སྤྱན་ཆེན་པོ།
མིག་གིས་བལྟ་ས་དང་རྣ་བས་ཉན་ས་ནི་བར་ཐག་འདིས་བསྐྱེད་པའི་དྲོད་ཐིག་དེ་ཡིན་པས་འདི་ནི་ང་ལ་དཀོན་མཆོག་གིས་གནང་བའི་བརྩམས་ཆོས་དེའོ།།
___ཁ་བྱང་གི་འགྲེལ།
གྲུ་ཟུར་ཞིག་ཏུ་འགྲེང་ནས་ཉི་འོད་ཅིག་ཞེ་ལ་བཏབ་དུས
སྤྲིན་པ་ཐེད་པོ་ཞིག་དང་འདྲ་བའི་མི་ཚོགས་ཀྱི་ངོ་གདོང་དག་གིས
ས་གཞི་ཞིག་བྲིས་ནས་ནམ་མཁའ་ཞིག་བཟོས
ངའི་འཆར་ཡན་གྱི་རྨི་ལམ་རུམ་པའི་དྲན་པ་ནི
ནམ་མཁའ་དེའི་ངོས་ཀྱི་སྐར་མ་ཆག་རོ་ཞིག་དང་འདྲ་ལ
ས་གཞི་དེའི་པང་ན་རྒྱུ་བའི་ཁ་སང་གི་སྐྱོ་གར་དེ་དང་མཚུངས
འཆིང་ཐག་དེའི་སྣེ་མོ་ནས་ཉི་གཞོན་ཞིག་འཆར་བས
རྣག་ཁྲག་གིས་གྲུབ་པའི་ངོ་གདོང་དག་ལ་གཙང་ཁྲུས་བྱས་ནས
འོད་ཟེར་གྱིས་ཁྲིད་པའི་བདེ་སྐྱིད་ཀྱི་ཟེགས་མ་རེ་རེ
རང་ལུས་ཀྱི་ཤ་སྐྱི་ཁྲོད་སྟོབས་ཀྱིས་འཕྲོས་ནས་ཡུན་གྱིས་འཐིམ་སོང
ཚ་འཁྲུལ་གྱི་སྣང་བ་དེའི་བཟི་ཁ་ལས
ཆུ་ཁོལ་ལྟར་གདུ་བའི་སེམས་བྱུང་རེ་རེ
འོད་ཟེར་གྱི་རུམ་ཁ་ན་འདས་ལོག་རྒྱག་བཞིན་འདུག་པས
ཐ་སྙད་ཀྱིས་བཞེངས་པའི་སྙན་ངག་གི་ཡིད་བརྙན་རེ་རེ
ང་ལ་བསྐྲུན་པའི་ལས་དབང་གི་དུས་ཚིགས་དུས་ཚིགས་དེའོ
ཚོར་བ་དེའི་བརྗོད་བྱས་ངའི་རྣམཤེས་སྒུལ་བ་ནས་བཟུང
ངས་ས་གཞི་འདིའི་སྟེང་གི་བདེ་བ་ཡོད་ཚད་ལག་མཐིལ་དུ་བླངས་ནས
གཤོག་པ་ཐོགས་པའི་ཁེར་རྐྱང་གི་གཏམ་རྒྱུད་དེ་དག
གནམ་སའི་བར་མཚམས་ཀྱི་འཇིག་རྟེན་གཞན་ཞིག་ཏུ་སྤུར་བ་ཡིན
༢༠༡༦-༠༢-༠༣