།
བལ་ཡུལ་གྱི་བོད་པ་ཕྱུག་ཤོས་སྙེ་ནམ་གྱི་དབུས་གཙང་པ་ཞིག་ཡིན། སྙེ་མོ་ཨ་ནེ་ནི་དབུས་གཙང་ལས་གཙང་ནས་ཡིན་པ་དང་ཁོ་མོས་སྤྱི་ལོ་གཅིག་དགུ་རེ་གྲངས་ཀྱི་སྨད་དུ་དབུས་གཙང་གི་རྫོང་ཁག་བཅོ་བརྒྱད་རང་དབང་དོན་དུ་སྲོག་བསྡོས་ཀྱིས་འཛིང་བའི་སྣེ་ཁྲིད་ཡོད། མི་ལ་རས་པ་དང་ཐང་སྟོང་རྒྱལ་པོ་བཅས་དབུས་གཙང་གི་སྟོད་ནས་ཡིན་པ་དང་ཁོང་ཚོའི་ཤུལ་བཞག་རྣམས་དུས་ད་ལྟ་བར་དུ་གནས་ཡོད་ཅིང་། དབུས་གཙང་གི་ཕོ་སྐྱེས་ཚོས་བྱམས་བརྩེ་དང་བསམ་ཤེས། སྙིང་རྗེ་བཅས་རང་ནུས་ཡོད་རྒུ་བཏོན་ཏེ་ཉམས་སུ་ལེན་ལ། དགྲ་ཡིས་གཅུར་དུས་ཁོ་ཚོ་ནི་བུ་དཔའ་བོ་གཞན་དང་འདྲ་འདྲ་ཡིན། འདི་ནི་ངའི་རང་ཉིད་ཀྱི་ཨ་ཕ་དང། ཨ་ཁུ། གཅེན་པོ། རང་ཉིད་བཅས་ལས་མཐོང་བའི་མྱོང་བ་ཡིན།
ང་དབུས་གཙང་བ་ཞིག་ཡིན་པར་སྤོབས་པ་བྱེད་དགོས་པའི་རྒྱུ་མཚན་བརྒྱ་ཕྲག་ཡོད་ཀྱང་མང་ཆེ་བ་ངས་གཞན་ལ་ཤོད་ཀྱིན་མེད། ངའི་མིག་རྡེབ་ཙམ་ཡང་མ་བྱས་པར་ཕྱིའི་རྒྱལ་ཁབ་གཉིས་ལ་དམག་འཛིངས་པ་ཡིན། མེ་མདའ་ཡང་ཕོག་མྱོང་། གང་ལྟར་ཅི་བཤད་ཀྱང། ང་ཚོ་དབུས་གཙང་པ་རྣམས་རྩ་ཆུ་ཙམ་གྱི་ཡིད་ཚིམ་པའི་སྒོ་ཕྱུགས་སེམས་ཅན་མིན། ང་ཚོ་ནི་ཤ་ཟ་མཁན་རེད། ང་ཚོའི་མེས་པོ་དག་བོད་མཐོ་སྒང་གི་ཤ་གཟན་གྱི་གཙོ་བོ་སྤྱང་ཀི་རེད། འོན་ཀྱང་ད་ལྟ་དུས་རབས་མང་པོའི་རིང་བླ་མའི་ཆོས་ལུགས་དང། ཞི་བདེ། བྲན་གཡོག། དབུལ་ཕོངས། སྙེམ་ཆུང་བཅས་ཀྱི་རྗེས་འབྲས་སུ་ང་ཚོ་ལུག་ལྟར་ཆགས་པ་རེད་། མགོ་འབུལ་ཞུས་ཀྱང་རྒྱུན་རིང་ཉེན་ཁ་ལས་རིང་དུ་གྱེས་པས། ད་གཟོད་འཐབ་རྒོལ་བྱེད་པར་དགོས་ངེས་ཀྱི་སྙིང་སྟོབས་ཀྱི་མྱོང་བ་མེད་པར་བརྟེན། ལུག་གི་རིག་གཞུང་འདི་བྱུང་བ་རེད། ལུག་ཚོས་རིན་འབབ་ཆེ་ཤོས་དེ་སྤྲོད་པ་རེད། ཁོང་ཚོ་ནི་གཞན་གྱིས་གསོད་ཅིང་བཟའ་འགྲོ་བ་ཡིན། འདི་ལྟ་བུའི་བྱ་དེ་དང། ཙི་ཙི། ར། ལུག་བཅས་ཀྱི་རིགས་དག་ཚང་མ་རྩ་མེད་དུ་གཏོང་བའམ། ཡང་ན་རང་གི་བྲོ་ཤ་བསད་དེ་སྟག་ཕྲུག་གསོ་ཤེས། དེ་དག་རང་གི་ཕ་མེས་བྱས་རྗེས་ཅན་ཚོའི་སུག་རྗེས་སྙེག་པར་སློབ་པའི་སྟག་རྒོད་ངར་སྐད་ལྡིར་བ་ཤ་སྟག་ཏུ་བསྒྱུར་དགོས། དྲན་པར་བྱོས། ང་ཚོ་ནི་སྤོབས་པ་དང་ལྡན་པའི་ལོ་རྒྱུས་ཡོད་པའི་དབུས་གཙང་པ་རེད། ང་ཚོ་འཚོ་བཞིནདུ་རང་གི་སྤོབས་པ་སླར་གསོ་བྱས་ཏེ་མི་རབས་ཕྱི་མ་ཚོའི་ཆེད་དུ་སྲུང་སྐྱོབ་བྱེད་དགོས། དེ་ལྟར་ཁོང་ཚོ་ངོ་ཚའི་ངང་སོ་སོའི་སྐྱེས་ཁུངས་དང་མགོ་བོ་སྦེད་མི་དགོས།
རང་སྐྱོན་ངོས་བཟུང་བ།
མི་ཚེའི་ནང་ལེགས་འགྲུབ་བྱུང་བའི་གོམ་པ་དང་པོ་ནི་རང་ཉིད་དགའ་མོས་ཡོད་པའི་སྡེ་ཚན་གང་དེའི་ཞན་ཆ་ངོས་ཟིན་རྒྱུ་དེ་རེད། ད་ཐེངས་ང་ཚོའི་ཡོན་ཏན་འཛོམས་པའི་སྲིད་སྐྱོང་འོས་མི་གཅིག་ཀྱང་འདོན་མ་ཐུབ་པར་རང་གིས་རང་འཕུངས་བ་རེད། འོན་ཀྱང་མ་འོངས་པར་དེ་ལྟར་བྱ་མི་རུང། ད་མཚམས་འཇོག་རན་རེད། འཇོན་ནུས་དང་དྲང་ཚུགས་ལྡན་པའི་དབུས་གཙང་གི་མ་འོངས་པའི་སྲིད་སྐྱོང་གི་འོས་མི་བསྟུད་མར་ཟམ་མི་ཆད་པར་ཡོང་ཕྱིར་ང་ཚོས་མཐའ་མའི་དུས་ཚོད་བར་སྒུག་ཏེ་མ་སྡོད།
ང་ཚོས་ད་ལྟ་ནས་ཉིས་སྟོང་ཉི་ཤུ་རྩ་གཅིག་གི་འོས་བསྡུ་ལ་ཟླ་སྒྲོན་ཤར་གླིང་དང་ཉིས་སྟོང་ཉི་ཤུ་རྩ་དྲུག་གི་འོས་བསྡུ་ལ་རྒྱལ་བ་རིན་པོ་ཆེའི་ངོས་འཛིན་ཐོབ་པའི་སྲོང་བཙན་སྒམ་པོའི་གདུང་རྒྱུད་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་གཉིས་གསོ་སྐྱོང་བྱེད་དགོས། འོན་ཀྱང་ད་ལྟ་ཐོག་མ་ང་ཚོས་གཞན་སུ་ལའང་མིན་པར་སྤྱི་འཐུས་ཚོགས་གཙོ་གཙོ་སྤེན་པ་ཚེ་རིང་མཆོག་ལ་ཉིས་སྟོང་བཅུ་དྲུག་གི་སྲིད་སྐྱོང་འོས་མིར་འོས་བླུགས་དགོས། ང་ཚོའི་དམིགས་ཡུལ་ནི་འོས་བརྒྱ་ཆ་ལྔ་བཅུ་ང་གཅིག་ཙམ་ཐོབ་རྒྱུ་རེད།
ང་ཚོས་བློ་བཟང་སེང་གེར་འོས་བླུགས་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རེ་བྱས་མོད། ཁོས་འགྱུར་བ་གང་ཡང་བཏང་ཐུབ་མེད། ཁོས་སོའི་བར་ནས་རྫུན་བཤད་དེ་ཉེས་པ་མེད་པར་བུད་འགྲོ་བ་རེད། ཁོའི་མཚར་གཏམ་སྙན་མོས་མི་མང་ལ་མགོ་སྐོར་གཏོང་བ་རེད། ཁོའི་གཡོ་སྒྱུས་མི་གསོད་པ་རེད། རྩོམ་ཡིག་འདིའི་དུམ་བུ་དང་པོར་ངས་ཅིའི་ཕྱིར་ཨ་མདོའི་དཔའ་རྒོད་སྤེན་པ་ཚེ་རིང་ལ་ཉིས་སྟོང་བཅུ་དྲུག་གི་སྲིད་སྐྱོང་འོས་ཤོག་བླུགས་རྒྱུ་ཡིན་ཞེས་པའི་ཁ་བྱང་འོག་ཁོའི་རྫུན་གཏམ་ཁག་འགྲེལ་ཡོད། གལ་ཏེ་ང་ཚོའི་རྒྱུད་ན་དཔྱོད་ཤེས་ཏོག་ཙམ་ལྷག་ཡོད་ན་ང་ཚོས་ཕྱོགས་གཞན་ལ་ལྟ་མཚམས་འཇོག་དགོས། ད་ལྟ་ང་ཚོས་ཅི་ཞིག་མ་བྱས་ན་མ་འོངས་པར་ང་ཚོ་དབུས་གཙང་གི་མི་རྣམས་བོད་གཞུང་གི་ལས་ཁུངས་ཁག་གི་མ་བྱན་དང། ཁ་ལོ་བ། གད་པ་ཙམ་ལ་འགྱུར་བའི་ཉེན་ཁ་ཡོད། དབུས་གཙང་མི་མང་གི་མཚན་སྙན་དེ་དངོས་གནས་ཉེན་ཁའི་གནས་སུ་ཡོད།
ཉིས་སྟོང་བཅོ་ལྔ་ལོའི་ཕྱི་ཟླ་བཅུ་པར་དབུས་གཙང་བ་བརྒྱ་ཆ་བདུན་བཅུས་བློ་བཟང་སེང་གེར་འོས་བླུགས་པ་རེད། འོས་བླུགས་མཁན་མང་ཆེ་བའི་ལོ་ཚད་ནི་ལོ་བཅོ་བརྒྱད་ནས་སོ་ལྔ་བར་དང་དྲུག་ཅུའི་ཡན་རྣམས་རེད། སྔ་མ་རྣམས་ན་སོ་གཞོན་ལ་ཉམས་མྱོང་མེད། ཕྱི་མ་རྣམས་སློབ་གྲྭར་འགྲོ་མྱོང་མེད་ལ་བསམ་བློ་གཏོང་མི་ཤེས་པ་རེད། གཉིས་ཀ་ང་ཚོའི་ནང་གི་བོད་པའི་ཆབ་སྲིད་ཀྱི་སྐོར་ལ་རྒྱུས་མངའ་མེད་པ་རེད། ང་ཚོའི་ནང་གི་ཆབ་སྲིད་ནི་ཆོལ་ཁ་དང། ལུང་ཚན། ཆོས་བརྒྱུད་བཅས་ཀྱི་འབྲེལ་བས་དབང་བསྒྱུར་ཡོད། རྒྱུ་མཚན་དེ་ལ་བརྟེན་གོང་གི་སྡེ་ཚན་གཉིས་པོ་ནི་ང་ཚོའི་མི་དམངས་ཀྱི་ནང་ནས་མགོ་བསྐོར་སླ་ཤོས་དེ་རེད། ཁོང་ཚོ་ལ་བྱམས་བརྩེ་ཅན་ཞིག་གི་བློ་འབྱེད་མཁོ། འདི་ན་ངས་དབུས་གཙང་བ་གཞན་རྣམས་སྐྲག་ནས་འགྲོ་བསམ་པའང་མི་ཕོད་པའི་ལམ་དེར་ངའི་གོམ་པ་སྤོ་བ་ཡིན། ཁ་ཚུམས། དབུས་གཙང་བ་རྣམས་སྤེན་པ་ཚེ་རིང་ལ་བདག་ཨང་།། །།
དབུས་གཙང་གི་མཐུན་ལམ་དང་སྐྱིད་སྡུག་མཉམ་མྱོང་། གཅིག་སྒྲིལ་བཅས་ཀྱི་ཐབས་བྱུས།
ངས་མཁས་མདོག་བྱེད་འདོད་མེད་ཀྱང་རྒྱན་གྱིས་སྤྲས་ན་མི་གོ་བ་རྣམས་ལ་ཁོ་བོས་ཁ་ཏ་དང། དངས་ཡོད་གནས་ཚུལ། བསླབ་བྱ་བཅས་པས་ཁྱེད་ཀྱི་སྙིང་ལ་དམ་དུ་འཇུག། ངས་དབུས་གཙང་གི་དབུས་རྒྱུན་ལས་ཀྱིས་གཤམ་གྱི་ལས་དོན་རྣམས་གང་མགྱོགས་བསྒྲུབ་པའི་དྲན་སྐུལ་ཞུ་རྒྱུ་ཡིན། དེ་ཡང་གོ་ལ་འདིའི་སྟེང་དབུས་གཙང་པ་ཡོད་སའི་ས་ཆ་ཡོངས་སུ་ས་གནས་དབུས་གཙང་མཐུན་ཚོགས་འཛུགས་པ་དང་། ས་གནས་མཐུན་ཚོགས་རེ་ལ་རྒྱུན་ལས་ཚོགས་མི་བཅུ་གཅིག་རེ་དགོས་ལ། དེ་ཡིས་དབུས་གཙང་པ་ཚོར་རྒྱ་གར་ནང་སྐྱབས་བཅོལ་ལག་དེབ་དང་ནུབ་ཕྱོགས་སུ་སྐྱབས་བཅོལ་ཞུ་བ་བཅས་ལ་རྒྱབ་གཉེར་ཡི་གེ་སྤྲོད་པ་སོགས་གང་ཅིའི་ཐད་རོགས་རམ་བྱེད་དགོས། སགནས་མཐུན་ཚོགས་ཀྱིས་ལོ་རེར་སྤྲོ་སྐྱིད་ཐེངས་རེ་གོ་སྒྲིག་དང་། ལོ་ལྟར་ཉིན་གསུམ་རིང་གི་དབུས་གཙང་རྒྱས་འཛོམས་རེ་གོ་སྒྲིག་གིས་དེ་རུ་དབུས་གཙང་གི་ཤུགས་རྐྱེན་ཅན་གྱི་སྐྱ་སེར་འགོ་ཁྲིད་རྣམ་པར་སེམས་འགུལ་ཐེབས་པའི་ལན་སྟོན་གནང་དུ་འཇུག་དགོས། འདི་ཡིས་དབུས་གཙང་གི་སྤོབས་པ་དང་སྙིང་སྟོབས་ཀྱི་ལམ་དུ་འོད་སྣང་སྦར་ངེས། དབུས་གཙང་པ་རྣམས་མཐུན་ཚོགས་ནང་འཛུལ་བར་དབུས་གཙང་གི་ངོ་སྤྲོད་བྱང་བུ་དང་བཅས་ཏེ་དོ་དམ་ནན་མོ་བྱེད་དགོས།
དབུས་གཙང་ལ་མཛོད་དུ་ཅི་ཞིག་ཡོད་དམ།
དབུས་གཙང་གི་ཆོལ་ཁའི་ལར་ཞེན་གྱིས་ང་ཚོ་རང་ཉིད་དང་ང་ཚོའི་དཔལ་འབྱོར་ཐད་དང་ཤེས་ཡོན་གྱི་ཐད། ཆབ་སྲིད་ཐད། སྤྱི་ཚོགས་ཐད། གལ་སྲིད་དགོས་མཁོ་བྱུང་ན་གཟུགས་གཞིའི་ཐད་བཅས་སུ་རོགས་བྱེད་ཀྱིན་ཡོད། འདི་ནི་ང་ཚོས་ད་ལྟ་དང་དུས་གཏན་དུ་བདག་གིར་བྱེད་དགོས་པ་དེ་རེད། ཆོལ་ཁའི་ཕྱོགས་ཞེན་ནི་རྒྱུ་མཚན་ཁ་གསལ་གང་ཡང་མེད་པར་ལུང་ཚན་དང་ཆོལ་ཁ་གཞན་གྱི་ཁོངས་གཏོགས་ཚོར་ཕྲག་དོག་དང་སྡང་སེམས་བྱེད་པ་དེ་རེད། ཆོལ་ཁའི་ལར་ཞེན་གྱིས་གཞུང་གི་ལས་ཀ་དང་གོ་གནས། ཡོ་ཆས་སམ་དཔལ་འབྱོར། ཤེས་ཡོན་གྱི་གོ་སྐབས་བཅས་ཀྱི་ཁེ་ཕན་རྣམས་ལུང་ཚན་དང་ཆོལ་ཁ་གཞན་ལ་མི་སྤྲོད། འདི་ནི་ང་ཚོས་ཅིས་ཀྱང་འདོར་དགོས། འོན་ཀྱང་། ང་ཚོ་དབུས་གཙང་པ་ཚོའི་ཐོག་ལ་དྲང་བདེན་མིན་པའི་སྦྱོར་བ་འདི་འདྲ་རྩོམ་ཚེ་ཁམས་དང་ཨ་མདོ་སུ་ཡིན་ཡང་སྡང་སེམས་ཆེན་པོས་འཁོན་ལན་སློག་དགོས།
ཇི་ཙམ་གྱི་གཉོམ་ཆུང་དང་བཟོད་སྒོམ་བྱེད་ཀྱང་དེ་ལྟ་བུའི་ཕྱོགས་རིས་དང། ཉེ་དགའ་ཕྱོགས་ལྷུང། ལུང་ཚན་འཐེན་འཁྱེར་བཅས་ནི་མེད་པ་ཆགས་མི་སྲིད། ཟུར་ཞིག་ཏུ་གབ་ཏེ་རང་ཉིེད་ནི་ཡ་ང་སྙིང་རྗེ་དང་དམན་པའི་འདུ་ཤེས་བཅས་ཀྱིས་ང་ཚོའི་ཆེ་མཐོང་སླར་གསོ་བར་གྲོགས་དན་མི་བྱ། དེ་ནི་ཁྱེད་རང་དང་ཁྱེད་ཀྱི་བྱིས་པའི་སེམས་ཁམས་དང་འདུ་ཤེས་ཀྱི་འཕྲོད་བརྟེན་ལ་གནོད་ངེས་ལ། དེ་ཡིས་ལུས་པོའི་སྟེང་གི་ནད་གཞི་སྔོན་འགོག་མ་ལག་རྩ་མེད་བཟོ་བ་རེད།
དབུས་གཙང་གི་དགོས་མཁོ་བསྐང་ཐུབ་པའི་དབུས་གཙང་གི་འབྲེལ་ལམ་ཚད་ལྡན་ཞིག་བརྒྱུད་ནས་དབུས་གཙང་གི་མཛའ་མཐུན་དང་མཐུན་ལམ། གཅིག་སྒྲིལ་བཅས་ཤུགས་ཆེ་རུ་འགྲོ་བ་རེད། དྲ་ཐོག་ཏུ་དབུས་གཙང་གི་ལས་གཞིའི་རེའུ་མིག་ཅིག་བཟོས་ཏེ་དེ་རུ་དབུས་གཙང་པ་ལྷད་མེད་དག་གི་སྐོར་གྱི་མེད་དུ་མི་རུང་བའི་ལོ་རྒྱུས་ཀྱང་འགོད་དགོས། དབུས་གཙང་པ་ཁྲི་གསུམ་ནུབ་ཕྱོགས་སུ་གནས་སྡོད་བྱེད་ལ། དབུས་གཙང་རྒྱུན་ལས་ནས་ལོ་རེར་མི་རེ་རེར་ཨ་སྒོར་ཉི་ཤུའམ་དེ་དང་དོད་མཉམ་པའམ། ཁྱིམ་ཚང་རེར་ཨ་སྒོར་ཉི་ཤུ་རེའི་ཞལ་འདེབས་ངེས་བར་དུ་བསྡུ་དགོས། བརྒྱུད་ལམ་འདི་ཁོ་ནས་ལོ་རེར་ཨ་སྒོར་འབུམ་ལྔ་བསྡུ་ཐུབ་པ་དང་། དབུས་གཙང་དྲ་ཐོག་ལས་གཞི་དེ་ངེས་བར་དུ་འོས་འཚམ་ཡིན་དགོས། གོམ་པ་ཐོག་མ་ལྟ་བུར་ནུབ་ཕྱོགས་ཀྱི་དབུས་གཙང་པ་གཅིག་སྟོང་གིས་མི་རེ་རེས་དབུས་གཙང་གི་མ་འོངས་པའི་བདེ་རྩའི་མ་དངུལ་ཨ་སྒོར་ས་ཡ་གཅིག་གི་ཆེད་དུ་ཨ་སྒོར་གཅིག་སྟོང་རེ་ཞལ་འདེབས་བརྒྱག་དགོས།
དབུས་གཙང་རྒྱུན་ལས་ཀྱིས་མ་དངུལ་འདི་དང་ལོ་རེའི་འབུལ་ཆད་རྣམས་སྤུན་ཟླ་མ་ཡིན་པའི་རྒྱ་གར་གྱི་དངུལ་ཁང་གཉིས་ཀྱི་ནང་གཏན་འཇག་མ་དངུལ་དུ་བཞག་ཏེ་ལོ་རེར་སྐྱེད་ཀ་བརྒྱ་ཆ་བཅུ་གསོག་དགོས། དེ་ལས་ཐོབ་པའི་སྐྱེད་ཀ་ནི།
དང་པོ། དབུས་གཙང་གི་ཚོང་པ་ཆུང་ངུ་དག་ལ་སྐྱེད་ཀ་མེད་པར་གཡོར་བ།
གཉིས་པ། དབུས་གཙང་གི་ཉེར་མཁོ་ཅན་གྱི་སློབ་ཕྲུག་ཚོའི་སློབ་ཡོན་ལ་གཏོང་བ། དཔེར་ན། རབ་འབྱམས་པའི་སློབ་མ་ཞིག་ལ་ལོ་རེར་ཧིན་སྒོར་ས་ཡ་གཅིག་དང་ཞིབ་འཇུག་སློབ་མ་ཞིག་ལ་ལོ་རེར་ཧིན་སྒོར་ས་ཡ་གཉིས། འབུམ་རམས་པའིསློབ་མ་ཞིག་ལ་ལོ་རེར་ཧིན་སྒོར་ས་ཡ་གསུམ་ལྟ་བུ་ཡིན།
གསུམ་པ། རྒན་པ་ཚོར་གཅེས་སྐྱོང་ཁང་འཛུགས་བསྐྲུན་བྱེད་པ།
བཞི་པ། དབུས་གཙང་པ་ཡོངས་ལ་སྨན་དང་མི་ཚེའི་ཉེན་སྲུང་མ་དངུལ་འཇོག་པར་མཁོ་སྤྲོད་བྱེད་པ།
ལྔ་པ། ཁང་པ་ཐོག་རྫ་ཅན་གྱི་ནང་དུ་སྡོད་མཁན་དང་གསར་དུ་གཉེན་སྒྲིག་བྱས་པ་ཚོར་ཨར་འདམ་གྱི་ཁང་པ་དང་འཕྲུལ་རྟ། སྣུམ་འཁོར་མཁོ་འདོན་བྱེད་པ་དང་སྒོར་ས་ཡ་ལྔ་བཅུ་གཏན་འཇགས་བཅོལ་འཇོག་བྱེད་དགོས།
ང་ཚོའི་མི་འབོར་མང་དུ་གཏོང་ཕྱིར་ཁྱིམ་ཚང་རྣམས་ཕྲུ་གུ་མང་དུ་སྐྱེས་པར་སྐུལ་འདེད་བྱ་དགོས། ཕྲུ་གུ་རེར་སྒོར་མོ་འབུམ་བཅུ་རེ་སྤྲོད་དགོས། ང་ཚོའི་རིགས་རྒྱུད་ས་བོན་གྱི་རྒྱུ་སྤུས་ཡག་ཏུ་གཏོང་ཕྱིར་འཛམ་གླིང་གི་རིགས་རྒྱུད་ས་བོན་ཡག་ཤོས་དག་ཕོའི་ས་བོན་གསོག་འཇོག་ཁང་ནས་ཉོ་དགོས། སྐྱེས་མ་རེ་རེས་རིགས་རྒྱུད་ས་བོན་གྱི་ཕྲུ་གུ་རེ་སྐྱེ་དགོས། རིགས་རྒྱུད་ཉམས་རྒུད་འགོག་ཐུབ་པ་ཡིན། དབུས་གཙང་གིས་གྲྭ་པ་དང་ཨ་ནེ་ཚོས་ཀྱས་ཆང་ས་རྒྱག་རྒྱུ་མགོ་འཛུགས་དགོས། འདས་པའི་བརྒྱ་ཕྲག་བཅུ་གསུམ་གྱི་རིང་ང་ཚོའི་མི་འབོར་ནི་ཇེ་ཉུང་ཇེ་ཉུང་དུ་ཕྱིན་ཡོད།
དེ་དང་ཆབས་ཅིག་སྤྱི་འཐུས་ཟླ་བ་ཚེ་རིང་ནི་ང་ཚོ་ལ་ཡོད་པའི་དབུས་གཙང་གི་ཚོགས་གཙོ་ཡག་ཤོས་དེ་ཡིན། ཁོང་གི་དབུ་ཁྲིད་འོག་དབུས་གཙང་གི་རྒྱས་འཛོམས་བསྐངས་ཡོད་ལ། དམིགས་གསལ་རྡ་རམ་ས་ལའི་ཁུལ་དུ་དབུས་གཙང་གི་མཐུན་སྒྲིལ་ནི་ཉིན་ནས་ཉིན་བཞིན་ཡག་ཏུ་འགྲོ་འདུག ཁོས་དབུས་གཙང་གི་ཚོགས་ཁང་དང་ཐོག་བརྩེགས་ལྔ་ཅན་གྱི་མགྲོན་ཁང་བརྒྱབས་ཡོད། དབུས་གཙང་བ་སུ་ཞིག་ལ་དཀའ་ངལ་ཡོད་ན་ཁོས་རོགས་རམ་གནང་གིན་ཡོད།
རྡ་རམ་ས་ལའི་དབུས་གཙང་ཚོགས་པས་བདུན་རེར་གཟའ་ཉི་མའི་དགོང་མོ་ཆུ་ཚོད་གཉིས་ཀྱི་རིང་དབུས་གཙང་གི་མཁས་པ་དང། སློབ་དཔོན་ཆེན་མོ་། གཞུང་ཞབས་གདན་ཞུས་ཀྱིས་ཆབ་སྲིད་སློབ་སྦྱོང་སྤྲོད་དགོས། དེར་དབུས་གཙང་བ་གཅིག་པོ་ལས་གཞན་ཡོང་མི་ཆོག དབུས་གཙང་བ་རང་ལོ་བདུན་ཅུ་ལོན་པ་དང་དེའི་ཡན་རྣམས་མི་བཅུ་གཉིས་རེ་སྡེབས་གཅིག་ཏུ་མཉམ་འབྲེལ་རྒྱལ་ཚོགས་དང་ནུབ་ཕྱོགས་ཀྱི་རྒྱལ་ས་ཁག་གི་མདུན་དུ་འགོ་ཁྲིད་ཚོར་གནོན་ཤུགས་སྤྲོད་ཕྱིར་དང་བོད་ནང་རང་དབང་ཆེད་རང་ལུས་བསྲེགས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་མེར་བསྲེག་སྟེ་འཆི་དགོས།
ཕྱི་བསྐྱོད་མཐོང་ཆེན་ལག་འཁྱེར་གྱི་བར་ཁེ་ཚོང་ལས་བྱེད་མཁན་དང་འབྲེལ་བ་བྱས་ཏེ་རྒྱ་གར་དུ་གནས་སྡོད་བྱེད་བཞིན་པའི་དབུས་གཙང་བ་ཆིག་ཁྲི་ཐམ་པ་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་། ལྷག་པར་ཨ་མི་རི་ཀར་ཡོང་འཆར་གྱིས་ལོ་ལྔའི་ནང་གཏང་དགོས། དབུས་གཙང་བའི་མངོན་འདོད་འགྲུབ་ཕྱིར་དབུས་གཙང་གི་ཚགས་པར། དབུས་གཙང་བརྙན་འཕྲིན་གནས་ཚུལ། དབུས་གཙང་རླུང་འཕྲིན་བཅས་གཟུག་དགོས། ལོ་བཅུ་ཕྲག་གཉིས་ཀྱི་རིང་བོད་ཀྱི་དུས་བབ་ནི་ཨ་མདོར་བདག་པ་དང་བོད་ཀྱི་བང་ཆེན་ནི་ཁམས་པའི་བཟུང་ཡོད། ང་ཚོ་ནི་ཧ་ཅང་གི་རྗེས་ལུས་རེད། ལོ་དྲུག་ཅུའི་ཕྱིས་སུ་གཞི་ནས་ང་ཚོས་རང་ཉིད་ལ་བདག་པའི་རྒྱུད་ལམ་ཞིག་གི་དགོས་གལ་ཤོད་ཀྱིན་ཡོད།
ད་ལྟ་ང་ཚོ་དབུས་གཙང་བ་མང་པོའི་ངོ་ཚ་བའི་ཆབ་སྲིད་ཀྱི་ཕམ་ཁ་མྱངས་པ་འདི་ངོ་མ་རྐྱེན་ངན་གྲོགས་ཤར་རེད། ང་ཚོའི་རྒན་རབས་པ་རྣམས་ཀྱི་རང་ཉིད་ཀྱིས་དཀལ་ངལ་ལ་ཞི་ལྷོད་སྒྱིད་ལུག་གི་ཐབས་ལམ་སྤྱད་པ་ཧ་ཅང་ནོར་བ་རེད། ཤེས་ཡོན་ལྡན་པའི་ང་ཚོའི་མི་རབས་གོང་མ་དག་གི་དབུས་གཙང་བ་རྣམས་གཉིད་ལས་སློང་བའི་ཐབས་ཤེས་མ་བརྩམ་པ་ནི་ངོ་ཚ་ཞིག་རེད། ད་ལྟ་ང་ཚོའི་མི་རབས་འདིའི་གྱོང་ཁ་ཉོ་བཞིན་པ་རེད། འདས་པའི་བཅུ་ཕྲག་དྲུག་གི་རིང་དབུས་གཙང་གི་ས་གནས་ཚོགས་པ་གཅིག་ཀྱང་མེད་པ་ཅི་རེད། དེ་རྦད་དེ་ནོར་བ་རེད། ཕན་ཚུན་འབྲེལ་འདྲིས་ཀྱི་བརྒྱུད་ལམ་ཡག་ཤོས་དེ་དེ་འདྲའི་རྒྱུན་རིང་པོར་སྣང་མེད་ངང་བཞག་པ་རེད། ཡིད་ཆེས་མི་སྲིད་པ་ཞིག་རེད། དབུས་གཙང་གི་ལག་འཁྱེར་བཟོས། དབུས་གཙང་གི་དབྱིན་ཡིག་དྲྭ་རྒྱ་བཟོས། དཀོན་མཆོག་གི་བྱིན་རླབས་ཀྱིས་བོད་ཡིག་གི་དྲྭ་རྒྱ་ཞིག་ཡོད་པ་རེད། དེ་ལེགས་བཅོས་བྱེད་དགོས།
དབུས་གཙང་མཐོར་འདེགས་དང་གོང་སྤེལ་ཕྱིར་དབུས་གཙང་མོག་མོག་དང་དབུས་གཙང་ཟ་ཁང་། དབུས་གཙང་མགྲོན་ཁང། དབུས་གཙང་སློབ་གྲྭ། དབུས་གཙང་གཙུག་ལག་སློབ་གྲྭ། དབུས་གཙང་ཚོང་ལས། དབུས་གཙང་ཚོང་ལས་མཐུན་ཚོགས་སོགས་ཀྱི་མིང་ཚིག་དེ་དག་བཀོལ་སྤྱོད་བྱེད་དགོས། ད་དུ་ང་ཚོས་ཁོང་ཚོའི་ས་ནས་ཚོང་ཉོས་ཏེ་ཁོང་ཚོ་ཕྱུག་པོར་འགྱུར་བ་རམ་འདེགས་བྱེད་དགོས། དབུས་གཙང་གློག་འཕྲིན་ཚོགས་པ་དང། དབུས་གཙང་འཕྲིན་ཐུང་ཚོགས་པ། ངོ་དེབ། ཊུ་ལྦི་ཊར། ཡུ་ཊུབ་ཚོགས་པ་བཅས་བཟོ་དགོས། དེ་ཚོ་ཡང་གཞུང་འབྲེལ་བཟོ་དགོས་། དེ་དག་འབྱུང་འགྱུར་གྱི་ལོ་ཟླའི་ནང་དོན་ཕན་ལྡན་པའི་སྒོ་ནས་ཉར་ཚགས་བྱ་སླད་བརྒྱུད་ལམ་རེ་རེར་རྟག་ཏུ་ཉིན་ཧྲིལ་བོའི་ལས་མི་གླ་དགོས། དབུས་གཙང་མཛངས་མ་དང་དབུས་གཙང་ཕོ་གསར། དབུས་གཙང་དར་སྲོལ་བཅས་ཀྱི་འགྲན་བསྡུར་གཉེར་དགོས། མངའ་རིས་དང་གཙང། སྟོད། ཀོང་པོ་བཅས་ཀྱི་འཐུས་མི་ལྔ་རེ་ཡོད་པའི་གྲོས་ཚོགས་འཛུགས་དགོས། དབུས་གཙང་གི་ཨ་སྒོར་ཐེར་འབུམ་གྱི་དཔལ་འབྱོར་རྒྱབ་སྐྱོར་གྱི་བརྒྱུད་ལམ་བསྐྲུན་དགོས། བློ་རིག་བེད་སྤྱོད་བྱོས། བུད་མེད་འོས་འཚམ་དེ་དང་ཀླད་པའི་གཡོན་ངོས་བཀོལ་སྤྱོད་བྱེད་དགོས། འདི་ནི་འབྱུང་སྲིད་པ་ཙམ་མིན་པར་འབྱུང་ངེས་པ་ཡིན།
ངས་ཐེངས་འདིར་སྤེན་པ་ཚེ་རིང་གིས་བློ་བཟང་སེངྒེ་ཕམ་པར་རྒྱག་རྒྱུ་དེ་ང་ཚོ་ལ་གལ་ཆེན་པོ་ཅི་ཙམ་ཡིན་པ་ཡོངས་སུ་སྨྲ་བསམ་བརྗོད་འདས་རེད་འདུག གལ་ཕམ་དུ་བཅུག་སོང་ཚེ་བློ་བཟང་སེངྒེ་སྤྱི་ལོ་༢༠༢༡ལོར་ཡར་ལངས་ཐུབ་མི་སྲིད་ལ། དེ་མིན་ཁོས་གྲོས་ཚོགས་ཀྱི་གྲོས་ཆོད་གསར་པར་དྲང་བདེན་མ་ཡིན་པའི་སྒོ་ནས་བཅོས་བསྒྱུར་གྱིས་སྐབས་གསུམ་པར་ཡར་ལངས་ངེས་རེད། གལ་སྲིད་ཐེངས་འདིར་ཕམ་ཉེས་བཏང་ཚེ་བློ་བཟང་སེངྒེ་ཕལ་ཆེར་ས་ཆ་གང་ཞིག་འཐིམ་འགྲོ་ངེས་རེད། འདི་ནི་ང་ཚོ་ལ་དགོས་རྒྱུ་དེ་རེད། བློ་བཟང་སེངྒེ་དང་མི་འདྲ་བར་སྤེན་པ་ཚེ་རིང་ལ་ཕྱོགས་ལྷུང་གིས་བརྩི་མཐོང་བྱེད་རྗེས་འཇུག་པ་མེད་ལ། དེ་ཡིས་ཤར་གླིང་ཟླ་སྒྲོན་གྱིས་སྤྱི་ལོ་༢༠༢༡ལོའི་སྲིད་སྐྱོང་འོས་འདེམས་ཁྲོད་སྤེན་པ་ཚེ་རིང་གི་མགོ་གནོན་རྒྱུ་ལས་སླ་བོ་བཟོས་ཡོད། གཅིག་བྱས་ན་རྒྱ་རི་སྒྲོལ་མ་དང་ཟེ་འཛིན་ཚང་བསྟན་འཛིན་གཉིས་སྤྱི་ལོ་༢༠༢༡ལོར་ལངས་སྲིད་མོད། ཤར་གླིང་ཟླ་སྒྲོན་གྱིས་ང་ཚོའི་དམིགས་གཏད་གཅིག་པའི་རྒྱབ་སྐྱོར་དང་མཉམ་དུ་ཁོང་ཚོ་ཤ་ཉོག་རུས་ཉོག་ལ་གཏོང་ཐུབ་ལ། འདི་ཡིས་ལྷ་རྒྱལ་རི་རྣམ་རྒྱལ་ལ་སྤྱི་ལོ་༢༠༢༦ ཡང་ན་༢༠༣༡ ལ་གོམ་སྤོ་བའི་ལམ་ཁ་བདེ་རུ་བཏང་པ་རེད། ཁྱེད་ཀྱིས་ངས་ག་རེ་བཤད་ཀྱིན་པའི་དོན་རྟོགས་སམ།
གལ་སྲིད་ཁྱེད་རང་ལ་ལྷག་བསམ་ཅན་དང་འཇོན་ཐང་ཅན་གྱི་དབུས་གཙང་གི་ཆབ་སྲིད་པ་ཞིག་ལ་སྲིད་སྐྱོང་ཐོབ་འདོད་ཚེ། ཁྱིམ་མེད་པའི་ཞ་བོ་ཞིག་གིས་ལམ་འགྲམ་དུ་ཟ་མ་ལ་སྒུག་པ་ལྟར་མི་ཚང་མས་ཁྱེད་ལ་དོ་སྣང་བྱེད་པར་བསྒུག་ཏེ་སྡོད་མི་ཉན་པར། ཁྱེད་རང་དཔའ་རྒོད་བྱེད་དགོས། རང་གི་བུ་ཕྲུག་གཞན་ཟས་སུ་སྤྱོད་པའི་སྲོག་ཆགས་གཏུམ་པོ་ཁྱུ་ཞིག་གིས་བསྐོར་བའི་ཨ་མ་ཞིག་གི་སྨྱོན་པའི་བརྟུལ་ཞུགས་འཆང་སྟེ་ཁྱེད་ཀྱིས་རང་གི་འདམ་ཀ་དང་འདོད་མོས་དྲིལ་བསྒྲགས་དང་སྲུང་སྐྱོབ། འཐབ་རྩོད་བྱེད་དགོས། དབུས་གཙང་ཡར་ལངས་ཀྱི་སྐྱ་རེངས་ཐག་མི་རིང་། དོན་ངོ་མར་དེ་ནི་འདི་དང་ད་ལྟ་ཡིན་ཨང་། ཡིན་ནའང་དེ་ལ་བློ་ཁོག་དང་ཆོད་སེམས། ཐབས་བྱུས་ཅུང་ཙམ་དགོས་ཡོད། དེ་ལ་དབུས་གཙང་གི་དམག་གི་སྙིང་སྟོབས་བསྐྱར་གསོ་བྱེད་དགོས་ཡོད། བཙན་པོའི་དཔའ་རྟུལ་གྱི་སྙིང་སྟོབས་ཀྱེ། ངས་ཁྱེད་ཅག་བཙན་པོའི་དཔའ་རྟུལ་མཐུན་ཚོགས་འོག་སྣེ་ཁྲིད་བྱེད་ཐུབ། དེ་ནི་གཡུལ་ས་སྟོང་ཕྲག་གི་འཐབ་འཛིང་ཞིག་ཡིན། ཁྱེད་དེ་རུ་ང་དང་མཉམ་དུ་ཡོད་དམ།
སྲིད་སྐྱོང་མཚན་གནས་ནི་ཁྱེད་ཀྱི་ཕྱོགས་ཞེན་མེད་ཅིང་དྲང་པོའི་སྲིད་སྐྱོང་ཞིག་གི་བསམ་ཚུལ་གྱི་འཕུར་སྟེགས་དང་། ཁྱེད་ཅག་དབུས་གཙང་འོས་འཕེན་པ་རྣམས་ནི་ཁོའམ་མོ་ས་གཞི་ལས་འཕུར་བྱེད་ཀྱི་མེ་ཤུགས་འཕུར་མདའི་འབར་རྫས་དེ་ཡིན།
དེ་བས་ད་ནི་མེ་སྦར་ཞིག་ངའི་རུ་སྡེའི་མི་མང་རྣམ་པ།
ཁྱེད་ཅག་གི་འོས་ཤོག་ནི་ཁྱེད་ཉིད་ལ་ཐུག་ཡོད།། །།
(སྒྱུར་པ་པོའི་གསལ་བཤད། རྩོམ་ཡིག་འདི་དུས་ཚོད་དང་བསྟུན་གང་མགྱོགས་བསྒྱུར་བར་སོང་། མ་རྩོམ་དང་མི་མཐུན་པའམ་ཆད་པ་སོགས་མཆིས་ཚེ། ཀློག་པ་པོ་ཚོས་གཤམ་གྱི་དྲ་བྱང་བརྒྱུད་དེ་དབྱིན་ཡིག་གི་མ་རྩོམ་ལ་ཁུངས་བཅོལ་རོགས། http://rangzenparty.org/2016/01/10/struggling-against-the-sleep-of-my-people/)
—–༼མུ་འགོད།༽
རྩོམ་ཡིག་ཁ་གསལ་པོ། ཁ་ཞེ་གཉིས་མེད། བརྗོད་ཚིག་ངར་བ། བསམ་གཞིག་ཡོད་པ་འདི་འདྲ་བྲིས་པ་ལེགས། དབུས་གཙང་བརྟན་པོ་ཡོད་ན་བོད་བརྟན་པོ་ཡོད་པ་ཡིན་ལ་དབུས་གཙང་བརྟན་པོ་མེད་ན་བོད་བརྟན་པོ་མེད་པའི་ལོ་རྒྱུས་ཀྱི་གལ་གནད་འདི་ཤེས་དགོས། དབུས་གཙང་རྒྱལ་གྱུར་ཅིག
ངའི་དབུས་གཙང་མི་མང་་་་ཞེས་བྲིས་འདུག་ཁྱོད་སུ་ཡིན་དེ་འདྲ་དབང་ཆེན་ཞིག། ༧གོང་ས་མཆོག་གི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་གསུང་པ་ལས་གཞན་གོ་མ་མྱོང་། ཁྱོད་ཧམ་པ་ཚ་པོ་དེ་འདྲ། ངས་ལྟས་ན་ཁྱོད་ཀྱི་ཁམ་བུ་ཟ་འདོད་མིན་པ་སྡོང་བོ་བཅག་འདོད་རེད་འདུག། དབུས་གཙང་མི་རིགས་ལ་ཤ་ཞེན་ཡོད་ན་སྐུ་ངོ་་་བཀྲ་ཤིས་དབང་འདུས་་ལ་རྒྱབ་རྩ་མི་བཟོ་ག་རེ་ཡིན། སྐུ་ངོ་བཀའ་བློན་དངོས་གྲུབ་ལ་རྒྱབ་རྩ་མི་བཟོ་ག་རེ་ཡིན། ངས་ལྟས་ན་་་མི་ལ་རང་བཙན་གྱིས་བརྩམས།
སྐལ་བཟང་ཟླ་བ་་་གཉིས་རྨོངས་འོག་ལྷུང་འངུག་བསམ།
མི་འགའ་ཞིག་གི་སྔོན་ཆད་ལྐོག་ཟ་རུལ་སུངས་དང་སྤྱི་རྒྱུ་སྒེར་བདག་གིས་ལས་ངན་བྱས་པ་དག། མ་འོངས་པར་མུ་མཐུད་ནས་ལམ་ལྷོང་ཡོང་ཆད་ཆོལ་ཁ་དང་ཆོས་ལུགས་དྲུད་ཡོང་ནས་བད་སྤྱོད་ལོག་པ་གཏོང་ནས་ངན་རོགས་ཚུལ་མཁན་ཡོང་གི་འདུག་བ། རང་ཡང་དེ་འདྲ་ཞིག་ཡིན་ཁོ་ཐག་རེད་འདུག། དེང་ངས་མི་ཚང་མ་རྨོངས་གཉིད་ལས་སད་ཚར་དུས་ད་ཁྱོད་ཀྱི་སྒེར་དོན་དེ་འགྲུབ་ཁག་པོ་རེད།
དབུས་གཙང་ལ་བོད་མི་ཡོངས་ཀྱིས་མིག་བགྲད་ནས་བལྟས་ཡོད། ད་བར་ཉམས་ཆུང་གི་སྒོ་ནས་འཚོ་བ་བསྐྱལ་འདུག ད་ཕར་ཆེར་བཙན་པོའི་ཁྲག་རྒྱུན་གྱི་ངར་ཤུགས་རྒྱས་ནས་ཡོད་པ་ཡིན་ནམ། ལྷ་རྒྱ་རི་པ་ཚབས་མཚོན་གྱི་མི་སྣར་འགྱུར་བ་ལ་བོད་ཡོངས་ནས་རེ་བ་ཡོད་ཚོད་རེད། ཕ་རོལ་པོའི་ཀྱང་དོགས་པ་ཆེ་ཤོས་བཙན་པོའི་གདུང་རྒྱུད་རེད། ད་ལྟ་བཙན་པོའི་གདུང་འབྲི་གུང་ཆུང་ཚང་ལ་ཡང་དམ་བསྒྲགས་བོད་ཀྱི་བླ་མ་གཞན་ལས་ཆེ། ཕལ་ཆེར་མི་ཐུག་འཕྲད་ཀྱང་དཀའ་མོ་རེད་འདུག རྒྱ་ནག་ཡར་ལངས་ཆེད་མི་སྣ་མང་པོ་གསོ་སྐྱོང་བྱས་པའི་ཁྲོད་ནས། ཀྲོས་ཨེན་ལེས་གསོ་སྐྱོང་བྱས་པའི་མོའུ་ཙེ་ཏུང་ལ་རྒྱལ་ཁ་ཐོབ་པ་རེད། མོའུ་ལྷ་རུ་བསྒྱུར། གསུང་བཤད་འཆར་གཞི་སོགས་གཞན་གྱིས་བསྒྲིགས་པ་མངོན་གསལ་དོད་པོ་རེད་ཅེས་ཞིབ་འཇུག་པ་དུ་མས་བཤད་འདུག མི་རིགས་ཤིག་གི་སྣེ་ཁྲིད་པ་གསོ་སྐྱོང་དེ་འདྲ་བྱེད་དགོས། །
ཤ་ཟན་གཙོ་བོ་སྟག་དང་སེང་གེ་ཟེར་བ་ཞིག་གོ་མྱོང་ཡོད་མ་གཏོགས་སྤྱང་ཀི་ཟེར་བ་གོ་མ་མྱོང་། དབུས་གཙང་ནི་བན་བོན་གྱི་ཆོས་ལུགས་དར་ས་དང་། མངའ་རིས་ནི་ཁྱེད་འཕགས་སྟོན་གཤེན་རབ་འཁྲུངས་ཡུལ་ཡིན། བོད་ཆོལ་ཁ་གསུམ་གྱི་ནང་དུ་མངའ་རིས་དང་དབུས་གཙང་གཉིས་ཐུན་མོང་མ་ཡིན་པ་ཞིག་རེད།
བོད་ཕྱི་ནང་གཉིས་ཀའི་ནང་གི་ཕྱུག་ཤོས་དེ་གཉིས་དབུས་གཙང་པ་རེད་ཨེ། ལགས།
ཡང་།
་་་་་་་་་་་ བལ་ཡུལ་གྱི་བོད་པ་ཕྱུག་ཤོས་སྙེ་ནམ་གྱི་དབུས་གཙང་པ་ཞིག་ཡིན། ་་་་ཟེར།
་་་་་་་་ ང་ཚོས་ད་ལྟ་ནས་ཉིས་སྟོང་ཉི་ཤུ་རྩ་གཅིག་གི་འོས་བསྡུ་ལ་ཟླ་སྒྲོན་ཤར་གླིང་དང་ཉིས་སྟོང་ཉི་ཤུ་རྩ་དྲུག་གི་འོས་བསྡུ་ལ་རྒྱལ་བ་རིན་པོ་ཆེའི་ངོས་འཛིན་ཐོབ་པའི་སྲོང་བཙན་སྒམ་པོའི་གདུང་རྒྱུད་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་གཉིས་གསོ་སྐྱོང་བྱེད་དགོས། ་་་་་་ཟེར།
་་་་་་་་་་་་ དབུས་གཙང་གིས་གྲྭ་པ་དང་ཨ་ནེ་ཚོས་ཀྱས་ཆང་ས་རྒྱག་རྒྱུ་མགོ་འཛུགས་དགོས། འདས་པའི་བརྒྱ་ཕྲག་བཅུ་གསུམ་གྱི་རིང་ང་ཚོའི་མི་འབོར་ནི་ཇེ་ཉུང་ཇེ་ཉུང་དུ་ཕྱིན་ཡོད། ་་་་་་་་་་་ ཟེར། ཧཧ། །།
སྨྱུག་མིང་། མི་ལ་རང་བཙན་པ། ཁྱོད། དབུས་གཙང་པ། ཡིན་ན། ཡིན་དགོས། ཆོད་འདུག ཆེད་རྩོམ་ལེགས། བསྒྱུར་ཡང་བཟང་། ངས་ཀྱང་། ཟུར་བཀོལ་དང་། མཆན་བུ། བཏབ་ཡོད། གདའ།། །།
ངའི་མི་མང་ཧཧཧངའི་དབུས་གཙང་མི་མང་ཧཧཧ
རྩོམ་རྩལ་ལེགས། ཡིག་སྒྱུར་ཡང་ལེགས། གོ་རྒྱུ་ཆེན་པོ་འདུག འོན་ཀྱང་། གནད་དོན་འགའ་ཤས་ཐད། ཅུང་ཐལ་ཆ་ཆེ་དྲག་མེད་འགྲོ་བསམ་སོང་། གང་ལྟར། ཁྱེད་ཀྱི་ཚིག་ཟུར་རེ་ནས། བོད་བཙན་པོའི་རྣམ་ཤེས་དེ་མངོན་ཡོང་གི་འདུག དེ་ནི་འགུལ་ཤུགས་ཤིག་རེད། མུ་མཐུད་ཡིན་ཏ། འོན་ཀྱང་། གནད་དོན་འགའ་ཤས་ཐད་ཐུགས་བསམ་བཞེས་དགོས་ཀྱི་འདུག ལྷག་པར་དུ། ཆཽལ་ཁ་གཞན་ལ་ཁ་གཏད་གཅོག་བྱེད་ཡིན་ལུགས་ཀྱི་བཀའ་མོལ་དེ་རིགས་མེད་ན་བཟང་། བོད་འདི་དར་བར། ཆོལ་ཁ་གསུམ་དར་དགོས་པ་རེད། དེས་ན་དེའི་ཐད་ཟབ་ཙམ་གནང་དགོས། དེ་མིན་ཁྱེད་ཀྱིས་གསུངས་པ་ལྟར། དབུས་གཙང་མི་མང་དངོས་གནས་གཉིད་ལས་སད་རན་པ་དེ་དོན་དངོས་རང་རེད། ང་ཚོར་མི་ཤུགས་དང་དངོས་ཤུགས་ཚང་མ་ཡོད་ཀྱང་། ཐ་ན་ཚག་པར་གཅིག་ཀྱང་མེད་པ་རེད། དེ་ཚོའི་རྒྱ་མཚན་ག་རེ་ཡིན་ནམ། འོན་ཀྱང་། ཕྱོགས་གཞན་ཞིག་ནས་བཤད་ན། བོད་སྤྱི་པའི་རྩ་དོན་ཆེད་ཐུན་མོང་གི་བསམ་བློ་གཏོང་མཁན་དེ་དབུས་གཙང་རེད། དེར་ཕྱོགས་ལྷུང་མེད་པ་རེད། དེ་ནི་ཆོལ་ཁ་གཞན་ཚོས་ཀྱང་།་དཔེ་ལྟ་དགོས་པ་ཞིག་རེད།
གཉིད་དཀྲོག་ན་བཙན་བྱོལ་བའི་དབུས་གཙང་ཙམ་མིན་པར་བོད་ནང་གི་དབུས་གཙང་བའི་གཉིད་དེའང་དཀྲོགས་རོགས་གནང་། མི་༡༤༠ལྷག་གིས་སྐུ་ལུས་མེ་སྲེག་བྱས་རུང་དབུང་གཙང་བ་གཉིད་འདུག མདོ་ཁམས་སུ་ལ་རྒྱའི་གླུ་དབྱངས་འུ་རུ་རུ་བཟོ་རུང་དབུས་གཙང་བ་གཉིད་འདུག མི་རིགས་ཀྱི་བདེ་སྡུག་གླེང་བའི་རྩོམ་ཡིག་ཆར་རྗེས་ཤ་མོ་རྡོལ་བ་བཞིན་སྤེལ་རུང་དབུས་གཙང་བ་གཉིད་འདུག རྒྱལ་བའི་སྐུ་པར་གནམ་ས་གཉིས་སུ་བཤམས་དུས་དབུས་གཙང་བ་གཉིད་འདུག བོད་རང་བཙན་གྱི་འབོད་སྒྲ་སྒྲོག་དུས་དབུས་གཙང་བ་གཉིད་འདུག
ཁུག་ཁུག་ཐམས་ཅད་ལ་ཤོ་དང་མཱ་ཅང་རྩེ་ས་ན་དབུས་གཙང་བ་སད་འདུག ཆང་དང་སྦིར་རག་མཆོད་ས་ན་དབུས་གཙང་བ་སད་འདུག ཏང་ལ་བསྟོད་གླུ་ལེན་ས་ན་དབུས་གཙང་བ་སད་འདུག དར་དམར་འཕྱར་ས་ན་དབུས་གཙང་བ་སད་འདུག སྐྱེས་ཕོ་མཇེ་ཡོད་རུང་མོ་དང་འདྲ། དམན་མོ་སྟུ་ཡོད་རུང་མ་ནིང་འདྲ། གཉིད་དཀྲོག་ན་གང་མགྱོག་དཀྲོག་རོགས་གནོངས། ཧཧ
མདོ་ཁམས་ནང་ལ་རྒྱའི་གླུ་དབྱངས་ལེན་ན། ཁྲིམས་ལ་སྦྱར་གྱི་འདུག་གམ། མདོ་ཁམས་ནང་མེ་བསྲེགས་གཏོང་གི་ཡོད་ཀྱང་། ཕྱི་སྐྱོད་ལག་ཁྱེར་ད་དུང་བོད་རིགས་ལ་སྤྲོད་ཀྱི་མི་འདུག་གམ། གྲོགས་པོ། བོད་ནང་གི་དབུས་གཙང་དང་མདོ་ཁམས་གཉིས་ཀྱི་ཆབ་སྲིད་ཀྱི་མཁའ་དབུགས་དེ་གནམ་སའི་ཁྱད་པར་ཡོད་རེད། མདོ་ཁམས་ཀྱི་གཞས་པའི་གཞས་དེ་རིགས་དབུས་གཙང་ནང་ག་རེ་བྱས་ནས་གཏོང་ཆོག་གི་མེད་པ་རེདས྄་བསམ་གཞིགས་ཡག་པོ་བྱོས།
དབུས་གཙང་ལ་ཞན་ཆ་དང་ལེགས་ཕྱོགས་གཉིས་འདོམས་ཀྱི་རྩོམ་བྲིས་གནང་བར་བཀའ་དྲིན་ཡི་རང་དང་།
ཆོལ་ཁ་གསུམ་པོ་འདི་ཞི་དྲག་སྤྱང་གསུམ་འཛོམས་པའི་མི་རིགས་ཁྱད་ཆོས་ལྡན་པ་ཞིག་རེད།
ཡར་རྒྱས་ལ་་་་་དབུས་གཙང་པའི་ཞི་བ་སྣང་མེད་སྡུག་ཁུར་གྱིས་དོགས་ཟོན་མཉམ་ཅུང་གིས་ཞི་དལ་ཤུགས་ཆེ་བའི་ཐལ་ཆ་ཡར་རྒྱས་སྐུལ་འདེད་གཏོང་བར་ཁམས་ཨམ་མདོ་གཉིས་དགོས་ལ་་་་་ཁམས་ཨམ་མདོའི་ངར་ཤུགས་དང་དྲག་ཤུགས་ཀྱི་རང་ཚོར་ཤུགས་ཆེ་བའི་ཐལ་སྐྱོན་ལ་་་་དབུས་གཙང་མེད་ན་མི་རུང་པས།
སྤུན་ཟླ་འདི་གསུམ་་་་་་་་ངེས་པར་དགོས་ཀྱི་འདུག།
ཁམས་པ་ལ་ཡོན་ཏན་འདུག་་་་་དབུས་གཙང་ལའང་ཡོན་ཏན་འདུག་་་་་ཨམ་མདོ་ལའང་ཡོན་ཏན་འདུག་་་་་གསུམ་ཀ་ལ་ཡར་རྒྱས་གཏོང་དགོས་པ་ཡང་་་་་་ལོས་ཡོད།
འདི་གསུམ་ནམ་ཡང་བྲལ་མི་ཉན།
མུ་འགོད་མུ་འཐུད་ནས་ཡིན་ད་་བཤད་བསྡུར་ནི་ཡར་རྒྱས་ཀྱི་རྩ་བ་ཡིན།
དབུས་གཙང་ནི་ཆོས་སྲིད་གཉིས་གང་གི་ཐད་ནས་བསམ་ཀྱང་། བོད་པ་ཚང་ལ་བཀའ་དྲིན་ཧ་ཅང་ཆེ། དེ་ནི་ལོ་རྒྱུས་དང་ཆོས་ལུགས་ལ་རྒྱུས་མངའ་སྤུ་ཙམ་མེད་པ་ཞིག་ཡིན་ན་ཕར་བཞག། དེ་མིན་བོད་རྩམ་ཟན་ཞིག་ཡིན་ཕྱིན་སུས་ཀྱང་ཤེས། དེས་ན་བོད་པ་ཞིག་ཡིན་ན་ཕལ་ཆེ་བས་དབུས་གཙང་ནི་ཆོས་ཀྱི་འབྱུང་གནས་དང་སྲིད་ཀྱི་སྲོག་རྩ་། ལྷ་ས་ནི་ཆོས་སྲིད་ཀྱི་ཕ་ས་ངོ་མ་ཞིག་ལ་ངོས་འཛིན་དང་། དབུས་པ་ནི་སྤྱིའི་ཆ་ནས་རྣམ་དཔྱོད་དང་སྙིང་རུས་ཡ་རབས་དང་དྲང་བདེན་ཅན་ཞིག་ཏུ་བརྩི་བ་ལས་གང་ཡང་མི་ཤེས་པའི་ཕྱུག་ལྟ་བུ་ཞིག་ལ་ནམ་ཡང་བརྩིས་མེད། དེ་ལྟར་ཡང་དེང་སང་དབུས་གཙང་པ་ཡིན་ཟེར་བའི་མི་ཁ་ཤས་ཀྱིས་དབུས་གཙང་པ་ནི་སྒོ་ཁའི་ཁྱི་དང་བྲན་གཡོག་ལྟ་བུའི་སར་འཇོག་གི་ཡོད་པའི་ཚུལ་གྱིས་དབུས་གཙང་ཡར་ལངས་བྱེད་དགོས། གཞན་ལ་མཐབ་རྩོད་བྱེད་དགོས་མཐབ་ནས་རྣམ་པར་རྒྱལ་དགོས་ཞེས་ངར་ཤུགས་ཆེས་པོས་སྒྲོག་བཞིན་འདུག དོན་ངོ་མ་ཁོ་ཚོས་མཐབ་ས་རྒྱ་དམར་གཞུང་དང་བོད་ཀྱི་ཡ་རབས་བཟང་སྤྱོད་ཉམས་བཞིན་ཡོད་པ་དེ་ཡིན་ན་གནད་ལ་འཁེལ་བ་ཞིག་ཡིན་མོད། དོན་དངོས་ནི་ཁོས་མཐབ་རྩོད་བྱེད་ས་ནི་ཆོལ་ཁ་གཞན་གཉིས་དང་དེ་གཉིས་ལས་ཀྱང་ཁམས་རེད། ངས་བསམ་ན་དོན་འདི་ནི་ཕྱོགས་རེས་གདོན་གྱིས་མྱོས་པའི་མི་བུ་ཀླད་མེད་རེ་ཟུང་གི་བསམ་ཚུལ་ཙམ་ལས་དབུས་གཙང་པ་ཡོངས་ཀྱི་བསམ་པའི་ཁྱེར་སོ་ཞིག་ཡིན་པར་མི་འདོད། གལ་ཏེ་འདི་དབུས་གཙང་པ་ཡོངས་ཀྱི་འདོད་ཕྱོགས་ཞིག་དང། དེ་ཡང་དོན་དངོས་ལ་ལག་བསྟར་བྱས་ན་དེས་དབུས་གཙང་པ་ལ་རྒྱལ་ཁ་ཞིག་ཐོབ་ཡ་མེད་ལ་མདོ་དབུས་ཁམས་གསུམ་གང་ལའང་རྒྱལ་ཁ་ཞིག་ཐོབ་ཡ་མེད། དེས་ནི་ང་ཚོའི་ཕྲག་སྟེང་ནས་གནོན་པའི་དམར་གཞུང་ལ་རྒྱལ་ཁ་ཆེན་པོ་ཞིག་སྤྲད་པ་རེད། དེས་ན་ཤ་རུས་གདུང་རྒྱུད་གཅིག་ལ། འདས་པའི་དཀའ་ངལ་དང་། ད་ལྟའི་གནས་བབས། མ་འོངས་པའི་དམིགས་ཡུལ་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས། མདོ་དབུས་ཁམས་གསུམ་ལ་ཡོད་པའི་མི་བུ་ཀླད་སྐྱོན་ཅན་ཚོའི་རྗེས་སུ་གཡམ་རྒྱུག་མི་བྱེད་པར་རང་གི་རྣམ་དཔྱོད་བེད་དཔྱད་དེ་ལེགས་ཉེས་བླང་དོར་མ་ནོར་བ་བྱེད་དགོས། མ་གཞི་འདི་ལྟ་བུ་བཤད་མཁན་ཚོ་ནི། མདོ་དབུས་ཁམས་གསུམ་ལ་ཡོད་པའི་རང་གི་ཉེས་པ་མི་མངོན་པའི་ཐབས་ལ་བརྩོན་མཁན་དང་། ཡང་ན་གནས་སྐབས་ཀྱི་ཚོར་བ་ཐར་ཐོར་ཙམ་ལ་ལུས་ངག་ཡིད་གསུམ་ཐིམ་ཟིན་པའི་ཀླད་ཆུང་ཚོ་རེད། ངས་འདི་ནས་རང་གི་མྱོང་ཚོར་ཞིག་བཤད། དེ་ཡང་གནས་སྐབས་ཀྱི་ཚོར་བ་ཙམ་ལ་ཐིམ་པ་དེ་ཅི་འདྲ་ཞིག་རེད་ཟེར་ན། གལ་ཏེ་ཕོ་སར་ཞིག་བུ་མེད་ཅིག་ལ་སེམས་ཤོར་ན། རྒྱུད་རིམ་དེ་ནས་ཕོ་སར་དེས་ང་ལ་བུ་མེད་འདི་ཐོབ་པ་ནི་ངའི་དམིགས་ཡུལ་མཐའ་ཐུག་དང་། དེ་ཐོབ་ན་དེས་ངའི་བསམ་དོན་ཡོངས་སུ་གྲུབ་སོང་སྙམ། དེ་བཞིན་ཆོལ་ཁ་སོགས་ལ་ཧ་ཅང་ཕྱོགས་ཞེན་ཅན་ཚོས་ཀྱང་དེ་ལྟར་སེམས་བཞིན་ཡོད། དོན་དངོས་ང་ཚོའི་མི་རིགས་འདི་ལ་དགོས་ཡ་ནི། བོད་རིགས་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་ཁ་གཏད་ལས་རྣམ་པར་རྒྱལ་བ་དེི་ཡིན། དེ་ལྟར་བྱུང་ན་དེ་བོད་མི་རིགས་དང་འགྲོ་བ་ཡོངས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན། གཞན་ཆོལ་ཁའི་མཐབ་རྩོད་ཉི་ཚེ་བ་འདི་ནི་རང་གཞན་ཀུན་ལ་ཕན་མེད་གནོད་པའི་རང་བཞིན་ཅན་ཞིག་རེད། ཡང་གཅིག་བཤད་ན་ཁྱོད་ལ་བླ་ན་མེད་པའི་རྒྱལ་ཁ་ངོ་མ་དེ་ཐོབ་པ་ནི་རང་བཙན་དང་ཐོབ་པ་དེ་ཡང་མིན། དེ་ནི་ནང་གི་ཉོན་མོངས་པ་ལས་རྒྱལ་བ་དེ་ཡིན། གནས་ལུགས་དེ་མཐོང་ན་ཁྱོད་ལ་རིམ་པས་རྒྱལ་ཁ་ངོ་མ་དེ་ཐོབ་ཡོང་།ི
་་་རྩོམ་ཧ་ལས་པའི་ཡག་མོ་གདའ།