གོ་འཇོ་བསོད་ནམས་ནོར་བུ།
འདི་ནས་ཕ་རོལ་ལ་ཅེར་དུས།།
ཕ་གིའི་དུད་སྨུག་གི་ཀློང་ནས།།
མེ་མདའི་ཁ་མཆུ་དེའི་འོག་ན།།
ཕ་ཡུལ་མིག་ལམ་ལ་འཚང་འོང་།།
ལག་ལ་པར་ཆས་ཤིག་བཟུང་ཡང་།།
བརྙན་པར་ལེན་སྙིང་དེ་མི་འདོད།།
མེ་མདའི་འབེན་གོག་ནི་གྱུར་པའི།།
ཕུ་ནུའི་བྲང་རུས་དེ་འཆར་ཡོང་།།
ཕོ་བྲང་པོ་ཏ་ལའི་མདུན་ནས།།
སྐར་ལྔའི་དར་དམར་རེ་འགུལ་དུས།།
མིག་ཆུ་རུམ་ཁོང་ལ་འཚག་པའི།།
ཨ་མའི་གདོང་རུས་ཀྱང་མཇལ་ཡོང་།།
ལྡ་གདན་གཙུག་ལག་ཁང་ཐོག་གི།
རྒྱ་ཕིབས་ཉི་ཟེར་གྱིས་འཁྱུད་ན།།
རྒྱང་རིང་ཨ་ཇོ་ཡི་གསེར་ཞལ།།
སྒོམ་པའི་རྨོ་རྨོ་ཡང་དྲན་ཡོང་།།
ཁྲི་མུན་ལྕགས་ཁང་གི་ནང་ནས།།
ལག་ཟུང་རྒྱབ་རུས་ལ་སྡོམ་བཞིན།།
ཉིན་མཚན་རྡུང་རྡེག་གིས་འཚོ་བའི།།
ཨ་ཕའི་ལས་དབང་དེ་རྟོགས་ཡོང་།།
ཚག་ཚག་གློག་དབྱུག་རེའི་རྩེ་ན།།
སོ་སྒྲ་ཁྲིག་ཁྲིག་ལ་འཆའ་བཞིན།།
དམྱལ་བའི་ན་ཟུག་དག་སྲན་པའི།།
ཨ་ཁུའི་ལུས་རིད་དེ་མཐོང་ཡོང་།།
ཉེས་མེད་བཙན་ཚུགས་ཀྱིས་ཁྲིད་དེ།།
རྣ་རྩར་ལྕགས་དབྱུག་རེ་གཞུ་དུས།།
འགྲམ་རུས་འཐོར་འཐོར་ཞིག་བྱེད་པའི།།
ཕུ་བོའི་སྡུག་བསྔལ་རྣམས་མྱང་འོང་།།
མགོ་བོ་རྡོག་པ་ཡིས་མནན་ཀྱང་།།
ཁ་ཕོ་ཡང་ཡང་ལ་སྡོམ་བཞིན།།
རིགས་ཀྱི་མགོ་རྣ་དེ་བསྲུང་བའི།།
ཞང་པོའི་ལ་རྒྱ་དེ་མངོན་ཡོང་།།
མེ་ཆར་སྒྱོགས་མདེལ་གྱི་ཀློང་ནས།།
ཁུ་ཚུར་ནམ་མཁའ་ལ་འཕྱར་ཏེ།།
འབོད་སྒྲ་སང་སང་དེ་སྒྲོག་པའི།།
ནུ་བོའི་སྙིང་སྟོབས་ཀྱང་ཤེས་ཡོང་།།
ཞོགས་ཉི་ལ་ཁ་ནས་འཛུམ་དུས།།
ལག་པས་ཐོད་ཉི་རེ་བྱེད་བཞིན།།
ས་མཐའི་སྤུན་ཟླ་ལ་སྒུག་པའི།།
གཅུང་མོའི་བརྩེ་འདང་དེ་ཚོར་ཡོང་།།
བལ་ཡུལ། 4/ 2/ 2016