ལྗགས་མདའ།
ཉིས་སྟོང་བཅོ་ལྔ་ལོ་ནི་རང་རེའི་བོད་ལ་མཚོན་ན། དམིགས་བཀར་གྱིས་གླེང་དགོས་པའི་ལོ་ཟླ་ཞིག་དང་། ཡང་ན་མི་གླེང་ཐུ་མེད་དུ་ཆགས་པའི་ལོ་ངོ་ཞིག་ཏུ་སེམས། ངས་འདི་ལྟར་གླེང་དོན་ཡང་གཞན་མ་ཡིན་ཏེ། ཉིས་སྟོང་བཅོ་ལྔ་ལོ་ནི་སྤྱི་བོ་གནམ་བསྟན་གྱི་མགོ་ནག་བོད་པ་ཐུན་མོང་གི་བགོ་སྐལ་དུ་བྱོན་པའི་སྐྱེས་ཆེན་གསེར་གྱི་ཉི་མ་འདྲ་བ་ཞིག་ལོ་རྒན་ཧྲིལ་བོ་བརྒྱད་ཅུར་སོན་པའི་དུས་སྟོན་དུ་ཆགས་པ་དང་། ཡང་། བོད་པའི་སྤྱི་ཚོགས་རང་ལྡོག་ནས་བལྟས་ན་ཚོགས་འདུ་དང་ཚོགས་འདུ་སྐོང་བ། བྱ་དགའ་དང་བྱ་དགའ་སྩོལ་བ་སོགས་བཟང་ལད་ངན་ཆགས་ཀྱི་ཆོ་ལོ་ཤིན་ཏུ་མང་བའི་ལོ་ཞིག་ཡིན་པར་མ་ཟད། འཚོ་གནས་དཔལ་འབྱོར་གྱི་གོམ་ཁ་སྲང་ལ་གཞལ་བའི་མི་འུར་རྟ་འུར་གྱི་ལོ་ཞིག་ཀྱང་ཡིན་པས།
དང་བོ། གཟིགས་བཟོས་ཀྱི་བྱ་དགའ་དང་ང་ཡི་རྣམ་རྟོག
ཉེ་བའི་ལོ་སྔ་མ་དག་དང་བསྡུར་ན་ད་ལོ་ནི་གཞུང་སྒེར་གྱི་ཚོགས་འདུ་དང་གཟིགས་བཟོས་ཀྱི་བྱ་དགའ་མང་བའི་ལོ་ཞིག་ཡིན་ལ། བྱ་དགའ་དང་བསྟོད་ར་སྣ་ཚོགས་ལ་ཁ་གདངས་ཤིང་མིག་ཅེར་མཁན་ཚོའི་བློ་ལ་འགྲོ་བའི་ལོ་ཞིག་ཀྱང་ཡིན་པར་ངེས། བོད་ནི་མ་གཞི་ནས་ཆོ་ལོ་དང་བྱ་དགའི་རིགས་ལ་མོས་པར་གྱུར་ནས་གཞན་གྱི་གཡོ་འོག་ཏུ་ཚུད་པའི་ལོ་རྒྱུས་ཤིན་ཏུ་མང་ཡང་། དེ་ནི་གླེང་བྱ་དངོས་དེ་མིན་པས་རེ་ཞིག་བཏང་སྙོམས་སུ་བཞག་པ་ཡིན།
ད་ལོར་རྒྱལ་ཡོངས་གངས་རྒྱན་རྟགས་མའི་བོད་ཀྱི་རྩོམ་རིག་བྱ་དགའ་སྐབས་གསུམ་པ་དེ་གནའ་མཁར་ཟི་ལིང་དུ་བསྡུས་ཤིང་། འདི་ནི་ལོ་བཅུའི་ནང་དུ་ཐེངས་གཅིག་རེ་མ་གཏོགས་སྤེལ་གྱི་མེད་ཅིང་། བོད་ཁམས་ཡོངས་ལ་ཁ་ཕྱོགས་པའི་རྩོམ་རིག་གི་ཆེས་མཐོའི་བྱ་དགའ་ཞིག་ཡིན་པར་གླེང་ཡང་། བོད་ཁུལ་གྱི་རྩོམ་རིག་སྣང་ཚུལ་གྱི་སྐོར་ལ་ཐུགས་མཉམ་བཞེས་པར་སྐད་པའི་དགེ་རྒན་དཔལ་མོ་སོགས་ཀྱིས་རང་གི་བརྩམས་ཆོས་ལ་བྱ་དགའ་མ་འཐོབ་ཚུན་ཆོད་དུ་གཟེངས་སྐྱེས་འདིའི་མིང་ཙམ་ཡང་གོ་མྱོང་མེད་པ་ལབ་ཅིང་གཞན་དག་མང་བོ་ཡང་དེ་འདྲ་ཡིན་ཚོད་བསམས་ན། རྐྱལ་གོག་མཐིལ་བརྡོལ་གྱི་ཚུལ་དུ་མངོན་ཏེ་ཚོང་དཔོན་སེམས་བཟང་སྐོར་ཞིག་གི་སྒོར་མོ་རང་ཕྱོགས་ངན་ཐབས་ཀྱི་སྦྱོར་བས་རང་གནོང་ཅི་ཆེ་ཞིག་བཟོས་ཨེ་སྙམ། དེ་མིན་ན་བོད་ཁམས་ཡོངས་ཀྱི་རྩོམ་རིག་བྱ་དགའ་རྩེ་གྲ་ཞིག་ཡིན་ན་ནི་འཆར་ཅན་གྱི་ལས་དག་མངོན་བསྒྲགས་བྱས་ཏེ་སོ་སོའི་ཀློག་པ་པོ་དག་གི་བསམ་འཆར་ལ་ཉན་པ་ནི་དོན་ལྡན་གྱི་བགྱི་བ་ཞིག་མིན་གྲང་། བྱ་དགའ་ཐོབ་པའི་བརྩམས་ཆོས་ཡོངས་སུ་རྫོགས་པ་མཐོང་ཐོས་ཀྱི་བགོ་སྐལ་དུ་མ་རེག་ཀྱང་བརྩམས་ཆོས་རེ་གཉིས་བཀླགས་པའི་མྱོང་ར་གྱིས་ནི་ལོ་བཅུ་ནང་ཚུན་བརྩམས་ཆོས་འདི་ལྟ་བུ་ལས་འཁྲུངས་ཀྱི་མེད་ན་ནི་བོད་ཀྱི་རྩོམ་རིག་ཟེར་བ་ནི་ཇི་འདྲའི་ཉམ་ཆུང་བ་ལ་ཨང་། འདི་ནི་དཔྱད་འདེམས་པའི་སྐྱོན་དུ་འགྲོའམ་གཙོ་སྒྲུབ་པ་གང་ཞིག་ལན་པའི་ཡ་ལན་རང་གིས་རང་ལ་མ་རྙེད། བྲག་གི་སྙིང་ཁམས་ལྡན་པ་འདི་དག་གིས་ནམ་ཞིག་འཛམ་གླིང་རྟགས་མའི་རྩོམ་རིག་བྱ་དགའ་ཞེས་ཆོ་མེད་ལུགས་མེད་ཀྱི་ལས་ཀ་འདི་རིགས་མི་སྤེལ་བའི་གདེང་ཞིག་སུ་ལ་ཡོད།
གཞན་ཡང་སྐབས་བཞི་བའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ། སྐབས་ལྔ་བའི་ཟླ་ཟེར་རྩོམ་རིག་བྱ་དགའ། སྐབས་བརྒྱད་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་སོགས་བོད་ཁམས་ཀྱི་རྩོམ་རིག་བྱ་དགའ་མཐོ་ཤོས་དག་ཀྱང་འབྲོག་པའི་ཟོག་ལུག་གི་གོང་ལྷུང་བ་ཇི་བཞིན་ལོ་རེ་ནས་ལོ་རེར་ཇེ་ངན་ཇེ་སྡུག་ཏུ་འགྲོ་བཞིན་པ་ལ་སུ་ཡིས་བསྙོན། ལྷག་དོན་ཟླ་ཟེར་རྩོམ་རིག་བྱ་དགའི་ཚོགས་འདུ་ལ་བོད་ཡིག་གི་འབྲུ་གཅིག་ཀྱང་མེད་པར་གྲྭ་བཙུན་སྙན་ངག་པ་རྩེ་སྨིན་གྲོལ་སོགས་ཡི་གེ་བ་མང་མང་ཞིག་གིས་མི་འཐད་པའི་རྣམ་འགྱུར་ཙམ་བསྟན་པའི་ཚིག་ཕྲེང་འགའ་ལས་དགེ་བཤད་སྡིག་བཀྲོལ་གྱི་ལས་མ་བགྱིས་པ་ནི་མ་ཡག ཡོད་ན་ཡོད་ཀོ་དང་མེད་པས་མེད་གོ་མི་ཆོད་པའི་རྩོམ་རིག་བྱ་དགའ་འདི་དག་ལ་ད་སྔ་གྲོགས་སྒྲེན་པོས་ཉིས་སྟོང་བཅོ་ལྔ་ལོའི་བོད་ཀྱི་རྩོམ་རིག་སྣང་ཚུལ་ལ་བལྟས་པ་ཞེས་པ་ལས་གཞན་མ་བྱུང་བ་ནི་ཤིན་ཏུ་ཕངས་པའི་གནས་རེད། དེས་ཀྱང་སྤྱི་ལས་བྱེ་བྲག་མ་བཟུང་བ་ནི་ལེགས་པར་མ་མཐོང་ངོ་།། ཕྱོགས་གཞན་ནས་བཤད་ན། འདི་ནི་བོད་ཀྱི་རྩོམ་རིག་དཔྱད་འཇོག་པ་དག་གི་ཕྲག་ཏུ་བབས་པའི་ཡོལ་མེད་ཀྱི་འཁྲི་ཆ་ཉག་ཅིག་ཏུ་འདོད་པས་དེ་དག་གིས་གནད་ཅན་གྱི་བསམ་འཆར་འཇོ་རོགས།
སྤྱི་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་རྟགས་གསལ་འགྲན་ཚོགས་སྐབས་དང་བོ་དེ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས་ཤིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་ཀྲུང་ཧྲན་སློབ་ཆེན་སོགས་ཀྱི་ཆེད་ལས་མི་སྣ་དང་མཚོ་སྔོན་ཞིང་ཆེན་ཚད་མ་རིག་པའི་ཁྱབ་ཁོངས་ཀྱི་མིང་དུ་གྲགས་པའི་དགེ་བཤེས་སོགས་ཚོགས་འདུར་ཞུགས་ཏེ་ཁྲིད་སྟོན་གནང་ཞིང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། བོད་ལྗོངས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་སོགས་མཐོ་རིམ་སློབ་ཆེན་བཅུ་ཡི་དགེ་སློབ་འཐུས་ཚབ་པ་དང་། མཐོ་རིམ་སློབ་ཆེན་སོ་སོའི་ཆེད་ལས་རང་བཞིན་གྱི་སྣེ་ཁྲིད་དགེ་རྒན་གཅིག འགྲན་ཞུགས་སློབ་མ་གསུམ། རབ་འབྱམས་ཞིབ་འཇུག་སློབ་མའི་འབྲེལ་ཡོད་ཆེད་ལས་དང་འགྲན་ཞུགས་ཀྱི་སློབ་ཆེན་སོ་སོའི་འགྲན་ཞུགས་རབ་འབྱམས་ཞིབ་འཇུག་སློབ་མ་གསུམ་བཅས་ཞུགས། འདི་ནི་ཕྱི་ནས་བལྟས་ཚོད་དུ་ཁྱབ་རྒྱ་དང་སྒྲིག་བཀོད་སོགས་གཞན་ལས་ཚགས་དམ་ཞིང་གོ་རིམ་ལྡན་པ་ཞིག་ཏུ་སྣང་། བསམས་ཤིང་བསམ་ན། འདི་ནི་ཉིས་སྟོང་བཅོ་ལྔ་ལོའི་རིག་གནས་ཀྱི་སྣང་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་མ་ཟད། མང་མང་གིས་དགའ་བསུ་བྱེད་ཀྱི་ཡོད་པ་མཐོང་།
ཁོ་བོ་མི་སྒེར་གྱི་ངོས་ནས་བལྟས་ན་འདི་ནི་དགོན་སྡེའི་སློབ་གསོ་དེ་དེང་རབས་བོད་ཀྱི་སློབ་ཆེན་ཁག་ཏུ་གོམ་པ་དངོས་སུ་སྤོས་པའི་མངོན་རྟགས་འཁྲུལ་མེད་དུ་མཐོང་བས། ལོ་ཁ་ཤས་ཀྱི་སྔོན་ནས་བོད་ཀྱི་དགོན་སྡེ་སློབ་གསོ་རྐྱང་བའི་ཐུ་འོག་ནས་འཚར་ལོངས་ནས་བྱུང་བའི་བན་ལོག་སྐོར་ཞིག་དང་དགེ་བཤེས་སྐོར་ཞིག་བོད་ཀྱི་སློབ་ཆེན་ཁག་ཏུ་གོམ་པ་སྤོ་མགོ་ཚུགས་ཤིང་དེས་བསྐྱེད་པའི་འབྲས་བུ་ད་ད་མངོན་གྱིན་ཡོད་པ་མ་ཡིན་ནམ་སྙམ། གོང་གི་ཐིག་ཤིང་གི་འཁྱོག་རིས་དེས་ནི་བོད་ཀྱི་སྐྱ་བོའི་སློབ་གསོ་དུས་མིན་འཆི་གེགས་ཀྱི་ལམ་དུ་དེད་པ་དང་ལང་ཚོ་དར་བབ་ཀྱི་བོད་ཀྱི་གཞོན་ནུ་རྣམས་ནི་སྐྱ་མིན་སེར་མིན་གྱི་གནས་སུ་བསྒྱུར་དང་སྒྱུར་བཞིན་གདའ། མི་ཚུལ་བསམ་བློའི་སྲོག་ཤིང་དུ་གྱུར་བའི་བོད་ཀྱི་སློབ་ཆེན་ཁག་ཏུ་དགོན་སྡེའི་སློབ་གསོས་ཁེབས་པར་བྱེད་པ་ནི་ཤིན་ཏུ་མ་རུང་ངོ་།།
མི་ཚུལ་བསམ་བློ་ཡི་བློ་སྣ་གསར་དུ་རྒྱས་བཞིན་པའི་བོད་ཀྱི་སློབ་ཆེན་ཁག་གི་སྣ་ཐིག་ནི་ཆོས་སྨྲ་སྒོར་དགའ་ཅན་རེའི་ལག་ཏུ་འཇོག་པ་ནི་མི་རིགས་ཀྱི་སད་རྟོགས་འབྱུང་བར་ལམ་བགེགས་བྱུང་བ་ཁོ་ནའོ།། དེས་ནི་འགྲོ་མིའི་ཡོངས་ཁྱབ་རིན་ཐང་དུ་སོང་བའི་ཐོབ་ཐང་དང་རང་དབང་སོགས་ལ་གཙི་མཐོང་མེད་པར་ཚིག་འགྲེལ་ཡང་འགྲེལ་གྱི་ལྕགས་ར་བཟོས་ཏེ་བསམ་བློའི་གཅུན་སྡོམ་བྱེད་པར་མ་ཟད། མི་རྣམས་སད་རྟོགས་འབྱུང་བའི་དགག་སྒྲུབ་རིག་གནས་རྨེག་མེད་བཟོ་བའི་གྲབས་གཤོམ་ཏེ་ཁེར་ཚུགས་ཀྱི་བསམ་བློ་དང་སྒེར་ཚུགས་ཀྱི་མི་གཞི་བྲལ་བའི་གཡང་མོ་ལུག་ཏུ་བསྒྱུར་བའོ།།
བོད་རིག་པའི་གཞུང་བརྒྱའི་བགྲོ་གླེང་ཐེངས་གསུམ་པ་དང་སྐབས་གསུམ་པའི་སྲོང་བཙན་རིག་པའི་བྱ་དགའ་གནང་བའི་ཚོགས་ཆེན་དེ་སྤྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་དང་ཚེས་བཅུ་གསུམ་ཉིན་གཉིས་ཀྱི་རིང་ལ་མཚོ་སྔོན་དུ་བསྡུས།གཞུང་བརྒྱའི་བགྲོ་གླེང་ཞེས་པའི་ཚོགས་ཆེན་འདི་ནི་མཚོ་སྔོན་སྲོང་བཙན་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་། མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་བྱེད་བཞིན་པའི་ཚོགས་འདུ་ཞིག་རེད། ཚོགས་ཐོག་ཏུ་དགེ་བཤེས་ཆེན་མོ་རྟོག་གྲོལ་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་སྙིང་ཁམས་ཆེན་པོ་དང་ལྡན་པའི་སྒོ་ནས་ཧོབ་བཤད་རྒྱ་ཆེན་བྱས་པ་ཕྲན་གྱིས་ཐོལ་རྩོམ་བླ་རྒན་སྐོར་ཞིག་དངོས་གནས་ཧོན་ལོག་འདུག་ཅེས་པའི་ཐད་བྱུང་བྲིས་པ་དེ་ལྟར་འཚལ། ད་ལྟ་བསམས་ན། དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་དང་རྨེ་རུ་ཡུལ་ལྷ་ཐར་སོགས་ཀྱང་ཚོགས་ཐོག་ཏུ་གདན་དྲངས་པ་ནི་ཚོགས་འདུ་གང་གི་ངོ་བོའི་བསྐལ་དོན་གཞན་ལ་མི་སྟོན་པའི་ཆེད་དུ་ཡིན་པ་ལས་གང་ཉིད་ཀྱི་མི་ཚུལ་གྱི་བསམ་བློ་ལ་མཐོང་སྤྲད་པ་གཞར་ནས་མིན་འདུག བརྒྱ་ལ་ཁོ་ཚོས་གང་ཉིད་ཀྱི་བསམ་བློ་ལ་བཀུར་གཟོ་དང་མཐོང་སྤྲད་པ་ཡིན་ན་ནི་ཚོགས་འདུ་གང་ཉིད་ཚོང་རྫས་སུ་བསྒྱུར་མི་དཔེ་ལ་བསྒྱུར་ཡང་མེད། དེ་བས་མི་ཚུལ་བསམ་བློའི་དགེ་རྒན་དག་གིས་ཀྱང་ནམ་མཁའ་མཐོང་ཚད་འཕུར་ས་དང་ས་གཞི་རིག་ཚད་འབབ་ས་མིན་པར་མཁྱེན་པར་ཐལ་ལོ།།
ད་ལོ་སྟེ་སྐབས་གསུམ་པའི་སྲོང་བཙན་རིག་པའི་བྱ་དགའ་ཨ་ལགས་བཞག་པ་རིན་པོ་ཆེ་དང་དགེ་བཤེས་འཇམ་དཔལ་བློ་ཤེས། གསེར་རྟ་བླ་རུང་གི་མཁན་པོ་རིག་དར། རྒྱལ་མོ་འབྲུག་པ། ཨ་རིག་འབྲུག་གྲགས་སྤྲུལ་སྐུ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ་བཅས་བོད་ཀྱི་རིག་གནས་ལ་མཛད་རྗེས་ཆེ་བའི་རླབས་ཆེན་གྱི་མི་སྣ་དྲུག་ལ་ཐོབ།སྲོང་བཙན་རིག་པའི་བྱ་དགའ་ལ་སྒོར་ལྔ་སྟོང་དང་། བྱ་དགའི་དཔང་ཡིག བྱ་དགའི་རྟགས་མ་བཅས་སོ།།གོང་གི་གནས་ཚུལ་འདི་དྲ་ལམ་དུ་ཐོན་མ་ཐག་ཏུ། གྱང་ནག་ཁ་སྦྱོར་གྱི་ལས་ཡིན་པའི་ངག་འཕྲོས་བྱུང་བ་མང་དུ་འཕྲད་ཀྱང་། མེས་འཚིག་མེར་གཏུགས་ཀྱིས་སུན་ཕྱུང་དགག་སྒྲུབ་གནང་མཁན་མང་བོ་མ་བྱུང་། ན་གཞོན་རྩོམ་འབྲི་བ་སྒེའུ་ཁུང་ལགས་ཀྱི་སྨད་འཚོང་མ་ལྟ་བུའི་སྲོང་བཙན་བྱ་དགའ་ཞེས་པའི་འབོལ་རྩོལ་དེས་མང་བོ་ཞིག་གི་བསམ་ཚུལ་མཚོན་པ་བཞིན་གང་སར་བརྒྱུད་བསྐུར་བྱེད་ཀྱི་འདུག
གཞན་ཡང་། རྨ་དགོན་གསེར་འཁོར་གྱི་དགོན་དེབ་ལོ་ཡི་འཁོར་མོ་བཅུ་ལོན་པའི་དུས་སྟོན་མཛད་སྒོ་རང་གི་མི་ཚད་པ་ཞིག་སྤེལ་ཞིང་། ད་ལྟ་ཀུན་གྱི་མཐོང་ལམ་དུ་རྒྱུ་བཞིན་པའི་ལྡོང་ཡོན་ཏན་ལགས་ཀྱི་བྲན་གཡོག་བྱེད་མི་འདོད་ན་རིག་གནས་སྦྱོངས་ཞེས་པའི་རྩོམ་ཡིག་ཅིག་ལ་རྩོམ་རིག་གི་བྱ་དགའ་གནང་བ་ནི་དངོས་གནས་ངུ་དགོད་གཉི་ག་སློང་བའི་རྒྱུ་རུ་ཟད། རྩོམ་རིག་ཅེས་པ་ནི་སྒྱུ་རྩལ་ཡོན་ཏན་གྱིས་ཀུན་ནས་ཕྱུག་པའི་ངག་རིག་གི་ཐབས་རྩལ་ཞིག་ཡིན་པ་ཀུན་གྱིས་མཁྱེན། འོ་ན། གོང་གི་རྩོམ་ཡིག་དེ་ནི་སྒྱུ་རྩལ་རྩོམ་རིག་གི་ཚད་ཤིང་གི་སྟེང་དུ་བཞག་ན་ཇི་འདྲའི་འཁོས་ཞན་ཞིག་རེད་ཨང་།
འུ་ཅག་ལ་རྩོམ་རིག་དང་རྩོམ་རིགས་ཀྱི་དབྱེ་ཁྱད་འབྱེད་པའི་བློ་གྲོས་ཙམ་ཡང་མེད་སོང་བ་ཡིན་ནམ། ལྷག་དོན་ཁོང་ལ་སློབ་གསོའི་གཟེངས་སྐྱེས་དང་བོ་གནང་བར་དེ་བས་ཀྱང་དགོད་ཁ་ཤོར་ནས་མ་བཟོད་པར་བདག་གིས་གངས་ལྗོངས་སློབ་གསོ་ཨང་དང་བོ་དང་འབྲེལ་བའི་གཏམ་ཐོར་བུ་ཞེས་པའི་རྩོམ་ཐུང་ཞིག་སྤེལ། མ་ཟད། མང་བོས་ཁ་རྡུང་ཤུགས་དྲག་བཏང་བར་རྩོམ་སྒྲིག་པས་དེ་ལུགས་མིན་ཚུལ་གྱི་རྩོམ་འཁྱོག་འགའ་རེ་ཤུ་རེམས་ཀྱིས་དྲ་དེབ་སོགས་སུ་འཇོག་ཁུལ་བྱས་ཤིང་། དེ་ལ་ཡང་ཚིག་ཁྲལ་ཁྲུལ་གྱིས་གཡོ་བཟོ་བྱས་ཏེ་རང་རྔ་ཕྱི་ལ་ཕུད་འདུག་པ་ནི་བྱིས་པའི་རྩེད་འཇོར་ཁོ་ནར་ཟད་པས་འདིར་གླེང་རན་མ་མཆིས་སོ།།
དེ་མིན་སྙན་ངག་པ་གཉན་དང་འཐོར་རླུང་། ཐེའུ་རང་སོགས་ཀྱིས་གྲོས་མགོ་བཟུང་ནས་ལོ་རེའི་སྤྱི་ཟླ་བདུན་པའི་ཚེས་ཉེར་དྲུག་ནི་བོད་ཀྱི་སྙན་ངག་པའི་མཚན་མོར་གཏན་དུ་འཁེལ་ཞིང་། ཡུལ་ཕྱོགས་མི་གཅིག་པའི་བོད་ཀྱི་སྙན་ངག་པ་རྒན་གཞོན་གང་མང་གིས་ཕྱོགས་སོ་སོ་ནས་རང་མོས་སྒོས་འདུ་ཚོགས་བསྡུས་ཤིང་། སྐད་ཚོམས་སོགས་སུ་སྙན་ངག་པ་མང་བོ་མཉམ་ཞུགས་བྱས་ཏེ་འཁྲུག་ཆ་དོད་པོ་བྱུང་། གཉན་ལགས་ཀྱིས་གཞུང་དང་འབྲེལ་བའི་དུས་དེབ་དང་ཚོགས་འདུ། གཟེངས་སྐྱེས་སོགས་སུ་ཚུད་པར་མི་བྱ་བའི་ཁས་ལེན་དམ་བཅའ་གནང་བ་ནི་སྙན་ངག་ལ་ཡིད་སེམས་རབ་ཏུ་དཀར་ཞིང་སྤོབས་པ་གཟེངས་སུ་མཐོ་བའི་བོད་ཀྱི་སྙན་ངག་པ་ཞིག་གི་དད་འདུན་གཙང་མ་མ་ཡིན་ནམ།
ད་རུང་2015 ལོའི་མི་རིགས་ཀྱི་རྩོམ་རིག་གི་ལོ་མཇུག་བྱ་དགའ་དང་དབུས་ཕྱོགས་ནས་སྤེལ་བའི་རྩོམ་རིག་བྱ་དགའ་མང་ཙམ་ཡོད་པ་ནི་རྩོམ་རིག་དཔྱད་འཇོག་དག་གི་ལས་སྐལ་དུ་བཞག་པ་ཡིན་ལ། སྤྱི་ཟླ12པའི་ཚེས་27ཉིན། ཚོ་ཤོག་གསར་བའི་ཚོང་ལས་དཔུང་སྡེ་ཡིས་བོད་ཀྱི་ན་གཞོན་ཚོང་ལས་པའི་འདུ་ཚོགས་སྐབས་དང་བོ་མཚོ་སྔོན་དུ་བསྡུས་པ་དེ་ནི་འདུ་ཚོགས་གཞན་དང་གཞན་ལས་དོ་སྣང་དང་དགའ་བསུ་བྱེད་རན་ཡོད་པའི་ངོ་བོ་གསར་བའི་འདུ་ཚོགས་དོན་སྙིང་ལྡན་པ་ཞིག་ཏུ་མཐོང་།
གཉིས་པ། དུས་དྲན་དང་ང་ཡི་སྐད་ཆ།
དྲན་པ་ནི་འཚོ་གནས་ཀྱི་སྙིང་བོ་འདོད་པ་དང་དྲན་པ་བོར་བའི་དུས་དང་བསྐལ་ བ་ནི་རང་ཉིད་བོར་བའི་དུས་ཚོད་གང་ཞིག་ཡིན་པར་གོར་མ་ཆག བསམ་བློའི་ཚད་ཤིང་ཡང་དྲན་པ་ཉེར་བཞག་གི་རྒྱུ་ལས་བྱུང་། འུ་ཚོས་དྲན་པ་ལ་བསྟེན་པ་ནི་སྐྱོ་གར་མི་འབྱུང་བའི་ཆེད་དང་། དུས་རབས་ཉི་ཤུ་བའི་ནང་ཆེས་གླེང་རིན་པའི་ཡོད་པའི་སྐྱེས་ཆེན་དམ་པ་དགེ་ཆོས་དང་རང་གྲོལ། པཎ་ཆེན་བཅུ་བ་མཆོག་རྗེས་སུ་དྲན་པ་ནི་རང་ཉིད་མུན་དོང་གི་ཞབས་སུ་མི་འཛུལ་བ་དང་སྐྱོ་གར་མི་འབྱུང་བའི་ཆེད་དུ་ཡིན་ལ། བདེན་པ་ལ་རྒྱབ་འགལ་མི་བྱེད་པའི་ཚེ་བླ་སྲོག་གསུམ་གྱི་རྟེན་གཞི་ཡང་ཡིན།
ལོ་ངོ་ག་ཚོད་ཅིག་གི་སྔོན་ནས། འུ་ཚོའི་རིག་གནས་པའི་སྡེ་ལ་ཡང་སད་རྟོགས་ཅུང་ཙམ་བྱུང་སྟེ་དགེ་ཆོས་དང་དོན་གྲུབ་རྒྱལ། པཎ་ཆེན་བཅུ་བ་མཆོག ལུང་ཤར་རྡོ་རྗེ་ཚེ་རྒྱལ། སྙན་ངག་པ་ཡི་དམ་ཚེ་རིང་སོགས་རྗེས་སུ་དྲན་པའི་འདུ་ཚོགས་རབ་དང་རིམ་པ་སྐོང་བའི་སྲོལ་ཞིག་ཆགས་ལ། ད་ལོ་སྔོན་དང་མི་འདྲ་བ་ཞིག་ལ། སྐུ་ཞབས་དོན་གྲུབ་རྒྱལ་ལ་རྗེས་དྲན་བྱེན་མཁན་ནི་ཕྱི་དང་ནང་། སྐྱ་སེར་ཕོ་མོ། མི་སྒེར་དང་ཚོགས་པ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ་མེད་པར་ཡུལ་གྲུ་སོ་སོ་ན་གཞི་རྒྱ་ཆེན་པོས་སྤེལ་བཞིན་འདུག་ལ། དེ་ཡང་སྔོན་མ་ནང་བཞིན་རྗེས་དྲན་རྩོམ་ཡིག་ཁོ་ན་ཙམ་མ་ཡིན་པར་བརྙན་ལམ་གཟུགས་གཏོང་གི་སྲོལ་གསར་བ་ཞིག་གི་ཡོ་ལང་རྣམ་པར་ཕྱེས། རྗེས་དྲན་གྱི་ནང་དོན་དང་ངོ་བོ། རྣམ་པ་སོགས་འདིར་ཡིག་ཚོགས་ལ་འཇིགས་པས་མ་བྲིས་མོད། ཞིབ་ཏུ་ཤེས་འདོད་པ་དག་གིས་དགུ་རོང་སྤུན་གྲོལ་སོགས་ཀྱི་སྐད་འཕྲིན་རྒྱབ་ལོགས་སུ་ཤད་ཙམ་བལྟས་པས་འཐུས།
ད་ལོར་རང་གྲོལ་གྱི་དུས་དྲན་སྐོར་ལ་མི་མཐུན་པའི་བཞེད་པ་མང་བོ་མེད་ཀྱང་། པཎ་ཆེན་མཆོག་གི་དུས་དྲན་བྱེད་སྟངས་སྐོར་ནས་མི་མཐུན་པ་འགའ་རེ་བྱུང་སྟེ། ཁ་ཅིག་ཧོར་ཟླ་ལྟར་བརྩི་དགོས་པ་དང་། ཁ་ཅིག་སྤྱི་ཚེས་ལྟར་རྩི་དགོས་ལུགས། ཡང་བཀྲ་ཤིས་ལྷུན་པོ་སོགས་ནས་གཞན་ལ་ཚེས་གྲངས་མི་འཁྲུགས་པའི་ཆེད་དུ་དུས་ཚོད་གཞན་ཞིག་གཏན་འཁེལ་བཟོས་པ་སོགས་དྲ་ལམ་ནས་འདོད་ཚུལ་ཤོད་མཁན་མང་བོ་ཡོད་ལ། ཡེ་ལོ་ལྟར་བརྩིས་ན་ཤིན་ཏུ་འཕྲོད་པའི་སྣང་བ་ཡོད་པར་མ་ཟད། དེ་ལྟར་བྱས་ན་ནི་སྐྱེས་ཆེན་ཁོང་ས་ཁོངས་རང་བཞིན་ལས་བརྒལ་བའི་གདེང་ཞིག་སྤྲད་ཅིང་མགོ་རྙོག་དཀྲུགས་པ་ཡང་རིམ་གྱིས་ཡལ་བར་འགྱུར།
དེས་ཀྱང་ག་ལ་ཚད་དེ། ཉིས་སྟོང་བཅོ་ལྔ་ལོ་ནི་བོད་ཀྱི་རྩོམ་པོ་བོ་གྲགས་ཆེན་ སྐོར་མི་ཡུལ་དང་གཏན་དུ་བྲལ་བ་དང་། ཡང་སྐོར་ཞིག་ཁྲི་མུན་གྱི་བཙོན་ལ་ཁྲིད་པའི་བསྐལ་ངན་དུས་ཀྱི་ལོ་སྐེགས་ཤིག་ཀྱང་རེད་དེ། 2015ལོའི་སྤྱི་ཟླ་6པའི་ཚེས་26ཉིན་གྱི་མཚན་མོའི་ཆུ་ཚོད་བརྒྱད་ཡས་མས་སུ་ ན་གཞོན་རྩོམ་པ་བོ་ཁ་བ་སྙིང་ལྕགས་ལགས་མཚོ་སྔོན་གུང་ཧོ་རྫོང་ནས་མཚོ་སྔོན་པོའི་ནང་དུ་ཉ་རྒྱ་ལེན་པར་བསྐྱོད་དེ་སྟབས་མ་ལེགས་པར་འདས་གྲོངས་སུ་གྱུར་བའི་གསར་འགྱུར་གང་སར་ཁྱབ་ཀྱང་། ཚེས་ཉེར་དགུ་ཉིན། བོད་ཀྱི་རྩོམ་པ་བོ་ཞོགས་དུང་དང་གྲྭ་བཙུན་སྙན་ངག་པ་རོང་བོ་དགེ་འདུན་ལྷུན་གྲུབ་སོགས་ཡི་གེ་བ་སུམ་ཅུ་བ་ལྷག་ཙམ་མ་བགྲོས་གཅིག་མཐུན་གྱིས་མཚོ་རྒན་མའི་འགྲམ་དུ་འཛོམས་ཏེ་ཁ་བ་དྲན་པ་ཞེས་པའི་རྗེས་དྲན་འདུ་ཚོགས་སྟེང་ཞུགས་ལ། མ་འགྱངས་པར་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་སོགས་ནས་ཆེད་བསྒྲིགས་ཀྱི་ལེ་ཚན་བཟོས་ཤིང་། དེ་རུ་སྙན་ངག་པ་གཅན་མེ་སྟག་དང་ལྷམ་ཀོག་སོགས་ཀྱིས་མཚོན་པའི་རྗེས་དྲན་སྙན་ངག་དང་། དཔལ་རྩལ་གྱི་འདས་པོ་ཁོང་དང་འབྲེལ་བའི་དྲན་ཚུལ་འགའ་སོགས་ལྷུག་རྩོམ་སྐོར་ཞིག་བཀོད་ཡོད་ལ། གཞན་བཙན་པོ་ཚང་དུ་དགེ་རྒན་ཆེན་མོ་གུར་མགོན་སྐྱབས་ཀྱི་ཁ་བ་སྙིང་ལྕགས་དང་སྔོ་ལྟེམ་མེར་འཁྱིལ་བའི་མཚོ་མོ་དང་། མེ་ལྕེ་ལགས་ཀྱི་བདེན་པའི་བུ་ཆུང་སྙིང་ནས་དྲན་པ། སེང་རྡོར་ལགས་ཀྱི་ཁ་བ་སྙིང་ལྕགས་ཀྱི་རྗེས་དྲན་ཁ་བའི་འདབ་མ། གཡང་མོ་མཚོའི་སླར་བོད་ནས་མཇལ་མ་བྱུང་བའི་དྲན་རྟེན་ཞིག་གླེང་བ། རླངས་ཚང་གཡག་གི་ཁ་བ་སྙིང་ལྕགས་དྲན་བཞིན་ཡོད། མདང་ནུབ་ལྷག་ཏུ་དྲན་པར་བྱས་སོགས་རྩོམ་ཡིག་ལེགས་ཤོས་སྐོར་ཞིག་སྒོར་ཐོན།
དྲིལ་ན། གྲྭ་བཙུན་རྩོམ་པ་བོ་སྒོ་ཤེས་རབ་ལགས་ཀྱིས་ཁོང་ལ་རྗེས་དྲན་གྱི་རྡོ་རིང་བཞེང་ན་འོས་ཚུལ་གྱི་གྲོས་མགོ་བཏོན་ཚུན་ནས་དྲང་ལྡོག་ཅི་རིགས་ཀྱི་འབྲེལ་ཡོད་རྩོམ་ཡིག་སྣ་ཚོགས་ད་བར་དུ་རྒྱུན་མ་ཆད་པ་དེས་མི་རེ་རེའི་སེམས་ལ་དྲི་བ་ཞིག་བཏང་ཡོད་པ་འདྲ་ལ། ད་ལོའི་མཉམ་འུར་གྱིས་བསླངས་པ་མ་གཏོགས་གཞན་འདས་པོ་ཁོང་གི་མཚན་ཙམ་ཡང་ཐོས་མྱོང་མེད་པའི་གོ་སྐབས་རིང་ལུགས་པ་སྐོར་ཞིག་གིས་ཀྱང་རྗེས་དྲན་བྱེད་པའི་ཁུལ་གྱི་བཟོ་སྟོན་པ་ནི་ཤིན་ཏུ་ཤིན་ཏུ་དགོད་བྲོ་ཞིང་ཡ་ང་བག་ཚ་མེད་པའི་བྱ་སྤྱོད་ཅིག་ཏུ་འཁུམས། ད་ལོའི་ཆེས་ཚ་ཚ་འུར་འུར་ཁྲོད་ཀྱི་དོན་རྐྱེན་འདི་ད་རུང་ཡང་གླེང་མཚམས་བཞག་མི་འདུག
གཞན་ཡང་། རིག་གནས་གསར་བ་དང་བསམ་བློ་གསར་བའི་སྣེ་སྟོན་དུ་འདོད་པའི་སྐུ་ཞབས་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ཉི་མ་ལྷ་ས་ནས་སྐུ་གཤེགས་པར་སྔ་མའི་མཉམ་འུར་ཆེན་པོ་དེ་འདྲ་མ་བྱུང་ན་ཡང་། ང་ཚོས་ཁོང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་བསམ་བློའི་མེ་སྟག་དང་རིག་གནས་གསར་བའི་འབད་འབུངས་ལ་དུས་རབས་ཀྱི་ངོས་ནས་གུས་བརྩི་དང་རྗེས་སུ་དྲན་པ་ནི་དོན་ལྡན་གྱི་བྱ་བ་ཞིག་ཏུ་མཐོང་མོད། དེ་ལ་བསམ་བློའི་དཔའ་གདེང་མཐོ་བའི་མེ་ལྕེའི་བྲེ་སེར་འབྲོང་རྗེས་སུ་དྲན་པའི་གཏམ་སོགས་ལེགས་རྩོམ་རེ་གཉིས་ལས་རྗེས་དྲན་གྱི་རྩོམ་ཡིག་མང་བོ་མ་བྱུང་བ་ནི་ཤིན་ཏུ་ཕངས་པའི་གནས་སུ་ཁོ་བོས་སྙམ།
ཡང་། བོད་ཀྱི་རིག་གཞུང་ཉམས་ཞིབ་པ་གུ་གེ་ཚེ་རིང་རྒྱལ་པོ་ལགས་ཀྱང་ད་ལོར་སྐུ་གཤེགས་པ་རེད། ཁོང་ནི་བོད་ཀྱི་རིག་གནས་ལ་ཤ་ཐང་ཐང་དུ་འབད་མཁན་ཞིག་ཡིན་པའི་ངོས་ནས་སོ་སོས་ངེས་པར་རྗེས་དྲན་བྱ་རི་བ་ཞིག་ཡིན་པ་སྨྲོས་མེད་རེད། ཡིན་ཡང་ཚངས་དབང་དགེ་འདུན་བསྟན་པ་ལགས་ཀྱི་གྲོགས་གུ་གེ་ཚེ་རིང་རྒྱལ་པོ་རྗེས་སུ་དྲན་པ་དང་གཞན་བྲིས་རྩོམ་ཐན་ཐུན་རེ་གཉིས་ལས་མང་བོ་བདག་གི་མཐོང་ཐོས་ཀྱི་སྐལ་བར་རེག་མ་སོང་ལ། བོད་ཀྱི་དྲ་ཚིགས་སོ་སོ་ནས་ཀྱང་དེ་འདྲ་མཐོང་ཆེན་པོ་སྤྲོད་ཀྱི་མེད་པ་བསམས་ན། བོད་ཀྱི་དྲ་ཚིགས་བདག་གཉེར་བ་འདི་དག་གིས་ཡང་སྙིང་ཅི་ཞིག་བསམ་གྱི་སྙམ་པའི་ཕངས་སེམས་ཤིག་དང་བཅས་ཏེ་ཁོ་ཚོར་སྡུག་སྐད་མི་བཏོན་རང་བཏོན་དུ་གྱུར།
ཞོགས་ལྗང་ནི་བོད་ནང་དུ་གྲགས་ཆེ་བའི་གཞོན་སྐྱེས་རྩོམ་པ་བོ་ཡིན་པར་མ་ཟད། ཁོ་རང་མུན་ནག་གི་བཙོན་ལ་སོང་ཤུལ་ནས་བོད་ཀྱི་རྩོམ་རིགས་གར་སྟེགས་ནས་ཅི་ཞིག་ཆད་སོང་བའི་སྣང་བ་བཅོས་མིན་དུ་སྐྱེས་ལ། ལྷག་པར་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དྲེག་པོ་ཆགས་པ་དམར་བཤུ་བྱེད་མཁན་གྱི་རྒྱུ་འབྲས་བློ་མིག་ཅིག་མེད་སོང་བ་དེའོ།། དེའི་སྐོར་ནས་ཚིག་ཐུང་ལ་གནད་བཙན་པ་སྙན་ངག་པ་གཉན་གྱི་རྩར་ཡིག་སོགས་གསར་འགྱུར་རང་བཞིན་གྱི་རྩོམ་ཡིག་བགྲང་གིས་མི་ལོན་པ་ཞིག་ཐོན་ཡང་། རྣག་ཐོག་གཙག་འཁེལ་གྱི་རྩོམ་ཡིག་ཧ་ལམ་མེད་པའི་ཚུལ་རེད། གཞོན་སྐྱེས་རྩོམ་པ་བོ་བློ་མིག་ལགས་དང་། རིགས་ཞེན་པ་ཆོས་ཀྱིས་སོགས་བདེན་པའི་དཔའ་བོ་གྲངས་མེད་ཅིག་ཁྲི་མུན་གྱི་བཙོན་དུ་སོང་བ་ཤ་སྟག་ཏུ་ཟད་ཀྱང་། ངེད་ཀྱིས་གྲངས་རྩིས་ཙམ་ཡང་མ་ལོན་པར་བཟོད་གསོལ་ཞུ།
གསུམ་པ། དད་མོས་དང་མཉམ་འུར།
དྲ་བའི་སྟེང་དུ་མཉམ་འུར་ཆེན་པོ་བྱུང་བའི་ཁ་བའི་དོན་རྐྱེན་དང་ཞོགས་ལྗང་དོན་རྐྱེན། བླ་རུང་གི་ཞིང་སྒྲུབ་ཆེན་མོ། ལྡོང་ཡོན་གྱི་བྱ་དགའ་སོགས་ས་བཅད་མ་སྟོང་བ་ཙམ་ཞིག་གླེངས་ཟིན་ལ། ད་རུང་རེ་གཉིས་ལུས་ཡོད་པ་ནི་ཆོས་ལུགས་དད་མོས་དང་བོད་ཀྱི་སྤྲུལ་སྐུའི་སྐོར་རེད། སྔ་མ་ནི་སྐུ་འབུམ་དགོན་ཆེན་གྱིས་མཚོན་པའི་བོད་ཀྱི་ཆོས་སྡེ་ཆེན་མོ་དག་གི་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་སྤེལ་བར་དམག་མིས་སྐོར་དང་སྐོར་ཞིག་བྱས་ཏེ་སྟངས་འཛིན་པ་དང་དད་མོས་ལ་བརྡལ་བཤིག་རྡོག་བརྫིས་གཏོང་བའི་བྱ་བྱེད་དག་ལ་མི་འཐད་པའི་རྣམ་འགྱུར་དྲག་པོ་དྲ་དམངས་ཀྱིས་ཐོན། ད་ལྟ་བཙོན་དུ་བཞུགས་པའི་གྲོགས་ཞོགས་ལྗང་ལགས་ཀྱིས་བོད་མིའི་ཆོས་ལུགས་དད་མོས་རང་དབང་ཟེར་བའི་དྲ་རྩོམ་ཁ་ཚ་དགོས་གཏུགས་མ་ཞིག་བྲིས།
དེ་མིན། རྒྱ་ཕྱུག་རྒྱུ་ཆེན་དག་གི་བོད་ཀྱི་ལྷ་སྐུ་རྟེན་གསུམ་ལ་ཞལ་སེར་འབུལ་བ་ནི་ང་ཅག་བོད་པ་དད་ལྡན་དག་གི་ངོས་ནས་འདི་ལས་ལྷག་པའི་མཐོང་ཆུང་དང་བརྙས་བཅོས་ཤིག་མེད་ན་ཡང་། སྒོར་ཤེད་ཀྱིས་འགྲམ་ལྕག་བཞུས་ཀྱང་ཨ་ཚ་ཟེར་མི་ཤེས་པའི་བླ་རྒན་སྐོར་ཞིག་ད་རུང་ཡིད་ཚིམ་པའི་ངང་དུ་བཞུགས་ཡོད་ན་བསམས་ན། ཚོད་ཚོད་ལ་དངངས་འདར་རྒྱག་པ་ཞིག་རེད། སྐབས་རེར་བོད་པའི་དད་པ་ནི་སྒོར་མོས་ཀྱང་ཉོ་བསླུ་ཐུབ་ན་ནི་ང་ཚོས་རིན་ཐང་ལྟ་ཚུལ་ལ་བསྐྱར་དུ་ངོས་འཛིན་ཞིག་བྱ་འོས་ཀྱི་དུས་ཚོད་མིན་ནམ་སྙམ།
དེ་མིན་འ་ཅག་གི་ལྷ་སྐུ་མཆོད་གསུམ་ཡང་གཞན་གྱི་རྩེད་ཆས་ཁོ་ནར་གྱུར་ཏེ་སྟེང་དུ་བུད་དེ་པར་བསྐྱོན་པ་དང་རོལ་རྩེད་རྩེ་བ་སོགས་བོད་མིའི་རིག་གནས་ལ་མཐོང་ཆུང་དང་རྩིས་ཐང་ལ་གོང་བཀུར་མ་བྱས་པའི་དན་རྟགས་འཁྲུལ་མེད་ཅིག་ཡིན་པས། དེ་ལ་སུས་ཀྱང་གུན་གསབ་སྤྲོད་དཀའ་ན་ཡང་། གནོད་སྦྱོར་བྱེད་མཁན་དག་གིས་དགོངས་དག་ཞུ་ཡིག་ཙམ་གྱིས་གནས་ཚུལ་འཕྲལ་མར་སེལ་འགྲོ་བ་ནི་ང་ཅག་ལ་རིག་གནས་ཀྱི་བདག་དབང་ག་འདྲ་ཞིག་སྤྲོད་ཀྱི་ཡོད་པ་གསའ་དང་གསེང་ནས་ཤེས་མི་ཡོང་ངམ། རིག་གནས་ཀྱི་བདག་དབང་མེད་པའི་རྒྱལ་ཁབ་དང་མི་རིགས་གང་ནི་ཤེས་ཡོན་ལ་གུས་གཙི་མེད་པའི་ཆེས་ཀླ་ཀློའི་མི་རིགས་ཤིག་ཡིན་པ་གདོན་དུ་མི་ཟའོ།།
གཞན་ཏེ་སྤྲུལ་སྐུ་པདྨ་འོད་ཟེར་གྱི་དོན་རྐྱེན་ཡིན་ལ། འདི་ནི་ད་ལོའི་དྲ་ལམ་དུ་ཆེས་རྒྱུག་ཆེ་བ་དང་གཞུང་སྒེར་གཉི་གས་དོ་སྣང་མཛད་པའི་གླེང་གཞི་ཆེས་ཛ་དྲག་ཆེ་བ་ཞིག་ཏུ་གྱུར་ཅིང་། བོད་པ་མང་བོ་ཞིག་གིས་བོའུ་ཏཱ་རོང་སྤྲུལ་སྐུ་རྫུན་མ་ཡིན་པའི་རྗོད་པ་ལ་མཐའ་ཞིག་མི་འདུག རྫོང་སར་རིན་པོ་ཆེ་དང་དོར་ཞི་གདོང་དྲུག་སྙེམས་བློ་མཆོག འཇམ་དཔལ་རྒྱ་མཚོ་མཆོག་སོགས་མཁས་པ་གྲགས་ཆེན་སྐོར་ཞིག་གིས་ཀྱང་དེ་འབྲེལ་གྱི་རྩོམ་ཡིག་ཐོན་པ་ཆར་བ་ཆུ་འགྲོགས་སུ་སོང་ཙང་། ཨ་ལགས་དོར་ཞི་ལགས་ཀྱི་སྤྲུལ་སྐུ་རྫུན་མ་འབྱུང་བ་ལ་རྡུང་རྡེག་དྲག་པོ་གཏོང་དགོས་རབས་ཀྱི་གཏམ་ནི་ཉམ་ཆུང་འཁོས་ཞན་ཏུ་གྱུར་ཡོད་པར་མ་ཟད་། དེ་ལ་དགུ་རོང་སྤུན་གྲོགས་ཀྱིས་བྲིས་པའི་དོར་ཞི་སོགས་ལ་དགོད་ཤོར་བྱུང་ཞེས་པའི་རྩོམ་ཡིག་ནི་སྨན་བྱུང་། ལྷག་དོན་མཁས་དབང་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བྲིས་པའི་རྩོམ་ཡིག་སྔ་ཕྱི་གཉིས་ནི་ཕྱིའི་ཆབ་སྲིད་ཀྱི་ཁ་གཏད་དུ་ལངས་པའི་རྩོམ་ཡིག་ཡག་པོ་ཞིག་ཡིན་ནའང་། ནང་བོད་མིའི་རྟོགས་པ་ལ་བལྟོས་ཏེ་གླེང་ན་ད་རུང་གླེང་རྒྱུ་ཤིན་ཏུ་མང་བར་སྣང་། སྤྲུལ་སྐུ་ནི་ད་ལོ་ཁོ་ན་ཙམ་གྱི་གླེང་གཞི་ཞིག་མིན་པར་མུ་མཐུད་དུ་ངེད་ཅག་ལ་གདོང་ཐུག་བྱ་སྲིད་པའི་རིག་གནས་ཀྱི་སྣང་ཚུལ་ཁྱད་པར་བ་ཞིག་ཡིན་པ་དཔག་ཐུབ།
སྤྲུལ་སྐུའི་ལམ་ལུགས་རང་ལྡོག་ནས་བལྟས་ན། དང་བོ་སྲིད་དབང་དང་ཆབ་སྲིད་ཀྱི་དགོས་མཁོ་ལས་བྱུང་། ད་ལྟའི་བོད་པའི་སྤྱི་ཚོགས་ཀྱི་ངོས་ནས་བསམས་ན། གཞན་གྱི་ལག་ཆ་ལྟ་བུར་ཆགས་འདུག སྲིད་ཀྱི་གོ་བ་དང་ཁྲིམས་ཀྱི་དགོངས་པ་བསྐྱེད་པ་ཡང་ལམ་བགེགས་འབྱུང་བས། འདི་ལ་དག་རྫུན་གྱི་ཁྱད་པར་མེད་པར་ངེས་པར་གྱེས་བརྡ་བཏང་ན་འོས་པར་མཐོང་། ཡང་གཅིག་བཤད་ན། དག་རྫུན་ཟེར་བ་ཡང་སོ་སོའི་སེམས་ཀྱི་རྣམ་རྟོག་འཕོས་པ་ཙམ་ལས་གཞན་གང་། ནམ་ཞིག་སྤྲུལ་སྐུའི་ལམ་ལུགས་མེད་པར་གྱུར་བ་ན། གཟོད་ནས་མིའི་རང་བཞིན་དང་མཐུན་པའི་ཆོས་ལུགས་ཤིག་ངང་གིས་གྲུབ་ལ། བོད་མིས་ཀྱང་རང་ཉིད་མི་ཞིག་ཡིན་པའི་གཞི་རྩའི་ངོ་བོ་སེམས་སུ་ཉར་ཏེ་ཐོབ་ཐང་དང་རང་དབང་ལ་འབད་པས་བསྲུང་ངེས་སོ།།
བཞི་བ། དྲ་བ་དང་བོད་པའི་ལས་དབང་།
ཉེ་བའི་ལོ་ངོ་ཁ་ཤས་ཀྱི་སྔོན་དུ། བལྟོས་བཅས་ཀྱིས་བོད་ལ་དྲ་ཚིགས་མང་བོ་བྱུང་ལ། དེ་དག་ཁྲོད་ཀྱི་ཧི་གཟུགས་ཟིན་བྲིས་དང་། སེང་རྡོར་དྲ་བ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། ན་གཞོན་གསར་བ། རང་གྲོལ་སྨྱུག་གསར་སོགས་ཀྱིས་ནི་བོད་པའི་སྤྱི་ཚོགས་ཁ་རུབ་འདི་ལ་གང་ལ་གང་འཚམ་གྱིས་ནུས་པ་ལེགས་ཙམ་ཐོན་མྱོང་བ་ང་ཚོས་བརྗེད་ག་ལ་རུང་། ཆ་འཕྲིན་གྱི་ཚ་རླབས་མཐོན་པོས་ངེད་ཅག་གི་འཚོ་བར་སྟབས་ཇེ་བདེ་དང་སྣེ་ཇེ་མང་དུ་བཏང་བས་དྲ་ཚིགས་མང་བོ་རང་ཤུགས་ཀྱིས་ཉམས་ལ། རེ་འགའ་ཕྱི་ནང་གི་རྒྱུ་རྐྱེན་དུ་མས་ཐོར། མཚོ་སྔོན་བོད་ཡིག་ཟིན་བྲིས་སོགས་སྐོར་ཞིག་བྲོ་མེད་ཆོ་མེད་དུ་ལུས། མཆོད་མེད་དྲ་ཚིགས་སྔར་བཞིན་གསོན་ཉམས་ཀྱིས་འགྱིང་འདུག་པ་ནི་དུས་བསྟུན་གྱི་བསྒྱུར་བཅོས་ཁོ་ནས་མ་ཡིན་པར་དོ་དམ་པ་དག་གི་ཐབས་དང་ཤེས་རབ་ལའང་རག་ལས། བཙན་པོ་དྲ་ཚིགས་དང་འཁོར་བ་དྲ་ཚིགས་སོགས་ཀྱང་ད་ལོ་གསར་དུ་ཐོན་པ་མིན་ཡང་། དེ་གར་བོད་ཁུལ་དུ་ཅུང་སྐད་གྲགས་ཡོད་པའི་རྩོམ་པ་བོ་མང་བོས་ས་མིག་བཟུང་། སྔ་མའི་སྟེང་དུ་རྩོམ་ཡིག་གསར་བ་མང་དུ་ཐོན་བཞིན་ཡོད་ཀྱང་། ཕྱི་མ་རུ་རྒྱུ་རྐྱེན་གསལ་བོར་མ་ངེས་ཀྱང་རྩོམ་གསར་མང་བོ་ཐོན་བཞིན་མི་འདུག་ལ། ཟིན་བྲིས་པ་དག་གིས་ཀྱང་རྩོམ་ཡིག་མང་བོ་སྤེལ་གྱི་མེད་ཚོད་རེད།
བོད་ཀྱི་སློབ་ཆེན་སློབ་མར་ཆེད་དམིགས་ཀྱིས་ཐོན་པའི་ཡིད་ལྷུང་ལྷ་མཚོས་རང་གི་ཁ་དོག་མ་ཡལ་བའི་སྒོ་ནས་རྒྱུན་བསྲིངས་བཞིན་པ་ནི་བསྔགས་པའི་ཡུལ་རེད། གཞན་ཡང་ན་གཞོན་གསར་བ་དང་མཆོད་མེ་རྩོམ་རིག་དྲ་བ། བཙན་པོ་དྲ་བ་སོགས་ཀྱིས་ཀློག་པ་བོ་མང་བོའི་དགོས་མཁོ་དང་བསྟུན་ཕྱིར། ཁ་པར་སོགས་ཀྱི་འཆར་ཤེལ་དང་འཚམ་པའི་པར་གཞི་གསར་སྤེལ་གནང་བཞིན་པ་ནི་ཁོང་ཚོར་བཀའ་དྲིན་ཞུ་བའི་ཡུལ་རེད། ཁོང་ཚོས་རང་གི་རིག་གནས་ལ་ཞབས་འདེགས་བྱས་པའི་བཀའ་དྲིན་བརྗེད་མེད་དུ་ཡོད་པ་ལོ་གསར་རྙིང་གཉིས་ཀྱི་སོ་མཚམས་ནས་ཞུས་པ་ཡིན།
པོད་འཕྲིན་ནམ་ཟིན་ཕྲན་དགྱ་ནག་ནང་ཁུལ་དུ་མ་ཟད་ད་ལྟ་བོད་དུ་ཡང་བྲིན་ཆེ་བ་ཞིག་ཏུ་འགྱུར་གྱི་ཡོད་ལ། འདི་ལས་བོད་པའི་འཚོ་བའི་དཀའ་སྡུག་མང་བོ་ཞིག་གཞན་དང་གཞན་གྱིས་ཚོར་གྱི་འདུག འདི་ནི་གཞུང་གི་བརྙན་འཕྲིན་གསར་འགྱུར་དག་ལས་ལྡབ་འགྱུར་གྱིས་ལྷག་པ་ཀུན་ལ་གསལ། གཞན་གྱི་གནས་ཚུལ་མང་བོ་ཡང་རིམ་གྱིས་རྟོགས་ཡོང་བས། ཕན་ཚུན་གྱི་དངོས་ཡོད་གསར་འགྱུར་ལ་ཐད་ཀར་ལྟ་བའི་གསེར་ཟམ་ལྟ་བུ་ཡིན། འདི་རུ་རྒྱ་བླ་མང་བོ་ཞིག་གིས་བསྟན་པ་ཡང་དར་གྱི་འདུག་པས། པོད་འཕྲིན་དུ་ཚང་ཉལ་བྱས་འདུག་པ་ནི་རྒྱ་བླའོ།། ངེད་ཚོ་ཡིད་ཕངས་པ་ནི་ཁོ་ཚོ་དེ་རུ་ཚང་ཉལ་བྱས་པ་དེ་མིན་ལ། གནད་འགག་སྐབས་སུ་ཁ་མི་གྲགས་པ་དེའང་མིན། གཙོ་བོ་ཁོ་བ་ཚོས་རང་ག་སྐད་དང་ཡི་གེ་མི་སྤྱོད་པ་དེའོ།། ཡིན་ཡང་འདི་རུ་དམངས་ཀྱི་བདེ་སྡུག་ཆེ་མ་ཆུང་གསུམ་ཞུ་བའི་མི་སྣ་ཡག་པོ་ཁ་ཤས་ཡོད་པས་བློ་ཕམ་ཆེན་མོ་བྱུང་གི་མེད།
དགྱ་ནག་པས། པོད་འཕྲིན་གྱིས་དགྱ་ནག་ལ་གསར་བརྗེ་བསླང་ཐུབ་ཅེས་བརྗོད་པ་ནང་བཞིན། སྐད་འཕྲིན་གྱིས་བོད་པའི་རྟོགས་པ་སད་འོང་ཞེས་བརྗོད་འདོད་དེ། སྤྱིར་སྐད་འཕྲིན་ནི་མི་སྒེར་གྱི་ཁམས་དང་མོས་པ་འགྲོ་འདུག་སྤྱོད་སོགས་ངལ་གསོའི་དབུགས་དབྱུང་བྱ་ས་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ཆོག་ན་ཡང་། ཏན་ཏན་ཉེ་འཁོར་གྱི་དགྱ་མིའི་ཚོགས་དང་ཡེ་ནས་མི་འདྲ་བའི་ངེད་ཅག་ལ་མཚོན་ན། སྐད་འཕྲིན་ཞེས་བྱ་བ་འདི་ཡང་མི་རིགས་ཤིག་གི་བདེ་སྡུག་དང་འཚོ་བའི་གནས་བབ་ལ་འབྲེལ་བའི་ཆ་འཕྲིན་ཡོ་བྱད་གལ་ཆེན་ཞིག་ཏུ་ཆགས། འདི་རུ་མི་སྒེར་གྱི་ཟས་སྐོར་འཐུང་སྐོར་ནས་འགྲོ་འདུག་ཉལ་འཆག་སྤེལ་མཁན་ཡོད་སྲིད་ལ། འདི་རུ་སྤྱི་བའི་ལས་སྒོ་ཆེ་མ་ཆུང་གསུམ་གྱི་ལས་དབང་དང་འབྲེལ་བའི་རྩོམ་ཡིག་དང་བརྙན་རིས། གཏམ་བཤད་སོགས་ཤིན་ཏུ་མང་བོ་ཡོང་བཞིན་ཡོད་པར་མ་ཟད། མི་སྒེར་གྱི་རྩོམ་ཡིག་ཀྱང་གང་མང་ཞིག་ཐོན་དང་འཐོན་བཞིན་འདུག
སྒོས་སུ་ཅུང་ལྗིད་ཚད་ཅན་གྱི་མཁས་པ་རྒན་གྲས་དང་སློབ་དཔོན་ཆེན་མོ་སྐོར་ཞིག་ཀྱང་ཡོད་དེ། ལོ་སྟོད་དུ་རྒན་གུར་མགོན་སྐྱབས་ཀྱིས་སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ་དང་འབྲེལ་བའི་རྩོམ་ཡིག་སྐོར་ཞིག་སྒེར་གྱི་སྐད་འཕྲིན་དུ་སྤེལ་བ་དང་། མཁན་པོ་ཚུལ་ཁྲིམས་བློ་གྲོས། དགེ་བཤེས་འཇམ་དཔལ་བློ་ཤེས། དེ་མིན་ལོ་རྒྱུས་སྨྲ་བ་རྒན་ཐུབ་བསྟན་ཕུན་ཚོགས། ཡུལ་ལྷ་ཐར། སྒོ་ཤེར། དཔའ་རྩེ་སོགས་ཀྱིས་ཀྱང་གསར་རྩོམ་སྐད་འཕྲིན་དུ་སྤེལ་བ་ནི་ཤིན་ཏུ་ཡག་པོར་མཐོང་སོང་།
སྐད་འཕྲིན་ནི་ཡུལ་དང་དུས་ཀྱིས་བར་ཆོད་མེད་པར་མི་སྒེར་ཕན་ཚུན་དབར་གྱི་འབྲེལ་འདྲིས་ཡོ་བྱད་སྟབས་བདེ་བ་ཞིག་ཏུ་གྱུར་ཡོད་པར་མ་ཟད། མི་མང་ལྷན་གནས་ཀྱི་ཚོམས་ཀྱང་བཟོས་ཆོག་སྟེ། དེ་ལ་དགེ་སྡུག་དཀར་ནག་གི་བྱ་བྱེད་ཅི་རིགས་མཐོང་ཡང་། སྤྱིའི་ཆ་ནས་བོད་པ་ནི་དགྱ་མི་མགོ་ཤ་འབུས་བཟོས་པ་དག་དང་འདྲ་ལེ་མིན་པས། གཞན་ཕན་སྤྱི་བའི་ལས་སྒོ་ལ་ཤ་ཚ་སྙིང་ཉེ་བྱེད་མཁན་མང་། ལྷག་པར་ནད་པ་དང་དབུལ་བོ་ལ་སྦྱིན་པ་གཏོང་སྐད་ཀྱི་སྐད་ཚོམས་རབ་ཏུ་མང་། གཞན་ཕན་དགེ་སྦྱོར་གྱི་ལས་ཀ་ཡང་ལྷག་བསམ་དང་ཤ་ཚ་ཁོ་ནས་བསྒྲུབ་པ་ཞིག་མིན་པས། ཏན་ཏན་བསམ་མནོ་ཞིབ་ཚགས་གཏང་དགོས་འདུག དེ་མིན་པར་ད་ལོ་ནང་བཞིན་སྐད་ཚོམས་དང་སྐད་ཚོམས་བཙུགས་ཏེ་ཅིག་དང་ཉིག་ལ་རོགས་སྐྱོར་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་ཁུག་སྨར་ཚོད་མེད་དུ་སློང་བ་ནི་ངན་པ་ངན་དགུ་འཛོམས་ཤིག་མིན་ཡང་། ཡག་པ་ཡོན་ཏན་ཞིག་ཀྱང་གཞར་ནས་མིན་ཏེ། ཡོད་ཚད་ངེད་ཅག་གི་མགོ་ཐོག་ཏུ་ལྷུང་ཡོང་བ་ནི་ཅི་ཡིས་ལན།
གཞུག་མ་གཞུག་མར་ནད་པ་ཡིན་མིན་གཉི་ག་རོགས་པ་བྱ་དགོས་མིན་ཚང་མས་དེ་ལྟར་ལག་པ་བཟེད་ཡོང་དུས། ང་ཚོས་སུས་སུ་ལ་རོགས་པ་བྱ་ངེས། དེ་ལས་འདི་དག་འབྱུང་བའི་གཞི་དང་རྩ་བ་བསློགས་ཏེ་སྲིད་གཞུང་གང་གི་ལམ་ལུགས་དང་སྒྲིག་གཞི་ལ་ཁ་དོན་གཉིས་མཚུངས་ཀྱིས་ཞུ་རྒོལ་བཏང་ན་ནི་དེ་ལས་ལྷག་པའི་རོགས་སྐྱོར་ཞིག་བཙལ་དུ་མེད། གཞན་ཡང་། སྐད་ཚོམས་ཟེར་བ་ནི་རྫོགས་མཐའ་མེད་ཀྱང་རང་ལ་ཆ་རྒྱུས་ཅུང་ཙམ་ཡོད་པ་དང་ཡག་སྣང་ཤར་བ་སྐོར་ཞིག་དགོད་ན།
སྒྲ་བསྒྱུར་གླིང་ནི་མི་ངོ་བཞི་བཅུ་ཙམ་གྱིས་གྲུབ་པའི་སྐད་ཚོམས་ཤིག་ཡིན་ལ། དེ་རུ་གཙོ་བོ་མིང་བརྡས་མཚོན་པའི་དགྱ་བོད་ཨིན་གསུམ་གྱི་ཡིག་སྒྱུར་གནང་བཞིན་འདུག དཀའ་གནད་མཐའ་དཔྱོད་ཀྱི་ལས་སུ་འབད་པ་ནི་ཚོམས་འདིའི་ཁྱད་ཆོས་སུ་མཐོང་བར་མ་ཟད། དྲ་གྲོགས་ཨ་བྷ་ཡ་དང་བཟོད་པ་སོགས་གཟབ་ནན་གོ་བསྡུར་བྱ་མཁན་སྐོར་ཞིག་ཡོད་པས་ལེགས་པ་དོན་མཐུན་གྱི་མིང་བརྡ་གསར་བ་མང་བོ་བོད་ཡིག་ཏུ་བསྒྱུར།
ལ་རྩེའི་ཇ་ཁང་བྱ་བ་འདི་ནི་རྒན་པདྨ་འབུམ་གྱིས་གཉེར་བཞིན་པའི་སྐད་ཚོམས་ཤིག་ཡིན་ལ། དེ་རུ་གཙོ་བོ་རྩ་ཆེ་བའི་དཔེ་དེབ་ངོ་སྤྲོད་དང་དེབ་སར་མཁོ་འདོན་གནང་བཞིན་ཡོད་པས་དཔེ་ཆར་འདོད་མོས་ཆེ་བ་དག་ལ་མཚོན་ན་ཤིན་ཏུ་ཕན་པར་འབྱུང་། ཚོམས་ཞུགས་མི་སྣ་ཡང་ལྔ་བརྒྱར་བུད་འདུག་པས། མཐོང་མ་མ་མྱོང་བ་དང་མཐོང་དཀོན་པའི་དཔེ་དེབ་མང་བོ་ལ་མཇལ་ཐུབ་བོ།།
རྩོམ་རིག་གླེང་ངམ་ཞེས་པའི་སྐད་ཚོམས་འདི་ནི་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱིས་གཉེར་བཞིན་འདུག་ལ། སྐད་ཚོམས་དག་ལས་ཅུང་རྒྱུག་ཆེ་བ་ཞིག་ཀྱང་རེད། འདི་རུ་རྒན་དགེ་འདུན་རབ་གསལ་དང་། པདྨ་འབུམ། རྨེ་རུ་ཡུལ་ལྷ་ཐར། གུར་མགོན་སྐྱབས་སོགས་ཀྱིས་མཚོན་པའི་བོད་ཀྱི་མཁས་པ་གྲགས་ཆེན་དང་། འབུམ་རམས་པ། ཞིབ་འཇུག་པ་སོགས་ཤེས་ཡོན་ཉིས་ལྡན་གྱི་མི་སྣ་མང་བོས་འཆད་ཉན་གྱི་རྒྱུན་སྐྱོང་བཞིན་ཡོད་པར་མ་ཟད། མགོ་ཡོད་མཇུག་རྫོགས་ཀྱིས་སྒྲ་རུ་ཕབ་འདུག དེ་མིན་གཞོན་སྐྱེས་རྩོམ་པ་བོ་མི་ཉུང་བ་ཞིག་གིས་ཀྱང་དེ་རུ་གཏམ་བཤད་གནང་བ་ད་ལྟ་དྲ་ལམ་ཁག་ཏུ་ཐོས་རྒྱུ་ཡོད་པ་་དེ་ལྟར་རོ།། འདི་ནི་གཞོན་སྐྱེས་རྩོམ་པོ་དག་གི་གར་སྟེགས་ཡག་ཤོས་ཤིག་ཡིན་པར་མ་ཟད། དོན་ལྡན་གྱི་འཆད་ཁྲིད་གནང་སའི་སྟེགས་བུ་ཆེན་མོ་ཞིག་ཀྱང་ཡིན་ནོ།།
གཅེས་ཕྲུག་གླིང་ནི་ངེད་དང་དགེ་ཆོས་གཉིས་ཀྱིས་གཉེར་གྱིན་པའི་བྱིས་པའི་སློབ་གསོར་ཆེད་དམིགས་ཀྱིས་བཙུགས་པའི་རོང་འབྲོག་མང་ཚོགས་ཀྱི་སྐད་ཚོམས་ཤིག་ཡིན་ལ། འདི་རུ་ཡང་བྱིས་པའི་སློབ་གསོར་མཉམ་མྱོང་དང་ཆ་རྒྱུས་ཡོད་པའི་གྲོགས་རླངས་ཚང་དང་། རྡོ་སེང་གེ། པད་སྡོང་། གཞི་རིམ་པ། མཐའ་སྒྲོལ། ཁྱུང་བཟང་། ཧོར་མོ། རྨ་ཆུའི་བསམ་གཏན། ཀུན་བཟང་སྒྲོལ་མ་སོགས་དགེ་རྒན་སྐོར་ཞིག་གིས་བྱིས་པའི་སློབ་གསོའི་སྐོར་གྱི་གཏམ་བཤད་གནང་ལ། རེ་གཉིས་སྒྲ་རུ་ཕབ་ཚར།
ཟུར་མང་འབེལ་གཏམ་ནི་ཉིས་སྟོང་བཅོ་ལྔའི་ལོ་མཇུག་ཙམ་དུ་བཙུགས་ཚོད་ རེད་ལ། དེ་ནི་རྩོམ་པ་བོ་མང་རའི་རྒྱལ་མཚན་ལགས་ཀྱིས་གཙོ་གཉེར་མཛད་ཀྱི་འདུག འདི་རུ་དུས་རྒྱུན་ཆད་ལྷག་མེད་པར་གཙོ་གཉེར་བའི་གཟའ་སྤེན་པའི་གཏམ་ཐུང་ཞེས་པ་དང་ཚོང་ལས་དཔལ་འབྱོར་སྐོར་གྱི་གཏམ་བཤད་དོན་དང་མཐུན་པ་མང་དུ་ཡོད་པ་ཡི་རངས་ཀྱི་གནས།
ད་རུང་ཧོར་གཙང་འཇིགས་མེད་སོགས་ཀྱིས་གཉེར་བཞིན་པའི་མདོ་སྨད་གླེང་བ་ཞེས་པའི་མདོ་སྨད་ལོ་རྒྱུས་ཆེན་མོར་དང་འབྲེལ་བའི་སྐད་ཚོམས་ཡག་ཤོས་ཤིག་དང་། འཆད་ཁྲིད་རྐྱང་གནང་སའི་མཐོ་སློབ། གཞོན་ནུ་རྣམས་ཀྱི་སེམས་གཏམ་གླེང་སའིP eopleNearbyསོགས་དགའ་བསུ་ཐོབ་བཞིན་པའི་སྐད་ཚོམས་ཁ་ཤས་ཡོད་པ་གོ་ཐོས་བྱུང་ཡང་། དངོས་ཞུགས་ཀྱི་གོ་སྐབས་མ་རེག་པའི་ཕོད་ཚོད་ཀྱིས་མ་གླེང་བའོ།།
གཞན་ཡང་། མ་ཧཱ་བྷ་ར་ཏཱ་ཞེས་པའི་ནང་དུ། གཞན་དུ་མཐོང་དཀའ་ཐོས་བྲལ་ གྱི་ངག་རྒྱུན་ལོ་རྒྱུས་སོགས་གླེང་བ་ནི་ཤིན་ཏུ་སྤྲོ་བར་འགྱུར་ཡང་། དགོས་མེད་ལྷག་འཁྱིལ་གྱི་རྩེད་འཇོས་ནི་ཡི་ག་འཆུས། ལྟ་གྲུབ་རིག་པ་སྨྲ་བའི་ཕུལ་བྱུང་གཟེངས་རྟགས། སྙན་གཞུང་མཁས་དབང་གི་གཟེངས་རྟགས། དགེ་བཤེས་ཀྱི་ཆོ་ལོ་ཟེར་བ་སོགས་ཆོ་མེད་ཀྱི་འཁྲབ་སྟོན་སྣ་ཚོགས་ནི་སྙིང་རྗེ་བྱ་ཡུལ་གཅིག་བུའོ།།
གོང་གི་གླེང་ཁུལ་གྱི་སྐད་ཚོམས་དག་ནི་རང་ལ་ཆ་རྒྱུས་ཡོད་པ་དང་གྲོགས་པོ་རེ་ཟུང་གི་མཚམས་སྦྱོར་རང་མཐུན་དུ་བྱུང་བ་ཙམ་ལས་རང་ཕྱོགས་གཞན་ཕྱོགས་ཀྱི་སྤུ་རིས་འབྱེད་ཀྱི་མེད་པ་ཡིད་འཇགས་ཡོད་ཞུ།
ཆ་འཕྲིན་གྱི་ཚ་རླབས་དགུང་ལ་འཕྱོ་བའི་དུས་དང་བསྟུན་ནས་མི་སྒེར་ནས་སྤྱི་བའི་འཕྲིན་སྟེགས་བཟོས་ཏེ་ཀློག་མཁན་མང་བོའི་སྤྱན་ཡུལ་དུ་འབུལ་བ་ཤིན་ཏུ་མང་བོ་བདོག་ཀྱང་། དུས་རྒྱུན་མཐོང་ལམ་དུ་རྒྱུ་བའི་འཕྲིན་སྟེགས་རེ་འགའི་མིང་ཙམ་གཤམ་དུ་དགོད་ན།
བསིལ་རླུང་རྒྱུན་ཤེས་གླིང་དང་ལུག་ཚང་། གླིང་སྲས་བཅས་ནི་འཕྲིན་སྟེགས་སྔ་ཤོས་ཀྱི་ཁོངས་སུ་གཏོགས་ལ། ཀློག་མཁན་གྱི་མི་གྲངས་ཀྱང་མང་བོ་ཡོད་ས་རེད་མོད། མགོ་མ་ཞིག་ལ་རང་གི་ཁྱད་ཆོས་ཨེན་ཙམ་སྔོན་ནས་ཡོང་བཞིན་ཡོད་མོད། ད་སྐབས་དྲ་ལམ་དུ་རྒྱུག་ཆེ་བ་ཁོ་ནར་འཐམས་ཤིང་སྐབས་རེར་བརྐུས་རྩོམ་རེ་གཉིས་ཀྱང་ཐོན་བཞིན་པ་ཤིན་ཏུ་ཡི་མུག་པའི་གནས་རེད་ལ། སེང་རྡོར་རྩོམ་རིག་དྲ་བའི་འཕྲིན་སྟེགས་སུ་སྤེལ་བའི་རྩོམ་ཡིག་དག་ཀྱང་བརྒྱུད་བསྐུར་གནང་མཁན་མང་བོ་ཡོད་པ་མཐོང་། ན་གཞོན་གསར་བའི་དྲ་སྟེགས་དུས་གསུམ་ནི་རང་གིས་དོ་སྣང་མང་ཙམ་བྱས་མྱོང་ཡོད་པས། ཁོང་ཚོས་གཉེར་བའི་འཕྲིན་སྟེགས་ལ་དེའང་དེ་བཞིན་བྱས། བཅར་འདྲིའི་གླེང་སྟེགས་སོགས་ནི་ཤིན་ཏུ་ལེགས་ཀྱང་། ད་བར་གླུ་བ་གླུ་མ་དག་གི་བརྙན་རིས་ཚམ་ཚོམ་མེད་པར་བསྐུར་ནི་རང་གི་ཁ་དོག་གཞན་དུ་ཡལ་བའི་རྟགས་ཤིག་ཨེ་ཡིན་སྙམ་ལ། ཆོས་དཔལ་བཟང་བོ་སོགས་ཀྱི་ཨེ་ཛིའི་འཕྲིན་སྟེགས་ནི་རང་གི་ཁྱད་ཆོས་དང་ཕན་དགེ་གཉིས་འཛོམས་ཡིན་པས་ཤིན་ཏུ་ཡི་རངས། དེ་མིན་ཁྲོ་བོ་རྒྱལ་མཚན་ལགས་དང་རྨ་ཆུའི་བཟོད་པ། སྐྱབས་ཆེན་བདེ་གྲོལ། བདེ་དགའ་ཚེ་རིང་། ལོ་ངམ། ཨ་རིན། ས་བུ་ཆེ་སོགས་ཤེས་ལྡན་པ་སྐོར་ཞིག་གིས་ཀྱང་སོ་སོའི་ལམ་ཁ་དང་མཐུན་པའི་འཕྲིན་སྟེགས་གཉེར་གྱིན་པ་ཡག་པོར་མཐོང་། ད་རུང་ཤིན་ཏུ་མང་ཡང་ཡིག་ཚོགས་བསྐྱུར་ཕྱིར་འདིར་མ་བཀོད། རྗེས་མར་ཚང་མས་ཁ་གསབ་གནང་རོགས།
ད་ལོར་གསར་དུ་ཐོན་པའི་སྒར་གསར་ཀིརྟི་སྐྱབས་ལགས་ཀྱི་དགེ་འདུན་ཆོས་འཕེལ་དང་འདས་པོ་ཁ་བ་སྙིང་ལྕགས་ལགས་ཀྱི་འབུ་མེ་ལྕེབས་སོགས་བྱིས་སྒྲུང་གི་དེབ་སོགས་དཔེ་དེབ་དང་བརྩམས་ཆོས་ཡག་ཤོས་ནི་ཅིས་ཀྱང་ཐོ་རུ་དགོད་དགོས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་མོད། འདི་རུ་ཡིག་ཚོགས་ལ་འཇིགས་ཕྱིར་མ་བཀོད། ཤེས་འདོད་པ་དག་གིས་རླུང་ནག་འཚུབ་མའི་2015 ལོའི་རིག་གནས་སྣང་ཚུལ་དང་དྲན་པ་ཉེར་བཞག་ཅེས་པ་དང་གྲོགས་སྒྲེན་པོ་ལགས་ཀྱིས་བྲིས་པའི་ཉིས་སྟོང་བཅོ་ལྔ་ལོའི་བོད་ཀྱི་རྩོམ་རིག་སྣང་ཚུལ་ལ་བལྟས་པ་ཞེས་པར་གཟིགས་འཚལ།
ཉིས་སྟོང་བཅོ་ལྔ་ལོ་ནི་རང་རེའི་བོད་ལ་མཚོན་ན། ཆེས་དམིགས་བསལ་གྱི་ལོ་ཟླ་ཞིག་ཡིན་ལ། ལོ་ཟླ་འདི་རུ་སྣ་མང་སྣེ་འཛིང་གི་དོན་བྱ་མང་བོ་བྱུང་ཡོད་དེ། རེ་རེ་བཞིན་གྲངས་ཀྱིས་བརྩིས་མི་ཐོན་ཡང་། ཁོ་བོས་མཐོང་ཐོས་དྲན་རེག་གི་རྒྱུད་དུ་བྱུང་བའི་གལ་གནད་ཆེ་བ་སྐོར་ཞིག་རང་གི་འདོད་པ་དབང་བཙན་པར་བྱས་ནས་བྲིས་པ་འདི་ཙམ་མོ།།
གསར་འགྱུར་རྒྱུ་ཆ་མཁོ་འདོན་གནང་མཁན་གྱི་གྲོགས་མེ་ལྕེ་དང་སྙན་ངག་པ་ལྷམ་ཀོག་ལགས་ལ་ཆེད་དམིགས་ཀྱིས་བཀའ་དྲིན་ཞུ་བའོ།།
རྩོམ་པ་པོར་ཐུགས་རྗེ་ཆེ་ཞུའོ།། 2015 ལོའི་གནས་སྟངས་ཕྱོགས་བསྡོམས་ལེགས་པོ་གནངས་འདུག སྐུ་ལས་མང་པོ་བསྐྱོན་འདུག ཡིག་ཚགས་རྩ་ཆེན་ཞིག་བརྩམས་གནང་འདུག