གོ་འཇོ་བསོད་ནམས་ནོར་བུ།
གཞིས་ལ་རང་བཙན་རྩོད་ན་རྒྱ་ཡིས་ཟིན་ཞིང་།།
བྱེས་ལ་རང་བཙན་འབོད་ན་བོད་ཀྱིས་ཕུད་པས།།
ད་ནི་རང་བཙན་ཞེས་པའི་ཚིག་དོན་གཉིས་ཀ །
བོད་མིའི་འཇིག་རྟེན་ཁྲོད་ནས་ཤི་ལ་ཉེ་འདུག །
མི་ཚེ་མེས་རྒྱལ་རང་གི་སྲོག་བཞིན་བསྲུང་བའི།།
དྲང་བདེན་གཅེས་རྒུའི་སྐྱེ་བོར་དྲིན་ལན་ལྟ་ཞོག །
ཇ་ལན་གཅིན་དང་ཟས་ལན་སྐྱག་པས་འཇལ་བའི།།
བོད་མི་འདི་དག་མཐོང་ན་སྙིང་རྡོག་གས་འགྲོ །
འཇོན་པོའི་མི་ཞིག་གོང་དུ་ཡར་ལ་འཛེགས་ན།།
ཕྲག་དོག་ཚིག་གིས་རྐང་ནས་མར་ལ་འཐེན་ཏེ།།
འདོ་ཆེན་རྟ་ཕོའི་ལམ་ཁ་བོང་བུས་བཀག་ཅིང་།།
ད་དུང་འཛམ་གླིང་རྗེས་སུ་ལྷག་པ་ཨེ་དགོངས།།
གོང་ན་རྒྱལ་བ་བཞུགས་ལ་སེམས་རྩ་དྲོ་ཡང་།།
འོག་ཏུ་འབངས་མི་འགའ་རེ་མི་གྲལ་མི་འདུག །
སྤྱན་གཟིགས་སྐུ་ཤ་རློན་པ་བཟུང་བ་བདེན་ན།།
ད་ནི་ཕྱག་སྟོང་སྤྱན་སྟོང་ཅུང་ཟད་གཡོ་རན།།
གཞིས་མི་རྒྱ་ཡི་འོག་ཏུ་འགུལ་སྐྱོད་དཀའ་ཞིང་།།
གཞོན་ནུ་བྱེས་མིའི་མདུན་ན་འགྲོ་འདུག་དཀའ་བ།།
ཕྱི་ནང་བོད་མིའི་སྣང་ཚུལ་ཡིད་ལ་འཁོར་ན།།
སྙིང་འདི་བྱང་ཁོག་སྦུག་ནས་ཁ་ལ་ཐོན་ཡོང་།།
གཞིས་པས་རང་བཙན་དགོས་ཞེས་མེར་སྲེག་བྱེད་དུས།།
བྱེས་པས་དབུ་མའི་ལམ་ནས་ཁྲོམ་སྐོར་རྒྱག་པ།།
ཆོས་ལྡན་རྒྱལ་ཁབ་ཅིག་གི་འཐབ་རྩོད་ཡིན་ནམ།།
ཉམ་ཆུང་བོད་མི་འཚོང་བའི་རྒྱལ་བཙོང་དངོས་ཡིན།།
བོད་རང་བཙན་འཐབ་རྩོད་པ་ཀརྨ་ཆོས་འཕེལ་གློ་བུར་སྐུ་གཤེགས་པའི་རྐྱེན་བྱས་ཏེ་མྱ་ངན་དང་བཅས་ཡི་གེར་བཏགས།
3/ 2/ 2016