དགེ་འདུན་བསྟན་འཛིན།
ཉིན་མོ་དེ་ནི་ཉི་མ་ལ་མཚོན་ན་ནམ་ཡང་བརྗེད་ཐབས་བྲལ་བའི་ཉིན་མོ་ཞིག་རེད། སྤྱི་ལོ་༢༠༡༤ ལོའི་དགུན་སྟོད་ཀྱི་ཉིན་མོ་དེ། བལ་བོའི་ཡུལ་མི་ཁྲི་གཅིག་གི་ཚེ་སྲོག་ཤོར་ཞིང་ས་ཡ་དྲུག་ལ་གནོད་འཚེ་ཐེབས་པའི་༤.༢༥ ཡི་གོད་ཆག་མ་བྱུང་གོང་གི་ཉིན་མོ་དེ། ཉིན་མོ་དེར་ཡང་ཉི་མ་ཉི་མ་མ་ཤར་གོང་ནས་མཆོད་རྟེན་བྱ་རུང་ཁ་ཤོར་ལ་སྐོར་བར་སོང་། སྐོར་ལམ་དུ་ཕྲེང་བ་ཐོགས་ཤིང་གཟུངས་སྔགས་བགྲང་བའི་མི་ཚོགས་ཀྱི་ཁྲོད་ན་ཟླ་བར་ཐུག །ཁོ་གཉིས་ཀྱིས་སྐོར་བ་གང་ལ་གང་འཚམས་ཤིག་བརྒྱབ་རྗེས། ནམ་རྒྱུན་ལྟར་ཇ་ཁང་རིང་མོའི་ནང་ལ་འཛུལ། ཇ་ཁང་རིང་མོའི་ནང་དུ་ཁོ་གཉིས་ཀྱི་ཚོང་ཤག་དང་ངོ་ཤེས་མང་པོ་འཛོམས། ཁོ་ཚོ་མཉམ་དུ་འཛོམ་དུས་བོད་ཕྱི་ནང་དང་འཛམ་གླིང་ཤར་ནུབ་ཀྱི་གནད་དོན་སྣ་མང་ལ་ཆེད་ལས་མཁས་པ་སྐོར་ཞིག་འཛོམ་ཡོད་པ་ནང་བཞིན། གནད་དོན་སྣ་ཚོགས་ལ་གཅིག་ལས་གཅིག་རྒྱུས་མངའ་ཆེ་མདོག་གིས་གླེང་མོལ་སྣ་ཚོགས་བྱེད། དེ་ནི་ཁོ་ཚོའི་རྒྱུན་ལྡན་གྱི་ལས་རིམ་ལྟ་བུ་ཞིག་རེད།
“ང་ཚོ་ཉི་མ་ནང་ལ་བསྡད་དགོས། ཤོག” ཞོགས་ཇ་བཏུངས་ནས་ཡུན་རིང་འགོར་རྗེས། ཚེ་རིང་གིས་སྣ་ཐ་སེན་མོ་གང་བརྔུབས་ཏེ་ལག་པ་གོས་ཐུང་ལ་འབྱིད་ཞོར་དུ་དེ་ལྟར་ལབ་ཅིང་ཕྱི་ལ་དོན། ཉི་མ་དང་ཟླ་བ། བསྟན་འཛིན་བཅས་ཁོའི་རྗེས་སུ་འབྲངས། སྐབས་དེར་རོགས་པ་མང་པོ་ཞིག་རང་རང་སར་ལོག་ཚར་བས་ཁོ་ཚོ་བཞི་ལས་ལྷག་མེད། ཇ་ཁང་གི་ཕྱི་ལོགས་ན་འགྱིག་དཀར་གྱི་ཅོག་ཙེ་གོར་གོར་ནག་ནོག་གི་དྲི་མས་གོས་པ་ཞིག་གི་མཐའ་ན། ཚོས་གཞི་ཡང་དེ་དང་མཚུངས་པའི་རྐུབ་སྟེགས་ལྔ་དྲུག་ཅིག་གྲལ་དག་མ་ཡིན་པར་བཞག་འདུག །ལ་ལའི་སྟེང་ན་གྲུམ་གདན་རྙིང་པ་རེ་བཏིང་ཡོད་ཅིང་འགའ་རེའི་སྟེང་ན་ཅི་ཡང་མེད། ཅོག་ཙེ་ཐོག་ན་ཟས་ལྷག་དང་ཇ་ལྷག་སྙེག་པའི་སྦྲང་ནག་འགས། ཉི་འོད་དྲོན་མོ་ལོངས་སུ་སྤྱོད་ཀྱིན་ཁ་ཟས་ལ་རོལ་བཞིན་པ་ནི་ཁོ་ཚོར་སྒུག་ཡོད་པ་དང་མཚུངས། ཁོ་ཚོས་དེ་དག་ལ་སྣང་འཇོག་ཅི་ཡང་མེད་པར། རང་དགར་རྐུབ་སྟེགས་རེ་བདམས་ཏེ་གོར་གོར་བྱས་ནས་བསྡད། ཞབས་ཞུ་མ་རྒྱགས་རིལ་དེ་འོངས་ནས་ཅོག་ཙེ་རྟེན་འབྲེལ་ཙམ་ཞིག་ཕྱིས་རྗེས། བོད་སྐད་དབ་དིབ་ཀྱི་སྒོ་ནས་”ག་རེ་རྒྱོ་ག་”ཞེས་དྲིས།
“ད་ལྟ་མིན། དགོང་མོ་ཡིན། ངའི་དགའ་རོགས་འདིས་མི་ཡོད་ས་ལ་འཛེམ་ཤེས་ལེ་མ་རེད།” བསྟན་འཛིན་གྱིས་བུ་མོ་དེའི་ལག་པར་རེག་ཙམ་བྱས་ནས་དེ་ལྟར་ལབ་པ་དང་གཞན་རྣམས་གད་མོ་དིར་རེ་སོང་། “ག་རེ་མཆོད་ཀ་ལབ། མཆོད། མཆོད། རྒྱོ་མ་རེད། རྒྱོ་ལབ་ན་སྡུག་ཅག་རེད།” སྣ་ཐ་འཐེན་བཞིན་པའི་ཚེ་རིང་གིས་ཤ་ཚ་ཚའི་ངང་ནས་ལབ། གཞན་དག་ད་དུང་དགོད་ཀྱིན་སྣང་།
ཁོ་ཚོས་ཅོག་ཙེ་དེའི་མཐའ་རུ་ལབ་གླེང་ཡུན་རིང་བྱས། བརྗོད་གཞི་ནི་སྣ་མིན་སྣ་ཚོགས་རེད། ཐོག་མར་ཚོང་གི་སྐོར་དང་། དེ་ནས་བོད་ཀྱི་བདེན་དོན། རྒྱ་ནག་གི་དཔལ་འབྱོར། བལ་བོའི་རྩ་ཁྲིམས། ཨ་རིའི་བདེ་སྲུང་སོགས་བརྗོད་གཞི་གཅིག་ནས་གཅིག་ལ་སྤོས་ཏེ་ལབ་གླེང་བྱས། སྐབས་རེར་ཁ་པར་མཆུ་ཏོ་ལ་སྦྱར་ནས་ངག་འཕྲིན་རེ་བསྐུར་ཞིང་། མཚམས་རེར་རྣ་རྩར་གཏུགས་ནས་ཉན་པར་བྱེད། ཡང་མུ་མཐུད་ནས་གླེང་མོལ་ལ་ཞུགས། དེ་ལྟར་ཆུ་ཚོད་འགའ་ཤས་འདས།
“ད་འགྲོ་ག །ཆུ་ཚོད་༡༢ ཟིན་གྲབས་འདུག” ཉི་མས་མཁྲིག་མའི་ཆུ་ཚོད་ལ་བལྟས་རྗེས་དེ་ལྟར་བཤད།
“ཅི་རེད། ནག་མོས་བསྡིག་ཡོང་བསམས་ནས་བློ་མི་བདེ་འདུག་ཨང་།” བསྟན་འཛིན་གྱི་བཤད་སྟངས་དེ་ནི་རྒྱུན་ལྡན་ཡིན་པས་ཉི་མས་དེ་ལ་སྣང་འཇོག་མ་བྱས། འོན་ཀྱང་། ཚེ་རིང་གིས་ཀྱང་ “ད་དུང་ཏོག་ཙམ་འདུག་དང་། ཉི་མ་ཚ་མོ་འདི་བློས་མི་ཐོངས་འདུག” ཅེས་བཤད་ནས་འགྲོ་འདོད་མ་བྱས་པས། ཉི་མས་ཨུ་ཚུགས་བྱེད་མ་ཤེས།
དོན་ངོ་མར་བསྟན་འཛིན་མ་གཏོགས་ཁོ་ཚོ་ཚང་མར་ཆུང་མ་བུ་ཕྲུག་ཡོད་པས་བྲེལ་བ་ལོས་ཡོད། ཡིན་ན་ཡང་། ཁོ་ཚོར་མཚོན་ན་ཁྱིམ་ལས་ནི་རྒན་མོའི་ལས་འགན་ཡིན་པ་དང་། སྐྱེས་པ་ཕོའི་ལས་འགན་ནི་ཕྱི་ནས་དངུལ་འཚོལ་རྒྱུ་དེ་རེད། ཁོ་ཚོས་མ་མཐར་ཡང་རྣམ་འགྱུར་དེ་ལྟ་བུ་ཞིག་མིའི་མདུན་དུ་སྟོན་ཅི་ཐུབ་བྱེད། དེ་བས་ཁོ་ཚོས་མི་ཡོད་སར་ཚོང་ལ་བྲེལ་བ་ཡོད་རབས་མ་གཏོགས། ཁྱིམ་ན་བྲེལ་བ་ཡོད་ཚུལ་
གཏན་ནས་མི་གླེང་ལ། གཞན་གྱིས་གླེང་ན་ཁྲེལ་དགོད་བྱེད།
“ཡ། ད་ཁ་སྟོང་པ་བསྡད་ནས་གང་བྱེད། ཁ་ལག་ཟ། ག་རེ་ཟ་གི་ཡིན་པ། ཟ་ཁང་ཡག་ག་ཅིག་ལ་འགྲོ་གེ” ཚོང་ལ་ལམ་འགྲོ་མ་རྒྱུགས་པར་ཡུན་རིང་འགོར་བས་ཟླ་བའི་སེམས་གཏིང་ན་སྐྱིད་པོ་རང་མེད་ཀྱང་། ཕྱི་ཚུལ་ཙམ་དུ་སྒྲོབ་ཉམས་ཤིག་བསྟན་ནས། “དེ་རིང་ང་ཡིན་དང་།” ཞེས་བཤད། ཁོ་ཚོ་གྲོགས་པོ་ཡིན་ན་ཡང་ཕན་ཚུན་བར་གྱི་ལ་རྒྱའམ་ཁ་ཕོ་རེས་ཧ་ཅང་ཆེ།
“ཉི་མ་འདི། འདི་གཡུགས་ནས་སོང་ན་ཕངས་ལེ་རེད་ལེ།” ཚེ་རིང་གིས་སྒལ་བ་ཉི་མར་ལྡེ་བཞིན་གཞན་ལ་འགྲོ་སྙིང་མི་འདོད་པའི་ཉམས་ཤིག་བསྟན།
“ལས་ཀ་ཉུང་ཙམ་བྱོས། དགོང་བསྟར་རེ་བཞིན་བྱས་ན་རྗེས་མ་ཡར་ལང་ཡ་མེད་པ་ཆགས་ལེ་རེད་གདའ།” བསྟན་འཛིན་གྱིས་ཚེ་རིང་གི་སྒལ་གཞུང་ལ་ཡང་ཙམ་གཞུས་ནས་དེ་ལྟར་ལབ།
“ད་རྒས་ཚར་འདུག །འཇོན་གྱི་མི་འདུག །ཁོ་རེ།” ཚེ་རིང་གིས་ཁའི་འགྲམ་དུ་འཛུམ་མདངས་ཆུང་ཆུང་ཞིག་ཕྱུངས་ནས་ལབ།
ཉི་མས་སུན་སྣང་གི་རྣམ་འགྱུར་ཞིག་བསྟན་ནས། “ག་རེ་ཟ་ག །སྦྱིན་བདག་གིས་ད་གིན་ནས་སྒུག་བཞུགས་ཡོད་རེད།” ཟེར་བཞིན་ཟླ་བའི་ཕྱོགས་སུ་ཁ་ཕྱོགས།
“གང་ཟ་གི་ཡིན་པ།” ཟླ་བས་བསྐྱར་འདྲི་ཞིག་བྱས།
“བོད་ཟས་བཟས་ན་ཡག་ཤོས་རེད། རྒྱ་ཟས་ཁ་ལ་ཞིམ་རུང་ལུས་ལ་གནོད་ཟེར་གྱི་རེད། མ་རེད་བེ།” ཉི་མས་ཟ་ཁང་གཞན་ལ་འགྲོ་མི་དགོས་པར། དེ་ག་རང་ལ་བསྡད་ནས་བཟའ་འདོད་ཡོད་པའམ། ཡང་ན། དེའི་ཉེ་འཁོར་ཞིག་ལ་འགྲོ་བ་ལས་ཐག་རིང་ལ་འགྲོ་འདོད་མེད་པའི་རྣམ་འགྱུར་བསྟན།
ཁོ་ཚོ་ཞོགས་པ་སྔ་པོ་ནས་སླེབས་ཤིང་ཞོགས་ཟས་བཟས་པར་མ་ཟད། གུང་ཟས་ཀྱང་དེར་བཟས། གུང་ཟས་བཟས་རྗེས་སླར་ཡང་ལབ་གླེང་གི་མགོ་བཙུགས། ཕ་ཡུལ་ན་ཡོད་དུས་ཚོང་བརྒྱབས་རབས་དང་། རྐུ་བྱས་རབས། འཛིང་རབས། རྒྱོ་བརྒྱབས་རབས་སོགས་འདི་དང་དེ་བྱས་རབས་སྣ་ཚོགས་གླེང་། རྒྱོ་བཤད་རྒྱག་དུས་ཟླ་བ་སུས་ཀྱང་གླགས་མི་འཁེལ། “མི་རྒྱུས་ཡོད་ཀྱིས་གཏམ་རྒྱུས་མེད་མ་བཤད། ང་ཉོབ་སོང་།” ཟླ་བས་གནམ་འོག་ན་ཁོས་ལག་པ་མ་འཆང་བའི་མཛེས་མ་ཞིག་ལྷག་མེེད་པ་འདྲ་ཞིག་བཤད་པ། ཉི་མའི་སྣང་བར་མ་ཕྱིན་པར་ལན་བསློགས།
“ག་རེ་རྒྱུས་མེད་་་་ ཁྱོད་རང་གི་སྐྱེས་སྨན་ད་ངས་འདི་འདྲ་ཅིག་གི་ནང་ལ་ཏག་ཏག་བཟོ་གི་རེད།” ཟླ་བས་ལག་པ་གཡས་པ་མདུན་དུ་བརྐྱངས་ནས་ཉི་མའི་གདོང་གི་ཐད་དུ་སེ་གོལ་གཏོགས་བཞིན་ལབ།
“སྐྱག་པ་ཚ་བོ་ཚ་བོ་ཟོ་ལོ། སྙིང་རྗེ།” བཟང་མོའི་སྐོར་གླེང་དུས་ཉི་མ་སྤོབས་པ་ཧ་ཅང་ཆེ།
“རྒྱན་འཇོག་གི་ཡིན་པེ།” ཟླ་བས་ཀྱང་སྤོབས་པ་ཆེན་པོས་བཤད།
“ཁྱོས་འཇོན་ན། ངའི་སྐེ་གཏུབས་ནས་ཁྱེད་རང་གི་མདུན་ལ་གཞག་ཡོང་།” ཉི་མ་ངར་ཤུགས་དྲག་པོ་ལངས་པ་ཐག་གིས་ཆོད། དེ་ལྟར་མིན་ན་ཁོའི་མིག་གཉིས་པོ་ཕྱི་ལ་དོན་ལ་ཁད་བྱེད་དོན་ཅི་ཡོད།
“སྐེ་གཏུབ་ཡ་ཕར་གཡུགས་ཤོག །འབུམ་ག་ཚད།” ཟླ་བས་ལག་པ་ཅོག་ཙེ་སྒང་ལ་བཞག་ཅིང་རྐུབ་བཀྱགས་མདུན་ལ་འཐེན།
“གཡུགས་ཤོག །གཡུགས་ཤོག །ཕྲུ་གུའི་རྩེད་མོ་འདྲ་བོ་་་་་་་་་་” ཚེ་རིང་གིས་མོས་མཐུན་མ་བྱས་ཀྱང་དེ་ལ་རྒྱབ་སྐྱོར་བྱེད་མཁན་སུ་ཡང་མ་བྱུང་།
“འབུམ་བརྒྱ་སྤྲད་ཆོག” ཉི་མ་དེ་བས་ཀྱང་ངར་ཆེ་རུ་སོང་བས། ཁ་ནས་མཆིལ་མ་འཐོར་བཞིན་ཚེ་རིང་གི་སྐད་ཆ་རྐེད་ནས་བཅད།
“ཡ་ཡ། རྩེད་མོ་མིན་དང་། འབུམ་བཅུ། འབུམ་བཅུ་ཡིན། འབུམ་བཅུ་སྤྲད་ཐུབ་ཀྱི་ཡོད་པེ།” ཟླ་བ་ལ་གདེང་ཚོད་ཡོད་པ་འདྲ།
“མ་ཐུབ་ན་་་་་་་་་ ག་རེ་བྱེད་ཀ”
“མ་ཐུབ་ན་་་་་་་་་ མ་ཐུབ་ན་ངས་སྤྲད་དགོས་་་་་་་” ཟླ་བས་སྣང་མེད་བྱས་ནས་བཤད།
“འབུམ་བརྒྱའི་སྐད་ཆ་ཕར་གཡུགས་ཤོག །འབུམ་བཅུའི་སྐད་ཆ་ཡང་གཡུགས་ཤོག །འབུམ་གསུམ་ཡིན་དང་། འབུམ་གསུམ། ང་ཚོ་ནང་ཚགས་རེད་བ། ག་འདྲ་འདུག” བསྟན་འཛིན་གྱིས་ཁོ་གཉིས་ལ་བར་འདུམ་བྱས་ཤིང་། འབུམ་གསུམ་ཞེས་ཏན་ཏན་ཏིག་ཏིག་བཟོས། དེ་ལ་ཉི་ཟླ་གཉིས་ཀས་མོས་མཐུན་བྱས། ཉི་མས་ཀོ་ཁུག་ནང་ན་བལ་སྒོར་སྟོང་ལོར་ཆག་པ་བཅུ་གྲངས་ཤིག་ཡོད་པ་ལས་གསུམ་བཏོན་ནས་ཅོག་ཙེ་སྒང་ལ་ཁྲོགས་སེ་བཞག །
“ངས་དངུལ་འཁྱེར་མེད་དེ། འདི་གཏའ་མ་ཡིན་་་་་་” ཟླ་བས་འབུམ་ལྔ་ལྷག་རི་བའི་ཆུ་ཚོད་ཨོ་མེ་གྷ་ཕུད་བཞིན་དེ་ལྟར་ལབ།
“འགྲིག་གི་རེད།” ཉི་མས་དེ་ལྟར་ལབ་པ་དང་བསྟན་འཛིན་གྱིས་དངུལ་དང་ཆུ་ཚོད་གཉིས་ཀ་ཁོའི་ལྟོ་ཕད་ནང་ལ་བཅུག །ཟླ་བ་ཐོབ་ན་ཟླ་བ་ལ་སྤྲད་རྒྱུ་དང་དེ་མིན་ཉི་མར་སྤྲད་རྒྱུ་བྱས།
ངར་ཤུགས་དྲག་པོའི་སྒོ་ནས་ཐག་གཅོད་ནན་མོ་ཞིག་བྱས་རྗེས། ཟླ་བ་སྔོན་ལ་ཕྱིན་སོང་། ཉི་མ་དང་བསྟན་འཛིན་གཉིས་ཋ་མལ་(Thamel) ལ་རྒྱ་རྒན་ཞིག་ལ་ཐུག་ཏུ་སོང་། གླ་འཁོར་ནང་ལ་བསྡད་ནས་འགྲོ་བཞིན་པའི་སྐབས་སུ། ཁོ་གཉིས་ཀས་ཚོང་གི་སྐོར་གླེང་བཞིན་སོང་ཞིང་། ལམ་འགྲོ་རྒྱུགས་ན་ཁེ་བཟང་འབུམ་འགའ་ཤས་རག་པའི་རེ་བ་ཡོད་ཚུལ་གླེང་།
ཁོ་གཉིས་རྒྱ་རྒན་ལ་ཐུག་རུང་ཚོང་མ་འགྲིགས་པས་ཕྱིར་ལོག །མཆོད་རྟེན་ལ་མ་སླེབས་ཙམ་ལ་ཉི་མའི་ཁ་པར་གྱིས་འཕྲིན་ཐུང་ཞིག་འབྱོར་བའི་བརྡ་བསྟན། ཉི་མས་ཁ་པར་བླངས་ནས་བལྟས། དེ་ནི་ཟླ་བའི་རེད། ཟླ་བས་སྐད་འཕྲིན་ནང་ནས་འཕྲིན་ཐུང་ཞིག་བསྐུར་འདུག །ཉི་མས་རང་གི་བྲང་ན་འཕར་ལྡིང་བྱེད་བཞིན་པའི་སྙིང་གི་སྒྲ་སྐད་ཚོར་ཞིང་། ཁྲག་རྩ་རྣམས་ཇེ་སྦོམ་དུ་འགྲོ་བཞིན་པའི་སྣང་བ་སྐྱེས་པར་མ་ཟད། དབུགས་ཀྱི་རྒྱུ་བ་ཇེ་ཐུང་དུ་འགྲོ་བ་ཚོར། ཁ་མ་ཕྱེ་བར་རང་དགར་སྐྱུར་དགོས་བསམས་རུང་སེམས་ཀྱི་ཟུར་ཞིག་གིས་དེ་ལ་མོས་མཐུན་མ་བྱས། བསྟན་འཛིན་འཁྲིས་ན་ཡོད་པས་ཀྱང་དེ་ལྟར་བྱེད་མ་འདོད། ཁོས་རང་ཉིད་སྐྱེས་ཕོ་རབ་ཅིག་ཡིན་པའི་ལ་རྒྱ་འཆོར་དུ་འཇུག་མི་འདོད། དེར་བརྟེན། ཁོའི་མིག་ཟུར་གྱིས་བསྟན་འཛིན་ལ་དོ་སྣང་བྱེད་བཞིན་ཁ་པར་རྣ་རྩར་སྦྱར།
“ངས་འཇོན་ཡོད་དོ།།” སྐར་ཆ་གཅིག་ལས་མེད་པའི་འཕྲིན་ཐུང་དེ་ནི་ཅི་འདྲའི་སྟོབས་ཤུགས་ལྡན་པ་ཞིག་རེད་ཨང་། དེས་ཉི་མ་ལ་རུས་པའི་གཏིང་ནས་འདར་སིག་རྒྱག་ཏུ་བཅུག་ཅིང་སེམས་ལ་དངངས་སྐྲག་བསྐྱེད། གལ་ཏེ། ཟླ་བས་ལབ་པ་བདེན་ན། ངས་ག་རེ་བྱ་དགོས་སམ། བཟའ་ཚང་ཁ་འབྲལ་དགོས་པ་ཡིན་ནམ། ཁ་བྲལ་ན་ཕྲུག་གུ་གསུམ་པོ་ཇི་ལྟར་བྱེད། མཉམ་དུ་བསྡད་ན་མི་ལ་གདོང་པ་ཇི་ལྟར་སྟོན། འདི་ལྟ་བུའི་དྲི་བ་མང་པོ་ཁོའི་སེམས་ངོར་འཚང་ཁ་ཤིག་ཤིག་གིས་འཆར་བ་དང་། དངོས་གནས་དེ་རིང་ངས་ཆེས་འཇིགས་སུ་རུང་བའི་རྩེད་མོ་ཞིག་རྩེ་བཞིན་འདུག་ཨང་སྙམ་ཞིང་། དངངས་འཚབ་ཇེ་ཆེར་སོང་།
‘ག་བ་ག་བ། མོས་དེ་འདྲ་བྱེད་སྲིད་ཀྱི་མ་རེད།’ ཡུད་ཙམ་ནས་ཁོས་རང་ཉིད་ལ་སེམས་གསོ་བྱས། ‘ལོ་འདི་འདྲའི་མང་པོ་ཞིག་གི་རིང་ལ། མོས་སྡུག་ཅག་ཅིག་བྱས་མྱོང་མེད་་་་་་’ དེ་ནི་ལྷད་མེད་ཀྱི་བརྩེ་དུང་ལས་བྱུང་བའི་སེམས་གསོ་ཞིག་རེད། དེ་ནི་ལོ་བཅོ་ལྔ་ལྷག་ལ་བཟའ་ཚང་བྱས་པའི་ཉམས་མྱོང་ལས་སྐྱེས་པའི་སེམས་གསོ་ཞིག་རེད། དེ་ནི་ཕྲུ་གུ་གསུམ་གྱི་ཕ་མའི་བརྩེ་འདང་གི་སེམས་གསོ་རེད།
ཟླ་བས་ཇ་ཁང་རིང་མོའི་ནང་ན་ཇ་འཐུང་ཞོར་དང་ཐ་མག་འཐེན་ཞོར་བྱས་ནས་ཉི་མ་དང་བསྟན་འཛིན་གཉིས་ལ་བསྒུགས་ནས་བསྡད། སྐབས་དེར་ཁོའི་ཡིད་ལ་འཆར་སྣང་སྣ་ཚོགས་སྐྱེས། ‘གཡུགས་བཞག་དགོས་མིན་འགྲོ།’ ཁོའི་སེམས་ལ་དེ་ལྟར་དྲན་ཞིང་རྒྱན་བཙུགས་པ་ཕྱིར་འཐེན་བྱ་སྙིང་འདོད། ཉི་མས་བསྟན་འཛིན་སྔོན་ལ་མངགས་ཏེ་ཁོ་རང་ཚོང་ཁང་ལ་ལྟ་ཙམ་བྱེད་དུ་ཕྱིན། “ཟའོ་ནི་(བདག་མོའམ་གནས་མོ) ག་བ།” བཟང་མོ་ཚོང་ཁང་ནང་ན་མེད་པས་ཉི་མས་གཡོགས་མོར་དྲིས། “ཉིན་གུང་ནས་སླེབས་མ་སོང་།”
“ཨ་ལེ། ཡ་ཡ་་་་་” ཉི་མའི་སེམས་ལ་དོགས་པ་ལང་བཞིན་ཐད་ཀར་ཇ་ཁང་རིང་མོའི་ནང་དུ་སོང་། ཁོས་མངོན་གསལ་མིན་པའི་སྒོ་ནས་ཟླ་བར་དོ་སྣང་གཟབ་གཟབ་བྱས། ཟླ་བའི་གདོང་ལས་སྤྲོ་སྣང་མཐོང་མ་ཐུབ། ‘ཁོས་ཏན་ཏན་འཇོན་མི་འདུག །’ ཁོས་དེ་ལྟར་བསམས་ཤིང་སེམས་པ་ཅུང་ཟད་ལྷོད་ལ་བབས།
“ཅི་འདྲ་བྱུང་སོང་། རྒྱ་རྒན་ལ་ཐུག་སོང་ངམ།” ཟླ་བ་སྔོན་ལ་ཁ་གྲགས་བྱུང་།
“ཐུག་སོང་། ཡིན་ན་ཡང་། ཚོང་འགྲིགས་མ་སོང་།” ཉི་མས་རྒྱུན་ལྡན་ནང་བཞིན་གྱི་ལན་ཞིག་སྤྲད།
“ངེད་གཉིས་ཀྱིས་འཇོན་མ་ཐལ། ཁྱོད་རས་འཇོན་ཨེ་ཐལ།”་བསྟན་འཛིན་གྱིས་ཚོང་མ་འགྲིགས་པ་ཅི་མི་སྙམ་པར་གཡུགས་ནས་སྐད་ཆ་གཞན་དེ་ཡི་སྣེ་ལ་འཇུ་ཐབས་བྱས།
ཟླ་བ་དང་ཉི་མ་གཉིས་ཀ་གྲག་འགུལ་མེད།
“ཅི་བྱུང་སོང་ལེ་རེད། ཁྱོད་གཉིས་ལ་་་་” བསྟན་འཛིན་གྱིས་མུ་མཐུད་ནས་གླེང་བར་བརྩམས། གལ་ཏེ། ཁོས་སྐད་ཆ་དེའི་མགོ་མ་བཟུང་ན་ཉི་མ་དང་ཟླ་བ་གཉིས་ལ་མགོ་འཛུགས་འདོད་མེད་པ་འདྲ། ཡིན་ན་ཡང་། མགོ་བཙུགས་པའི་རྗེས་ལ་ཉི་མ་ཁུ་སིམ་མེར་སྡོད་མ་ཤེས། ཁོ་ཁ་མ་གྲགས་རང་གྲགས་བྱུང་སོང་།
“དཔང་རྟགས་ག་བ།” ཉི་མའི་སེམས་ན་དོགས་པ་དང་དངངས་སྐྲག་གི་མེ་ལྕེ་འབར་བཞིན་ཡོད་ཀྱང་། ཕྱི་ཚུལ་ལ་སྣང་བ་གཏན་ནས་མེད་པ་ལྟར་ཟླ་བར་གདོང་གཏད་ནས་སྤོབས་ཉམས་དང་བཅས་བཤད།
ཟླ་བས་བསམ་བློ་ཅུང་ཞིག་བཏང་རྗེས། “ཕྲུ་གུའི་རྩེད་མོ་འདྲ་བོ་དེ་གཡུག་བཞག་ན་དགའ་བ་མེད་འགྲོ།”ཟེར། ཁོའི་མིག་ལས་གདེང་ཚོད་མེད་པའི་ཉམས་ཤིག་མངོན།
“ཕོ་རབ་ཚིག་ཐོག །འཕར་བ་རྗེས་ཐོག” ཉི་མས་ཕྱིར་བཤིག་གཏན་ནས་རྒྱག་མ་ཤེས། མདུན་སྐྱོད་མི་བྱེད་རང་བྱེད་རེད།
“བྱས་ན། འདིར་ཡོད།” ཟླ་བས་ཁ་པར་ཁ་ཕྱེས་ནས་བརྙན་ཞིག་བསྟན། ཁྱོད་ལ་ལྟ་བའི་བློ་ཁོག་ཡོད་ན། ང་ལ་སྟོན་པའི་བློ་སྤོབས་ལོས་ཡོད་སྙམ། ཉི་མས་དོ་སྣང་བྱེད་ས་གཙོ་བོ་ནི་ལག་པ་འདར་བཞིན་ཡོད་མེད་ཀྱིས་མཚོན་པའི་ཕྱི་ཚུལ་རེད། ‘དཔའ་བོ་བྱ་རྒྱུ་དང་སྲོག་ལ་འཛེམ་རྒྱུ་་་་’ ཁོས་རང་ཉིད་ལ་སྙིང་སྟོབས་བསྐྱེད་ཅི་ཐུབ་བྱས་ནས། ཟླ་བའི་ཁ་པར་ནང་གི་བརྙན་དེའི་ཁ་ཕྱེ་ནས་ལྟ་བར་བརྩམས།
ཐོག་མར་ཁོའི་མིག་ལ་སྣང་བ་ནི་པར་ཆས་དང་ཤིན་ཏུ་ཉེ་བའི་དངོས་པོ་ནག་པོ་ཞིག་རེད་ལ། དངོས་པོ་དེ་རིམ་གྱིས་རྒྱང་ལ་ནུར་བ་ན་དེ་ནི་ཟླ་བའི་སྟོད་གོས་ཡིན་པ་ཤེས། དེ་ནས་ཁོའི་མིག་ལམ་དུ་མངོན་པ་འདི་ལྟ་སྟེ། བཟང་མོ་འབོལ་སྟེགས་སྟེང་ན་ཟུར་ཉལ་བྱས་ནས་བསྡད་འདུག་ལ། མདུན་ཅོག་སྟེང་ན་ཁུ་ནག་འཐུང་འཕྲོར་ལུས་པའི་ཤེལ་ཕོར་གཉིས་འདུག །ཟླ་བ་འབོལ་སྟེགས་ཟུར་དུ་བསྡད་དེ་ལག་པས་ག་ལེར་བཟང་མོའི་ལུས་ལ་རེག །བཟང་མོ་གཉིད་ལོག་ཡོད་པ་ལྟར་ལན་ཅི་ཡང་མི་སློག་པར་འདུག །ཉི་མའི་སེམས་ལ་བྲེལ་འཚུབ་ལང་མགོ་བརྩམས། ‘ཡ་མ་བྱེད། ཡ་མ་བྱེད།’ ཁོས་དེ་ལྟར་སེམས་བཞིན་མུ་མཐུད་ནས་བལྟས། ཟླ་བའི་ལག་པ་མོའི་ནུ་རྩེར་སླེབས་རུང་བཟང་མོར་འགུལ་སྐྱོད་ཙམ་ཡང་མེད། ཟླ་བས་བཟང་མོའི་སྨད་ཤམ་རིམ་གྱིས་ཡར་བརྫེས། བཟང་མོས་ལན་མ་བསློགས། ‘མོ་ལ་ཡང་དགོས་བསྡད་འདུག’ ཉི་མའི་སེམས་ལ་དེ་ལྟར་དྲན། བརྙན་ད་དུང་ཚར་མི་འདུག །འོན་ཀྱང་། ཉི་མ་ལ་ལྟ་བའི་འདུན་པ་མེད་པའམ། འདུན་པ་ཡོད་ཀྱང་ནུས་པ་མི་འདུག །ཁོའི་མིག་ཟུང་རབ་རིབ་ཏུ་གྱུར། ལུས་ཀྱི་ཁྲག་ཐམས་ཅད་གྱེན་དུ་རྒྱུ་ཞིང་། རླུང་ཐམས་ཅད་སྟོད་ལ་འཚངས་པས། མགོའི་སྐྲ་གཟེངས་ཤིང་ལུས་པོ་ཀོ་སྟོད་ནང་ལ་མི་ཤོང་བ་ལྟ་བུའི་སྣང་བ་སྐྱེས། འོན་ཀྱང་། ཁོས་རང་ཉིད་གང་ན་ཡོད་པ་དང་། སུ་དང་མཉམ་དུ་ཡོད་པ་ཤེས་པས་ག་ལེར་མིག་ཟུར་གྱིས་ཕུ་ཐུང་ལ་བལྟས་པ་ན། དེ་ལྟ་བུའི་སྣང་ཚུལ་མཐོང་རྒྱུ་མེད་པས་བློ་ཅུང་ཟད་བདེ་ཞིང་ཞེ་བག་ཙམ་ལྷོད་པར་གྱུར་པས། ད་གཟོད་ཁོས་རང་ཉིད་ཕམ་པ་ངོས་ལེན་བྱ་དགོས་པའི་དུས་ཡིན་པ་ཤེས། “ང་ཤོར་སོང་།” ཁོའི་ཁ་ནས་ཚིག་དེ་ལས་གཞན་མ་ཐོན། དེ་བས་ཏགས་སེ་ལངས་ནས་ཕྱི་ལ་དོན། ཕྱིར་བལྟས་ཙམ་ཡང་མ་བསློགས་པར་མཆོད་རྟེན་གྱི་རྒྱལ་སྒོའི་ཁར་ཕྱིན་ཏེ། གླ་འཁོར་ཞིག་གི་ནང་ལ་འཛུལ། ཁ་ལོ་པས་གར་འགྲོ་དྲིས། ཁོ་ལ་གྲག་འགུལ་ཅི་ཡང་མེད་པས། ཁ་ལོ་པས་རྒྱབ་ལ་ལྟ་བཞིན་སླར་ཡང་དྲིས། ཁོས་ཅི་ཡང་མ་ལབ་པར་སར་བབས་ཏེ་རང་ཁྱིམ་གྱི་ཕྱོགས་སུ་བསྐྱོད། “འདྲེ་མོ་་་་་་ བཤང་འཚོང་མ་་་་་་་ ངས་ཁྱོད་ལ་རྟགས་ཤིག་མ་བརྒྱབ་ན་ང་སྐྱེས་པ་ཕོ་མིན་་་་” ཁོས་ཆིག་ལབ་རྒྱག་གིན་རྒྱག་གིན་གོམ་པ་སྤོས།
“པ་ལགས། པ་ལགས། པ་ལགས་སླེབས་བྱུང་། ཨ་མ་ལགས། པ་ལགས་སླེབས་བྱུང་།” བུ་མོས་རབ་གསལ་ཁ་ནས་ཁོ་མཐོང་བ་ན་དགའ་ཚོར་ཆེན་པོས་སྐད་ཅོར་བརྒྱབ། “པ་ལགས་་་་་་ པ་ལགས་ཀྱིས་ཅ་ལག་ཅིག་འཁྱེར་ཡོང་ཡ་བརྗེད་འདུག” ཁོ་དེ་མ་ཐག་ཁ་ཕྱིར་འཁོར། སླར་ཡང་སྒོ་ཆེན་ཁར་ཕྱིན་ནས་གླ་འཁོར་ཞིག་གི་ནང་ལ་འཛུལ། ཁ་ལོ་པས་གར་འགྲོ་དྲིས་པ་ན། ཁོས་ད་གཟོད་རང་ཉིད་ལ་གར་འགྲོའི་གཏད་སོ་མེད་པ་ཚོར་ཞིང་། བྱུང་རྒྱལ་དུ། “སུན་དྷ་ར།” ཞེས་བརྗོད། ཁ་ལོ་པས་རྒྱལ་སའི་ཕྱོགས་སུ་བསྐོར། དེ་ཙམ་ན་ཁོས་ཋ་ལམ་ལ་ཕྱིན་ནས་མགྲོན་ཁང་ཞིག་ཏུ་ཞག་སྡོད་བྱས་རྗེས། སང་ཉིན་གང་བྱེད་བལྟ་དགོས་བསམས། དེ་མ་ཐག་བསམ་བློ་གཞན་ཞིག་འཁོར་བས། འཕགས་པ་ཤིང་ཀུན་ཕྱོགས་སུ་བསྐྱོད་ནས་ལྡི་ལིར་འགྲོ་བའི་འགྲུལ་འཁོར་ལ་ཞུགས།
ཉིན་མོ་དེ་ནས་བཟུང་ཉི་མ་རང་ཁྱིམ་ལ་གཏན་ནས་མ་ཕྱིན། ཁོས་ཉི་མ་དེར་རང་གི་ལུས་ཐོག་ན་གང་ཡོད་པ་དེ་ལས་གཞན་པའི་རྒྱུ་ནོར་ཅི་ཡང་མ་ཁྱེར། ཚོང་ཁང་དང་ཁྱིམ་གྱི་རྒྱུ་ནོར་ཐམས་ཅད་ཕྲུ་གུ་གསུམ་ལ་འཇོག་རྒྱུའི་ཐག་བཅད། ཕྲུ་གུ་ཚོས་ཐེངས་མང་པོར་ཞུ་བ་བྱས། མ་མཐར་ཡང་ལོ་སར་ལ་འོང་རོགས་ཞེས་ཞུ་བ་བྱས། ཡིན་ན་ཡང་། ཁོས་དང་ལེན་བྱེད་མ་ནུས། ཁོས་ཚོང་ལས་ཧ་ཅང་གལ་ཆེན་ཞིག་ཡོད་ཚུལ་དང་། དེ་ཚར་རྗེས་འོང་རྒྱུ་ཡིན་ཚུལ་བཤད་ནས་དུས་ཚོད་འགྱང་ཐབས་བྱས། ཁོའི་སེམས་ནི་དམག་མཚམས་བཞག་མ་ཐག་གི་གཡུལ་ས་ཞིག་དང་ཁྱད་པར་མེད། སྐབས་རེར་ཁོང་ཁྲོ་ལངས་ཤིང་མཚམས་རེར་ངུ་སྙིང་འདོད། ཆུང་མ་གསོད་རྩིས་བྱས་མྱོང་ལ། རང་ཤི་རྒྱག་རྩིས་ཀྱང་བྱས་མྱོང་། འོན་ཀྱང་། གལ་ལ་ཐུག་དུས་ཕྲུ་གུ་ཚོ་མིག་ལམ་དུ་ཤར་འོངས་པས། ཆེས་ཐལ་ཆ་ཆེ་བའི་བྱ་སྤྱོད་དེ་འདྲ་བྱེད་མ་ནུས། སྐབས་ཤིག་ཁོའི་སེམས་ལ། ཟླ་བར་གདེང་ཚོད་ཡོད་རབས་ལ་གཞིགས་ན། མོ་དང་ཟླ་བ་གཉིས་དེ་སྔ་ནས་འབྲེལ་བ་ཡོད་ཡོད་པ་ཡིན་ནམ་སྙམ་ཞིང་ཟླ་བར་ཁོང་ཁྲོ་ལངས། གྲི་གཙགས་ཤིག་བྱས་ནས་དམར་ཉོག་གེར་གཏོང་དགོས་སྙམ་ནས་གློ་གྲི་ཞིག་གྲ་སྒྲིག་བྱས། ཁོ་ལྡི་ལིར་འོངས་པའམ། རང་ཉིད་བལ་ཡུལ་ལ་འགྲོ་བའི་སྐབས་ཤིག་ལ་དགྲ་ཤ་ཡིད་ཚིམས་པ་ཞིག་ལེན་དགོས་སྙམ།
མི་ཚེ་ནི་རྨི་ལམ་དང་མཚུངས་པར་བཤད་ཚོད་གཏན་ནས་མི་ཐིགས། ཉི་མས་ཟླ་བ་གསོད་དགོས་བསམས་ནས་ཡུན་རིང་མ་ཕྱིན་པར་ཟླ་བ་ལ་ཆག་སྒོ་གནམ་ལ་མི་ཤོང་བ་ཞིག་བྱུང་། གལ་ཏེ། ཉི་མ་བླ་མ་ཞིག་གམ་སྔགས་པ་ཞིག་ཡིན་ན། ཟླ་བ་ལ་ཉི་མའི་མཐུ་ཟུག་པ་རེད་ཟེར་བར་སྣང་། ཉི་མ་ལྡི་ལིར་ཕྱིན་ནས་ཕྱིར་ལོག་རྒྱུ་མེད་པའི་གནས་ཚུལ་དེ་རིམ་གྱིས་དྲུང་པ་ཁྱིམ་མཚེས་དང་ངོ་ཤེས་ཚོའི་གླེང་གཞིར་གྱུར་པ་དང་། ཟླ་བའི་ཆུང་མས་ཀྱང་ཟུར་ཙམ་གོ་བྱུང་བས། མཐར་ཟླ་བས་གསལ་བཤད་བྱེད་དགོས་བྱུང་། ཟླ་བའི་ཆུང་མས་ཟླ་བ་ལ་འཁྲུགས་པ་ཚ་ཐག་ཆོད་བརྒྱབ་པར་མ་ཟད། ཨ་རི་ན་ཡོད་པའི་བུ་མོས་ཀྱང་སྐྱོན་བརྗོད་དྲག་པོ་བྱས། ཟླ་བའི་རེ་བ་ནི་ཉི་མ་ཕྱིར་འོངས་ནས་སྔར་བཞིན་སྡོད་རྒྱུ་དེ་རེད། ཉིན་རེ་བཞིན་དུ་ཁོས་ཉི་མའི་སེམས་ལ་སོས་དཀའ་བའི་རྨ་ཁ་བཟོས་ཡོད་པའི་ངེས་ཤེས་ཇེ་ཟབ་ལ་སོང་། དེ་བས་ཁོས་ཉི་མར་ཁ་པར་བཏང་། ཨང་གྲངས་གནོན་སྐབས་ཁོས་རང་གི་ལག་པ་འདར་བཞིན་པ་ཚོར་ཡང་མིག་བཙུམས་ནས་ཁ་པར་རྣ་རྩར་སྦྱར། ཉི་མས་ཁ་པར་མ་བླངས། ཁོས་དབུགས་རིང་ཞིག་བཏང་ཞིང་དེ་ཡང་ཡག་བྱུང་སྙམ། ཁོས་སླར་ཡང་བསམ་བློ་ཞིག་བཏང་། “ངེད་གཉིས་ཀྱིས་རྒྱན་བཙུགས་ནས་ཁྱེད་རང་ཤོར་བ་རེད། ང་ལ་ངན་ཁག་གང་ཡོད།” ཁོས་དེ་ལྟར་ཆིག་ལབ་བྱེད་ཀྱིན་སླར་ཡང་ཁ་པར་བཏང་། ཉི་མས་ཁ་པར་གཏན་ནས་མ་བླངས། ཉི་མ་རེ་རེ་ཕར་འདས་པ་ན། ཁོས་རང་གི་རེ་བ་འབྲས་མེད་ཡིན་པ་ཚོར།
ཟླ་བ་བཟའ་ཚང་གཉིས་ལ་བུ་མོ་གཅིག་ལས་མེད་ལ། གཅིག་པོ་ཨ་རིར་ཕྱིན་ནས་ལོ་ཤས་ཕྱིན་པས། ཁོ་རང་གཉིས་གཅིག་པོ་ཡིན། ཁོ་གཉིས་ལ་རང་ཉིད་ཀྱི་ཁང་པ་མེད་མོད། སྡོད་ཁང་ཡག་ཐག་ཆོད་ཅིག་གླས་ནས་བསྡད་ཡོད། ཟླ་བའི་ཚོང་གི་ཁེ་སྤོགས་དེ་ཙམ་ཡག་པོ་མེད་རུང་བུ་མོས་དངུལ་ཕྲན་བུ་རེ་རྒྱུན་དུ་བཏང་འོང་བས་སྡོད་ཁང་ཚོང་པ་གཞན་དག་ལས་ཞན་པ་ཞིག་ལ་སྡོད་འདོད་མེད། ཁོ་གཉིས་ཀྱི་ཐབ་ཚང་གི་སྒེ་ཁུང་ནས་བལྟས་ན་ཉི་མའི་ཆུང་མ་དང་བྱིས་པ་རྣམས་རབ་གསལ་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་པ་མཐོང་ཐུབ། དེར་བརྟེན། ཟླ་བའི་ཆུང་མས་ཟླ་བ་ཐབ་ཚང་ནང་ན་ཡོད་པ་མཐོང་མི་འདོད་པར་གྱུར། དགུན་གྱི་གནམ་གཤིས་ལ་ཁ་གཡར་ནས་ཐབ་ཚང་གི་སྒེ་ཁུང་ལ་ཡོལ་བ་མཐུག་པོ་ཞིག་བརྒྱབ། རྒྱུན་དུ་ཟླ་བའི་འགྲོ་འདུག་སྤྱོད་གསུམ་ལ་དོགས་ཟོན་བྱས།
ཟླ་བ་བཟའ་ཚང་གཉིས་གྲོགས་པོ་ཞིག་གི་བུའི་སྐྱེས་སྐར་ལ་སོང་བའི་སྐབས། ཟླ་བས་ཏག་སེ་རྩེ་ཞོར་དང་ཨ་རག་འཐུང་ཞོར་བྱས་པས། མཚམས་ཤིག་ལ་སྦ་རེ་སྦིར་རེ་ཆགས། ཡིན་ན་ཡང་། རྙོག་དྲ་གཏན་ནས་མེད་པར་ཆུང་མ་དང་ལྷན་ཅིག་རང་ཁྱིམ་ལ་ལོག །ཁྱད་མཚར་བ་ཞིག་ལ་ཁྱིམ་ལ་སླེབས་རྗེས་བཟི་གཏམ་མང་དུ་བཤད་པར་མ་ཟད། སླར་ཡང་ཏག་སེ་རྩེ་རུ་འགྲོ་རྒྱུ་ཡིན་ཞེས་ཨུ་ཚུགས་བརྒྱབ་ནས་ཕྱི་ལ་འགྲོ་རྩིས་བྱས། ཆུང་མས་ནན་གྱིས་བཀག །ཁོས་སྒོ་ཁ་ནས་ཕྱི་ལ་འཐེན། ཆུང་མས་ནང་ལ་འཐེན། ཁོས་ཚ་འཐེན་ཞིག་བྱས་པས་ལག་པ་ཆུང་མའི་ལག་ནས་ཤོར་ཏེ། ཁོ་རང་རྡོ་སྐས་སྟེང་ནས་མར་རིལ་ཞིང་། སྐས་གདང་ཞབས་མའི་སྟེང་དུ་མགོ་བོ་བརླའི་བར་ལ་བརྫངས་ནས་འགུལ་སྐྱོད་མ་ནུས་པར་ལུས། ཆུང་མས་ཤུགས་ཡོད་ཚད་བརྒྱབ་རུང་ཟླ་བ་ཡར་སློང་མ་ཐུབ། མཐར་ཁྱིམ་མཚེས་འགས་རོགས་རམ་བྱས་ནས་ཉལ་ཁྲིའི་སྟེང་ལ་བསྐྱལ། ཆུ་ཚོད་རེ་རེ་ཕར་འདས་རུང་། ཟླ་བ་སྔར་བཞིན་དབུགས་གཏོང་ལེན་བྱེད་པ་ལས་ཁ་གྲག་རྒྱུ་མེད་པར་ལུས། ཆུང་མའི་སེམས་ལ་དངངས་འཚབ་རབ་ཏུ་སྐྱེས། ནམ་ལང་ཁར་སྨན་ཁང་དུ་བསྐྱལ། སྨན་པས་བརྟག་དཔྱད་རིམ་པར་བྱས་རྗེས། “ཨ་ཁ། ཅུང་ཟད་འཕྱིས་དྲགས་འདུག །འོན་ཀྱང་། ཐབས་ཤེས་གང་དྲག་བྱེད་ཆོག་”ཟེར། དེ་ནས་བཟུང་ཟླ་བ་མལ་ས་རུ་ཉལ་ནས་སྡོད་པ་ལས་ཡར་ལངས་ནས་འགྲོ་བའི་ཉི་མ་ད་དུང་ཤར་མེད། དེ་ནི་ཁོས་ཉི་མ་ལ་སྒུག་ཡོད་པ་དང་མཚུངས། ཡིན་རྒྱུ་ནི་རྡོ་སྐས་སྟེང་ནས་མར་འགྲིལ་བའི་སྐབས་སུ་སྟབས་མ་ལེགས་པར། སྒལ་རུས་ཀྱི་སྣེ་མོ་སྐས་གདང་གི་ཟུར་ལ་བརྡབས་ནས་སྒལ་རྩ་ཚབས་ཆེར་བསྣད་པ་དང་། ཆུང་མས་དེ་འདྲའི་ཚབས་ཆེན་ཞིག་རྨས་ཡོད་པ་མ་ཤེས་པར་སྨན་བཅོས་བྱེད་པ་དུས་འགྱངས་སུ་ཕྱིན་པས་རེད།
གནས་ཚུལ་དེ་ཉི་མས་ཀྱང་མི་གོ་བ་ག་ལ་སྲིད། གོ་མ་ཐག་ཁོ་ལ་དེ་དགོས་སྙམ་ཞིང་ཡིད་ཚིམས་པའི་སྣང་བ་ཞིག་སྐྱེས། འོན་ཀྱང་། ཉི་མ་རེ་རེ་དང་ཟླ་བ་རེ་རེ་རིམ་གྱིས་རིམ་གྱིས་ཕར་ཕར་འདས་པ་ན། ཚོང་ལ་ལམ་འགྲོ་རྒྱུགས་པ་དང་བསྟུན་ནས་སེམས་པའང་དུས་ཀྱི་འགྱུར་བ་དང་འདྲ་བར། གྲང་ཤུར་ཤུར་ནས་དྲོ་ལམ་ལམ་དུ་འགྱུར་བའི་མགོ་བརྩམས། ཁོས་རང་ཤི་རྒྱག་རྩིས་མི་བྱེད་ལ། ཕྲུ་གུའི་ཨ་མ་གསོད་རྩིས་ཀྱང་མི་བྱེད། ཟླ་བ་ལའང་ཞེ་འཁོན་མེད་པར་མ་ཟད། ཁོ་རང་བལ་ཡུལ་ལ་སླེབས་དུས་ཟླ་བར་ལན་ཅིག་ལྟ་རུ་འགྲོ་དགོས་སྙམ། དེ་ནི་ལོས་ཡིན། སྐབས་དེར་ཁོས་རང་ཉིད་རྒྱན་བཙུགས་ནས་ཕམ་པ་ཡིན་པར་ངོས་ལེན་བྱེད་བཞིན་ཡོད་པ་ལས་ཟླ་བའི་གཡོ་བྱུས་ཤེས་མེད།
ཁོ་སློབ་གྲྭར་སོང་མ་མྱོང་རུང་། ཚོང་གི་ཐད་ལ་རྣམ་རིག་གྲུང་པོ་ཞིག་ཡོད། ལྡི་ལིར་བསྡད་པའི་རིང་ལ། ཁོའི་སེམས་ན་སྡུག་བསྔལ་ཤིན་ཏུ་ཆེ་རུང་། རང་ཉིད་སྐྱེས་ཕོ་རབ་ཅིག་ཡིན་པའི་ལ་རྒྱ་གཏན་ནས་འཆོར་དུ་མི་འཇུག་པའི་ཐབས་ཤེས་བྱས་ནས། བློ་རིག་བསྒྲིམས་ནས་ཚོང་ལས་ལ་ནན་ཏན་བྱས། ལ་དྭགས་ཕྱོགས་ནས་སྐུ་རྙིང་ཞིག་རག་ཐབས་བྱེད་བཞིན་པའི་ཚོང་ཤག་ཅིག་དང་བསྡོངས་ནས་ཐབས་བརྒྱ་ཇུས་སྟོང་གིས་འབད་པ་བྱས་པས་སྐུ་རྙིང་འགའ་ཞིག་ལག་ཏུ་ཆུད། ཉུང་མཐར་ཡང་ཧིན་སྒོར་ས་ཡ་འགའི་ཁེ་བཟང་ཡོད་པར་དོགས་པ་མེད། ཁོ་ཡང་ལག་ལ་ཕྲེང་བ་འབྲལ་མེད་དུ་འཛིན་ཅིང་། ཁ་ནས་གཟུངས་སྔགས་ཆད་མེད་དུ་བགྲང་བའི་བོད་པའི་ཚོང་པ་སྤྱི་དང་འདྲ་བས། ཆོས་དད་ཆེ་བ་སྨོས་མ་དགོས། ཚོང་གི་ལམ་འགྲོ་རྒྱུགས་པ་ཕྲེང་བ་བཟུང་ནས་གཟུངས་སྔགས་བགྲང་བའི་བཀའ་དྲིན་ཡིན་པར་སྙམ། དེ་བས་དད་པ་སྔར་བས་ཀྱང་ཇེ་ཆེར་སོང་ཞིང་ཁེ་བཟང་གི་བརྒྱ་ཆ་ཉི་ཤུ་ཙམ་ཆོས་ཕྱོགས་སུ་གཏོང་རྒྱུའི་ཐག་བཅད། དེ་ལྟར་གྲ་སྒྲིག་ཚགས་ཚུད་ཅིག་བྱས་ཏེ་བལ་ཡུལ་ལ་ལན་ཅིག་འགྲོ་བའི་སྟ་གོན་བྱས། ཁོ་ལྡི་ལི་ལ་འོངས་དུས་དགུན་ཁ་ཡིན་མོད། ད་ནི་སོས་ཀ་ཚེས་འདུག་པས་ཚ་བ་ཧ་ཅང་ཆེ། དེས་ཀྱང་ཁོ་བལ་ཡུལ་ལ་ལན་ཅིག་ཕྱིན་ན་འདོད། བལ་ཡུལ་དུ་ཕྱིན་ནས་ངོ་ཤེས་ཚོའི་མདུན་དུ་རྒྱུ་ངོམ་ཞིག་བྱས་ན་འདོད།
སྤྱི་ཟླ་བཞི་བའི་ནང་ཉི་མ་བལ་ཡུལ་ལ་སླེབས། འགྲོ་རོགས་འདུག་རོགས་གཙོ་བོ་ནི་བསྟན་འཛིན་རེད། དེ་ནི་ལོས་ཡིན། ཁོ་གཉིས་ཀྱི་བར་ལ་ཞེ་འགྲེ་དགོས་པའི་གནས་ཚུལ་ཅི་ཡང་བྱུང་མེད། ལྷག་པར་དུ་ཋ་མལ་གྱི་རྒྱ་རྒན་ཚོར་འབྲེལ་བ་བྱེད་དུས། ཉི་མའི་རྒྱ་སྐད་ཀྱིས་གོ་ཡག་པོ་རང་མི་ཆོད་པས་རྒྱུན་དུ་བསྟན་འཛིན་འབོད། བསྟན་འཛིན་རྒྱ་སྐད་ལ་བཟང་བས་ཉི་མ་དང་རྒྱ་མི་ཚོང་པའི་བར་ནས་བར་ཁེ་མི་ཉུང་བ་རག །
བསྟན་འཛིན་གྱིས་ལོ་ཙཱ་གང་ཐུབ་ཅི་ནུས་བྱས་ཤིང་། ཉི་མས་རང་གི་རྣམ་རིག་གྲུང་པོ་སྤྱད་དེ་སྐུ་རྙིང་དེ་ཁོ་རང་གི་འདོད་པ་ལྟར་བཙོང་ཐུབ་སོང་། ཉི་མས་བལ་སྒོར་བྱེ་བ་གཅིག་ལྷག་གི་ཁེ་བཟང་རག །ཁོས་བསྟན་འཛིན་ལ་བར་ཁེའམ་རྔན་པ་འབུམ་ལྔ་སྤྲད། བསྟན་འཛིན་ཡང་ཤིན་ཏུ་དགའ། ཁོ་གཉིས་ཧ་ཅང་སྐྱིད་པའི་དུས་སྐབས་ཤར། བསྟན་འཛིན་གྱིས་ཉི་མ་ཀ་ཋ་མན་ཌུའི་སྤྲོ་སྐྱིད་གཏོང་ས་ཡོད་ཚད་ལ་ཁྲིད། ཞབས་བྲོ་ཁང་དང་འཕུར་མཉེད་ཁང་། ཁྲུས་རྫིང་ལེགས་ཤོས་སོགས་མ་ཁྲིད་ས་གཅིག་ཀྱང་མེད་པ་བྱས།
“དེ་རིང་ག་ན་འགྲོ་ལེ་ཡིན།” ཉིན་ཞིག་གི་སྔ་དྲོ་བསྟན་འཛིན་དང་ཉི་མ་གཉིས་ཀྱིས་ཞོགས་ཇ་བཏུངས་རྗེས། བསྟན་འཛིན་གྱིས་ཉི་མར་དེ་ལྟར་དྲིས།
“རྟག་པར་ཋ་ལམ་ལ་ཕྱིན་ནས་ཉོབ་སོང་། འགྲོ་ས་གཞན་པ་ཡོད་བ་མ་རེད་བེ།”
“ཨོ་རེད། དེ་རིང་་གཟའ་སྤེན་པ་རེད་ཙང་། ཋ་མལ་ལ་སྒོ་ཕྱེ་གི་མ་རེད།” བསྟན་འཛིན་གྱིས་མུ་མཐུད་ནས་་་་ “སྡོད་ཨ། ཨང་་་་་་། ཡོད་ལེ་རེད། ཋ་ལམ་ལས་ལྷག་པའི་ཡག་པོ་དེ་འདྲ་ཅི་མ་རེད། ཡིན་ན་ཡང་། མ་འདྲ་བ་ཞིག་ཡོད་ལེ་རེད། ཅི་འདྲ་འགི།”
“དེ་ག་རང་བྱེད།” ཉི་མས་བསྟན་འཛིན་གྱིས་བཤད་པ་ལ་མོས་མཐུན་བྱས། ཁོ་གཉིས་ཀྱིས་གླ་འཁོར་ཞིག་གླས་ནས་མཆོད་རྟེན་ནས་འཕགས་པ་ཤིང་ཀུན་ལ་འགྲོ་སའི་ལམ་ཆེན་དེད་ནས་སོང་། མོ་ཊའི་ནང་དུ་ཉི་མས་རང་གི་སྐེ་ལ་བཏགས་པའི་གཟི་དེ་ལ་ལག་པས་རེག་བཞིན། ” གསུམ་ད་མིག་བཙུམས་ན་འགྲིག་གི་རེད། མ་རེད་བེ།” ཞེས་ཟེར་བཞིན་ཁ་བསྟན་འཛིན་ལ་འཁོར།
“ཚད་ལེ་མ་རེད། བཞི་ལྔ་ཞིག་ལྟ་མིག་བཙུམས་ན་འགྲིག་ལེ་རེད།” བསྟན་འཛིན་གྱིས་མུ་མཐུད་ནས་ “དེ་དུས་་་་ དེ་དུས་ ཡང་་་་ ང་བརྗེད་ལེ་མ་རེད་བ།” ཞེས་བྱེ་བ་བཞི་ལྔ་ཞིག་ཁུག་པའི་ཚོད་དཔག་བྱས་པ་དང་ཆབས་ཅིག །སྐབས་དེར་ཡང་ཆག་པ་འགའི་དངོས་གྲུབ་གནང་བའི་བརྡ་བསྟན།
“ཡིན་དང་ཡིན། སྣང་དག་མེད།” ཉི་མས་བསྟན་འཛིན་གྱི་ཚིག་གི་གོ་བ་མི་ལོན་པ་ག་ལ་སྲིད། ཁོས་ཁས་བླངས། ཁ་ཙམ་མིན་པར་སེམས་ནས་ཁས་བླངས།
སྐར་མ་སུམ་ཅུ་ཡས་མས་ཤིག་ལ་སོང་བས། འགྲུལ་འཁོར་འབབ་ཚུགས་གསར་བ་ལ་སླེབས། བསྟན་འཛིན་གྱིས་ཁ་ལོ་པར་རྡལ་གླ་བྱིན་ཏེ། མི་ཚོགས་འཚང་ཁ་ཧ་ཅང་ཆེ་བའི་སྲང་ལམ་ཞིག་གི་ནང་ལ་ཁྲིད། སྲང་ལམ་གཡས་གཡོན་ནས་གཞོན་ནུ་མ་མང་པོས་མིག་བརྡ་དང་ལག་བརྡ་སྣ་ཚོགས་བྱས། དེ་དག་གིས་འཇོ་སྒེག་གི་ཉམས་ཅི་ཙམ་བསྟན་ཀྱང་། གྲོང་གསེབ་ནས་སླེབས་མ་ཐག་པ་ཡིན་པའི་རྟགས་ཤིག་མཛེས་བཟོ་བྱེད་སྟངས་དང་གྱོན་གོས་གོན་སྟངས་ཚུན་ཆད་ནས་གསལ་ལྷང་ངེར་མངོན་འདུག །ཉི་མས་དེ་དག་བློ་ལ་མ་བབས་པར་བསྟན་འཛིན་ལ། “ས་ཆ་མདོག་ངན་འདི་འདྲ་ཅིག་ལ་ཁྲིད་ཡོང་ནས་་་་་” ཞེས་ལེ་བདའ་བྱེད་བཞིན་གཞན་ཞིག་ལ་འགྲོ་བའམ་ཕྱིར་ལོག་པའི་སྐུལ་མ་བྱས།
“ཅི་ཟེར་ལེ་རེད། ཤོག་དང་། ཡོད་ལེ་རེད་གདའ།” བསྟན་འཛིན་གྱིས་ཨར་ཁང་རེ་རེ་ལ་ཞིབ་ལྟ་བྱེད་བཞིན་སོང་ཞིང་། སྐབས་ཤིག་ལ་གུ་དོག་ཅིག་ལ་འཛུལ་ནས་ཕྱིན། ཉི་མ་ཁོའི་རྗེས་སུ་འབྲངས། ཁོ་གཉིས་ཨར་ཁང་ཞིག་གི་ནང་ལ་སླེབས། ཨར་ཁང་དེའི་ནང་ལོགས་ན་བར་ཆོད་པང་ལེབ་ཀྱིས་བྱས་པའི་ཁང་མིག་ཆུང་ཆུང་དྲུག་བདུན་ཞིག་ཡོད་པ་དང་། གཡས་ཀྱི་དང་པོ་དེ་ནི་ཐབ་ཚང་རེད། ཐབ་ཚང་ལ་ཡོལ་བ་ཡང་མེད་པས་ཉི་མས་ཐབ་ཀྱི་སྟེང་ཐད་ན་ཟོག་ཤ་ལེབ་མོ་འགའ་གདང་ལ་བཀལ་ནས་བཞག་ཡོད་པ་དང་། སྦྲང་ནག་འཚང་ཁ་བརྒྱབ་ནས་བབས་ཡོད་པ་མཐོང་བས། སེམས་ལ་འདི་ནི་ཟ་ཁང་ཆེས་དཀྱུས་མ་དེ་གའི་གྲས་རེད་སྙམ་ཞིང་སྣ་གཉེར་བྱེད་བཞིན་ཁང་མིག་གཞན་ཞིག་གི་སྒོ་ཡོལ་ཡར་བཀྱགས་ནས་ལྟ་ཙམ་བྱས། ཁང་མིག་དེའི་ནང་ན་མི་གཉིས་རེ་ཤོང་བའི་ཤིང་གི་རྐུབ་སྟེགས་རིང་པོ་གཉིས་དང་ཅོག་ཙེ་གཅིག་བཅས་བཞག་ཡོད་པ་མཐོང་། དེ་དག་ཀྱང་ཆེས་དཀྱུས་མ་རྙིང་པ་དེ་འདྲ་ཡིན་པ་ལས་དམིགས་བསལ་ཅི་ཡང་མ་མཐོང་། དེ་མ་ཐག །ཕྲུ་གུ་མ་འབྱར་ཞིག་སྟ་ཟུར་གཡས་པར་ཞོན་སྟབས་ཀྱིས་ཉར་ཞིང་། ལག་པ་གཡས་པས་དེ་སྐྱོར་བཞིན་པའི་བུད་མེད་ཅིག་འོངས་ནས། ཕྲུ་གུ་གཡོན་ཕྱོགས་སུ་སྤོ་ཞོར་ཁོ་གཉིས་ལ་སྣེ་ལེན་བྱས། ཉི་མ་དེ་བས་ཀྱང་ཞེ་མེར་ལངས། དེ་ནས་གཞོན་ནུ་མ་ལྔ་དྲུག་ཅིག་སྒོ་འགྲམ་དུ་ལངས་ནས་འཛུམ་དམུལ་དམུལ་བྱས། དེ་ཚོ་ཚང་མ་གཟུགས་ཐུང་ཞིང་རྐེད་པ་སྦོམ་ལ། སྣ་ལེབ་ཅིང་མིག་ཆུང་བའི་རིགས་ཤ་སྟག་རེད། ཉི་མས་བསྟན་འཛིན་ལ་གྲུ་གདོང་གིས་ཐུག་ཙམ་གཞུས་ནས་ཕྱིར་དོན། “མདོག་ཉེས་རྐྱང་རྐྱང་་་་” ཟེར་བཞིན་ཕྱིར་ལམ་ཆེན་གྱི་ཕྱོགས་སུ་བསྐྱོད། བསྟན་འཛིན་གྱིས། “ནམ་རྒྱུན་ཨེ་ན་ཅིག་ཡོད་་་་་་་” ཟེར་བཞིན་ཉི་མའི་རྗེས་སུ་བསྙེགས། ཁོ་གཉིས་ཀས་གཡས་གཡོན་གྱི་ཨར་ཁང་དེ་དག་ལ་སྔར་བཞིན་མིག་ཉུལ་བྱེད་བཞིན་ཕྱིན། དེ་ཙམ་ན་ཉི་མའི་མིག་གཉིས་ཅི་ཞིག་ལ་ཐོགས་ནས་ཕྱོགས་དེ་ལས་གཞན་ལ་འཁོར་མི་ཤེས་པར་གྱུར། བསྟན་འཛིན་གྱིས་དེའི་ཕྱོགས་སུ་བལྟས་པ་ན། ཨར་ཁང་ཞིག་གི་སྒོ་ཁར་བུ་མོ་ཞིག་ལངས་ནས་བསྡད་འདུག །ཕྲ་ས་ཕྲ་ལ་འབུར་ས་འབུར་བའི་བུ་མོ་གཟུགས་རིང་དེས་ཁོ་གཉིས་ལ་མིག་ཟུར་གྱིས་ལྟ་ཙམ་བྱས་བྱས་ནས་མགོ་བོ་ནང་ལ་གུག་ཙམ་བྱས་རྗེས། ཕྱིར་མིག་ལྟ་ཙམ་ལྟ་ཙམ་བྱེད་བཞིན་ཨར་ཁང་ནང་ལ་འཛུལ། ཁོ་གཉིས་དེའི་རྗེས་བསྙེགས་ནས་སོང་།
ཁོ་གཉིས་ཀྱིས་སྦི་རག་འཐུང་ཞོར་དང་བུ་མོ་ཚོར་ཁ་རྩེ་ཞོར་བྱས། ཉི་མ་ལ་མཚོན་ན་ལོ་བཅོ་ལྔ་ལྷག་ལ་རང་གི་ཆུང་མ་ལས་གཞན་པའི་བུད་མེད་ལ་ལག་པ་འཆང་ཙམ་ཡང་བྱས་མ་མྱོང་ཞེས་བཤད་ན་སྐྱག་རྫུན་གཏན་ནས་མིན། འོན་ཀྱང་། འདས་པའི་ཟླ་བ་འགའ་དང་ལྷག་པར་དུ་ལྡི་ལི་ནས་བལ་ཡུལ་ལ་སླེབས་རྗེས། བསྟན་འཛིན་དང་མཉམ་དུ་འཛུལ་ས་ཡོད་ཚད་ལ་འཛུལ་ནས་བྱེད་རྒྱུ་ཡོད་ཚད་བྱས། དེ་ནི་ལོ་བཅོ་ལྔའི་གྱོང་གུན་ཁ་གསབ་བྱེད་པ་དང་མཚུངས། བློ་མི་བདེ་ས་ཞིག་ཡོད་པ་ནི་ནད་ངན་འགོ་མི་ཡོང་ངམ་སྙམ་པ་དེ་རེད། དེ་ལས་གཞན་པའི་སེམས་ཁྲལ་ཅི་ཡང་མེད། བསྟན་འཛིན་དེ་སྔ་ནས་ཧྲེང་ཧྲེང་རེད། དེར་བརྟེན། ཁོ་གཉིས་ལ་བྲེལ་བ་གཏན་ནས་མེད། ཁོ་གཉིས་ཀྱིས་མ་ཧེའི་ཤ་བསྲེགས་མ་ཟ་ཞོར་དུ་སྦི་རག་བཏུངས། བུ་མོ་སྣ་རིང་དེ་ཐེ་བའི་ཞབས་ཞུ་མ་གཉིས་གསུམ་ཞིག་གིས་འཐུང་རོགས་བྱས། མཚམས་ཤིག་ལ་ཅོག་ཙེའི་སྟེང་སྦི་རག་གི་ཤེལ་དམ་སྟོང་པས་གང་འདུག །དུས་ཚོད་ཐུང་ངུའི་ནང་དེ་འདྲའི་མང་པོ་བཏུང་ཐུབ་པ་ལ་ཁོ་གཉིས་ཀ་ཧ་ལས། གལ་ཏེ། ཤེལ་དམ་སུམ་ཅུ་ཙམ་བཏུངས་ཡོད་པའི་དབང་དུ་བཏང་ན་ཧ་ལམ་སྒོར་མོ་ཁྲི་གསུམ་ཙམ་སོང་ཡོད།
ཡིན་ནའང་། དུས་སྐབས་དེ་ནི་ཁོ་གཉིས་ལ་དངུལ་སེར་སྣ་ཤོར་མི་དགོས་པ་ཡོད་པའི་སྐབས་ཡིན་པས་ཁྲི་གསུམ་ཕར་ཞོག །འབུམ་གསུམ་ལ་ཡང་སེམས་ཁྲལ་མི་བྱེད། དེ་བས་ཉི་མས་ཁོ་རང་གི་གཡོན་ན་བསྡད་ཡོད་པའི་བུ་མོ་གཟུགས་རིང་དེའི་བརླ་དང་དཔུང་པར་ལག་པ་རེག་ཙམ་བྱེད་བཞིན། མགོ་བོ་གཡོན་ཕྱོགས་སུ་བཏུད་ཙམ་བཏུད་ཙམ་བྱས། མིག་གི་མདའ་མོ་བུ་མོ་དེའི་བྲང་གི་ནུ་རྩ་ནུ་ཁེབས་ལས་ཕྱི་ལ་མངོན་པར་བྱས་པ་དེ་ལ་ཟུག །བུ་མོ་དེས་ག་ལེར་ཉི་མའི་ལག་པ་མོ་རང་གི་བརླའི་སྒང་ལ་འཕུར་ཙམ་རེ་བྱས། སྣ་འབིགས་ལ་ངོ་བྱད་རིང་བའི་བུ་མོ་དེའི་ཁྲ་རིག་རིག་གཡོ་ཞིང་འགུལ་བའི་མིག་གཉིས་པོ་ནི། ལག་རྩལ་ཆེས་སྔོན་ཐོན་གྱི་སོ་ལྟའི་གློག་མིག་ཆ་གཅིག་དང་མཚུངས་པར་སྐར་ཆ་རེར་ཡང་མི་སྡོད་པར་ག་ས་གང་ལ་མྱུལ་བཞིན་མཆིས། གསེར་ནག་གི་ཟླ་ཚེས་ལྟ་བུའི་སྨིན་མ་གཉིས་པོ་ཡང་མཐོང་ཚད་ཀྱི་གསང་བ་རྙེད་པར་རམ་འདེགས་བྱེད་ཆེད། སྟངས་འཛིན་པས་ཆེད་དུ་བསྒར་བ་དང་འདྲ། དེ་བས་མིག་དེ་གཉིས་ཀྱིས་ཉི་མའི་ཀོ་ཁུག་ནང་གི་སྒོར་མོ་རེ་རེ་མཐོང་གི་ཡོད་པ་འདྲ་ལ། ཐ་ན་ཉི་མའི་བྲང་གི་གྱོན་གོས་དང་སྐྱི་པགས་བརྟོལ་ནས་སྙིང་གི་ནང་ན་ཡོད་པའི་གསང་བ་རེ་རེ་ཡང་རྟོགས་ཀྱི་ཡོད་པ་འདྲ། མོས་ཉི་མའི་ལག་པ་མོ་རང་གི་བརླའི་སྒང་ལ་དལ་བུར་འཕུར་ཙམ་འཕུར་ཙམ་བྱེད་ཀྱིན། བརྩེ་འདང་ཐིན་ཏུ་ཟབ་པའི་དགའ་རོགས་ལ་ལོ་གཅིག་གི་རྗེས་ནས་ད་གཟོད་སླར་ཡང་ཐུག་པ་ལྟར། ཆགས་ཉམས་འདྲེས་པའི་འཛུམ་མདངས་ཕྱུང་ནས་ད་དུང་བཏུང་བྱ་འཁྱེར་ཡོང་བའི་བརྡ་བསྟན། “ད་གང་སོང་། འགྲོ་ས་མི་འདུག” ཉི་མས་ལག་གཡས་པས་རང་གི་གྲོད་པར་འཕུར་ཙམ་བྱེད་ཀྱིན་འཛུམ་བཞིན་སྨྲས། དེ་ནི་འཛུམ་ལ་འཛུམ་ལན་ཞིག་མ་བསློགས་རང་བསློགས་བྱུང་བ་དང་མཚུངས།
“སྦྱིན་བདག་ཆེན་མོ་ལགས། ང་ལ་ད་དུང་འདང་མ་སོང་། ང་ལ་འཐུང་རོགས་་་་་་་”
“ང་ཡང་ངོམས་མ་སོང་།” བསྟན་འཛིན་གྱི་འཁྲིས་ན་ཡོད་པའི་བུ་མོ་དེས་འཛུམ་གདོང་པ་ལ་མི་ཤོང་ལ་ཁད་ཅིག་སྟོན་བཞིན་བུ་མོ་གཞན་དེའི་སྐད་ཆ་མ་ཚར་གོང་ནས་དེ་ལྟར་སྨྲས།
བུ་མོ་གཅིག་གིས་སླར་ཡང་སྦི་རག་ཤེལ་དམ་ལྔ་དྲུག་ཅིག་འཁྱེར་འོངས། ཁོ་གཉིས་དལ་ཞིང་ལྷོད་པའི་ངང་ནས་རྩེ་དགར་རོལ། ཁོ་གཉིས་ལྷོད་ཤིག་གེར་སྡོད་ལུགས་ལ་བལྟས་ན། ཁོ་གཉིས་ནི་འཇིག་རྟེན་འདིའི་ཆེས་དལ་ཞིང་ལྷོད་པའི་མི་ལས་མེད་གཉིས་པོ་ཡིན་པ་འམ། ཡང་ན་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཟིན་པའི་མི་ཆེན་གཉིས་པོ་ཡིན་པ་འདྲ། ཁོ་གཉིས་ལ་ཉི་མ་རེར་དུས་ཚོད་ཞེ་བརྒྱད་ཡོད་པའམ། དུས་ཚོད་རེར་སྐར་མ་བརྒྱ་དང་ཉི་ཤུ་ཡོད་པ་ལྟ་བུར་སྣང་། འོན་ཀྱང་། དུས་ཚོད་ནི་སྐད་ཅིག་རེ་རེར་ཡང་མི་སྡོད་པར་ཤིན་ཏུ་མྱུར་བར་བགྲོད་ཅིང་། སྐད་ཅིག་མ་རེ་རེའི་ནང་ལ་གནས་ཚུལ་ཡག་ཉེས་ཅི་འབྱུང་སུས་ཀྱང་བཤད་མི་ཤེས། དེར་བརྟེན། ཁོ་གཉིས་ཨར་ཁང་དེ་ནས་ཕྱི་ལ་དོན་རྒྱུ་ཡོད་མེད་སུས་ཀྱང་བཤད་ཚོད་མི་ཐིགས། ཡིན་ན་ཡང་། འཇིག་རྟེན་ན་དེ་ལྟ་བུའི་ངོས་ཟིན་ཐོབ་པའི་མི་ཧ་ཅང་ཉུང་བས་ཉི་མ་དང་བསྟན་འཛིན་གཉིས་དེ་ལྟར་དལ་དལ་ལྷོད་ལྷོད་བྱས་ནས་སྡོད་པ་ལ་ཁག་ཅི་ཡང་མེད།
“ཅི་རེད། ཅི་་་་་་ ཨ་ཙི་་་་་་་ ས་འགུལ་་་་ ས་འགུལ་་་་་ བླ་མ་མཁྱེན་ནོའོའོའོ་་་་་་་” ཅོག་ཙེ་སྟེང་གི་ཤེལ་དམ་རྣམས་ཁྲོག་དི་རེར་གཡོ་འགུལ་བྱས་པ་ན། བསྟན་འཛིན་གྱི་མིག་བགྲད་ཅིང་ཁ་གདངས། དེ་ནས་ཅོག་ཙེའི་འོག་ལ་འཛུལ་རྩིས་བྱས།
“བྲོས་བྲོས་་་་མགྱོགས་པོ་བྲོས་་་་” འུར་སྒྲ་དང་ལྷན་ཅིག་མདུན་གྱི་ཅོག་ཙེ་དང་འོག་གི་རྐུབ་སྟེགས་སོགས་ཐམས་ཅད་འགུལ་བ་ན་ཉི་མས་བྲེལ་སྔངས་ཀྱི་ངང་ནས་དེ་ལྟར་བརྗོད་ཅིང་། ཉི་མའི་སྐད་གོ་བ་ན་བསྟན་འཛིན་ཡང་ཉི་མའི་རྗེས་ལ་རྒྱུགས་ནས་བྲོས།
“ཨ་རེ། བྷག་ཝནནནནནནན་་་་་”
“ཨ་མའའའའའའའ་་་་”
“ཤི་སོང་་་་་ ཤི་སོང་་་་་་ སྐྱོབས་དང་་་་་་་”
སྨྲེ་སྔགས་སྣ་ཚོགས་འུར་སྒྲའི་ཁྲོད་ནས་མཁའ་ལ་མཆེད། ས་གཞི་འདར་བའི་འུར་སྒྲ་དང་། ཁང་བརྩེགས་འགྱེལ་བའི་ལྡིར་སྒྲ། མི་ཚོགས་བྲོས་པའི་རྡོག་སྒྲ་སོགས་ཡ་ང་བའི་སྨྲེ་སྔགས་དང་འདྲེས། ཉི་འོད་བསྒྲིབས་པའི་རྡུལ་ཕུང་གི་ཁྲོད་ན་འཇིགས་སྐྲག་གིས་མནར་བའི་མི་ཚོགས་ལ་གར་འབྲོས་ཀྱི་གཏད་སོ་ཅི་ཡང་མེད། ཁ་ཤས་གཡས་སུ་བྲོས། འགའ་ཞིག་གཡོན་དུ་བྲོས། མི་ཡིས་མི་བརྫིས། ཁང་པས་ཁང་པ་གཉོགས། ལ་ལ་མི་ཡིས་བསྣད། འགའ་ཞིག་རྩིག་པས་རྨས། མང་པོ་ཁང་བརྩེགས་དང་རྩིག་གྱང་གིས་ཤ་ཉོག་རུས་ཉོག་ཏུ་བཏང་། མི་རོ་ས་ཡིས་མནན། ས་གཞི་རྡུལ་གྱིས་གཡོགས། འཇིག་རྟེན་གྱི་བྱེད་པོས་ལོ་བརྒྱ་ཕྲག་འགའི་འགྱུར་བ་བསགས་ནས་སྡེབ་གཏོང་བྱས་པ་དང་འདྲ་བར། སྐར་མ་འགའི་རིང་ལ་གནམ་ས་སྟེང་འོག་བརྗེས་པ་ལྟར་གྱུར།
དུས་ཡུན་ཅི་ཙམ་འགོར་བ་གསལ་ཆ་མེད་ཀྱང་། སྐབས་མཚམས་ཤིག་ལ་ཟུག་གཟེར་དྲག་པོ་ཞིག་གིས་ཉི་མ་བརྒྱལ་བ་ལས་བསླངས། ཁོའི་མཐའ་འཁོར་ན་ངོ་རྟགས་མི་ཆོད་པའི་མི་ཧ་ཅང་མང་། ངེས་མེད་ཀྱི་སྒྲ་སྐད་སྣ་ཚོགས་སྒྲོག “ཨ་ར་ར་་་་ རོགས་བྱོས་དང་་་་་” ཁོས་ཟུག་གཟེར་མ་བཟོད་པར་སྨྲེ་སྔགས་བཏོན། ཡུན་རིང་མ་ཕྱིན་པར་སླར་ཡང་ནག་འཐོམ་མེར་སོང་།
“དབྱངསསསས་་་་་་ཅནནནནནན་་་་་་ ངའི་བུ་་་་་མོའའའའའ་་་་་་་་་་་་ངའི་་་་་” ཉི་མ་ག་ལེར་འཕག་འཚག་བརྒྱབ་བྱུང་། ཚེ་རིང་གིས་རྣ་བ་ཉི་མའི་ཁ་སྒོར་གཏད་ནས་ཉན་པ་ན། ཉི་མས་རང་གི་ཕྲུ་གུ་ཆུང་ཤོས་དེའི་མིང་ནས་འབོད་ཀྱི་ཡོད་པ་ཚོར། ཚེ་རིང་གི་གདོང་ལ་འཛུམ་ཞིག་ལངས་པ་དང་དེ་ནས་སྐྱོ་ཉམས་ཤིག་ཀྱང་འཛུམ་མདངས་དེའི་རམ་འདེགས་སུ་ཤར།
“ཕྲུ་གུ་ཚོར་གང་ཡང་བྱུང་མེད། ཚང་མ་བདེ་བོ་རེད།” ཁོས་ཉི་མའི་རྣ་རྩར་དེ་ལྟར་བསྒྲགས།
ས་འགུལ་བརྒྱབ་པའི་ཉིན་དེའི་ས་སྲོད་ཙམ་ལ་ཚེ་རིང་ལ་ཁ་པར་འབྱོར། དེ་ནི་ཉི་མའི་རེད། སྐད་ཆ་བཤད་པ་ན་ཉི་མ་མིན་པར་རོང་པ་ཞིག་རེད། རོང་པ་དེས་ཁ་པར་འདིའི་བདག་པོ་ངོ་ཤེས་མིན་དྲིས་པ་དང་། དེ་ནས་ཁོ་རྨས་པ་ཚབས་ཆེ་བས་ཊེ་ཅིན་སྨན་ཁང་(Teaching Hospital) ལ་ཡོང་དགོས་ཚུལ་བཤད། ཚེ་རིང་དེ་མ་ཐག་སྨན་ཁང་ལ་ཕྱིན། ཁོ་ལ་རོགས་པ་ཞིག་མཁོ་བས་བསྟན་འཛིན་ལ་ཁ་པར་ཡང་ཡང་བཏང་རུང་འབྲེལ་མཐུད་བྱེད་མ་ཐུབ། དེ་ཙམ་ན་ཁ་པར་གྱི་སྐུད་ལམ་རྦད་དེ་ཆད་པས་ཁོས་སུ་ལ་ཡང་འབྲེལ་བ་བྱེད་མ་ནུས། ཁོ་རང་གཅིག་པོ་ཕར་རྒྱུགས་ཚུར་རྒྱུགས་བྱས། ནད་པར་ཉལ་ཁྲི་མ་ཐོབ་ཀྱང་། མྱུར་སྐྱོབ་ཀྱི་སྨན་ཁབ་རྒྱག་པ་སོགས་བྱེད་ཐུབ་པ་བྱུང་བས་བློ་ཅུང་ཟད་བདེ་བར་གནས། ད་ནི་ཉི་མ་བརྒྱལ་བ་སངས་ཤིང་དྲན་པ་སོས་བྱུང་བས་ཚེ་རིང་གི་ཡིད་ལ་སྤྲོ་བ་སྐྱེས། འོན་ཀྱང་། དགོས་ངེས་ཀྱི་སྨན་བཅོས་ཐོབ་དཀའ་བས་ད་དུང་སེམས་ངལ་ཤིན་ཏུ་ཆེ།
ཉི་མ་འགའ་ཞིག་ཕྱིན་སོང་། ཁ་པར་གྱི་སྐུད་ལམ་ཡང་མཐུད་ཐུབ་སོང་། ཡིན་ན་ཡང་། བསྟན་འཛིན་ལ་འབྲེལ་བ་གཏན་ནས་བྱེད་མ་ཐུབ། ཉི་མའི་ཕ་ཡུལ་གཅིག་པ་འགའ་རེ་འོངས་ནས་ཚེ་རིང་ལ་རོགས་རམ་བྱས། ཚང་མས་རེ་བ་དང་དངངས་འཚབ་ཀྱི་ངང་ནས་བརྟག་དཔྱད་རབས་དང་རིམ་པར་བྱས་པའི་འབྲས་བུར་བསྒུགས།
བརྟག་ཞིབ་ཀྱི་འབྲས་བུ་ཐོན་སོང་། ཡིན་ན་ཡང་། དེ་ཉི་མ་ལ་བཤད་ནུས་པ་སུ་ཡང་མེད། མཐར་ཚེ་རིང་གིས་སྙིང་སྟོབས་བསྐྱེད་ནས་”ངས་ལབ་དགོས།” ཟེར།
ཉི་མས་ཚང་མ་གོ་སོང་། ཁོའི་མིག་མཐར་མཆི་མ་འཁོར། ཁོས་མིག་བཙུམས་ཤིང་ཨམ་གཙིགས་བསྡམས་པ་ན་མཆི་མའི་རྡོག་པོ་འགའ་ག་ལེར་རྣ་ལྟག་གཡས་གཡོན་ནས་སྐྲ་གསེང་བརྒྱུད་དེ་སྔས་མགོར་ཐིམ། “རྐང་པ་གཏུབ་དགོས་པར་འདུག་ཨང་་་་་ ངའི་ལས་དབང་འདི་་་་་ ག་རེ་མ་འགྲིགས་པ་ཡིན་ན་་་་།” ཁོས་མིག་གཉིས་པོ་མདུན་ཐད་ཀྱི་བར་སྣང་ལ་གཏད་ནས་ཁེར་ལབ་ཅིག་བརྒྱབ། ཚེ་རིང་གི་མིག་གིས་མཐོང་སར་མིག་ཆུ་ཤོར་བ་ལ་ངོ་གནོང་བའི་སྣང་བ་ཞིག་སྐྱེས། ཁོས་ཁོ་རང་ད་བར་དུ་ངུས་པ་མི་དྲན། ཕལ་ཆེར་ནར་སོན་ནས་ངུས་པ་ཐོག་མ་ཡིན་སྲིད། “འོན་ཀྱང་། འདི་ནི་ཁྱོད་ཀྱི་མིག་ཆུ་མཐའ་མ་དེ་ཡིན་དགོས།” ཁོས་རང་ཉིད་ལ་བློ་སྤོབས་བསྐྱེད་ཐབས་བྱས། ཡིན་ནའང། འདོད་ཐོག་ལ་རྟ་རྒྱུགས་པ་མེད་པའི་ཐོག་ལ། མི་འདོད་པའི་སྒ་ཆག་རྒྱུ་མང་བ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས། ཁོའི་མིག་ཆུའི་རྒྱུན་འཆད་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན།
བརྟག་དཔྱད་ཀྱི་འབྲས་བུ་ནི་དེ་འདྲའི་ཡ་ང་བ་ཞིག་རེད། ཡིན་ན་ཡང་། བཟང་ན་བཟང་ཐག་དང་ངན་ན་ངན་ཐག་ཆོད་ཟིན་པས་ཁོ་རང་གི་བློ་རྣལ་ལ་བབས་འདུག །དེ་ཙམ་ན་སྨན་བཅོས་ཀྱི་འགྲོ་གྲོན་ལ་ཡང་བསམ་གཞིག་བྱེད་དགོས་པ་བྱུང་བས། ཁོས་རང་གི་སྐེའི་གཟི་དེ་དྲན་བྱུང་། ཁོས་སྐེ་ལ་ལག་རྙབ་བྱས། ལག་པ་གཡོན་པ་གཡས་པའི་ར་མདར་སྦྲན། ལག་པ་གཉིས་ཀས་སྐེ་ལ་བརྙབས་ཀྱང་གཏན་ནས་མ་རྙེད། ཁོས་ཚེ་རིང་ལ་དྲིས། ཚེ་རིང་གིས་ཁོའི་སྐེ་ལ་གཟི་བཏགས་ཡོད་པ་གཏན་ནས་མཐོང་མེད། ཁོས་སྐུ་རྙིང་དེ་བཙོངས་རྗེས་བལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་ཙམ་སྤྲད་ནས་གཟི་ཞིག་ཉོས་པ་དང་། ལམ་འགྲོ་རྒྱུགས་ན་བྱེ་བ་གསུམ་ཡས་མས་དང་། ཉུང་མཐར་ཡང་བྱེ་བ་གཉིས་དང་ཕྱེད་ལྷག་ལ་བཙོང་ཐུབ་པའི་ཚོད་དཔག་བྱས། ཆག་སྒོ་ཡོང་བའི་ཉིན་མོ་དེར་ཁོས་གཟི་དེ་སྐེ་ལ་བཏགས་ཡོད་པ་གསལ་བར་དྲན། བསྟན་འཛིན་གྱིས་ངའི་གཟི་འཁྱེར་ནས་ག་ཤེད་ཅིག་ལ་ཕྱིན་པ་ཡིན་ནམ། ཡང་ན། སྨན་ཞབས་མ་གཅིག་གིས་་་་་། ཡང་ན། མྱུར་སྐྱོབ་པ་དེ་ཚོས་་་་་། “རེད། རྐུན་མ་དེ་ཚོ་་་་་ ངའི་གཟི་་་་་་་་་་” མྱུར་སྐྱོབ་པའི་ཁྲོད་ན་རྐུན་མ་མང་བའི་གནས་ཚུལ་སྨན་ཁང་ནང་ན་ཀུན་གྱིས་གླེང་བཞིན་པ་སེམས་ལ་དྲན་པ་ན། ཁོའི་ཁ་ནས་དེ་ལྟར་ཐལ། “ཨ་་་་་་་་་་་ ཨ་ཧ་ཧཧཧཧཧཧ ་་་་་་ ཨུ་ཧུ་ཧུཧུའུའུའུ་་་་་་ ངའི་གཟི་་་་ ངའི་སྲོག་་་་་་་་” ཁོས་ངུ་རྒྱངས་བྱས། རྐང་པ་གཏུབ་པ་ལས་ཀྱང་གཟི་བརླགས་པ་ཕངས་སེམས་ཆེ་བ་འདྲ། ཁང་བརྩེགས་བརྙིལ་ནས་མ་བཅག་པའི་སྙིང་གི་རུས་པ་ད་ལྟ་ཆག་པ་འདྲ། “རྐུན་མ་་་་་་ རྐུན་མ་ཁྱོད་ཚོ་་་་་་་་་ ངའི་གཟི་འཁྱེར་ཤོག་་་་་་་་ཨའའའའའའ་་་་་་་་” ཉི་མ་ནད་པའི་ཉལ་ཁྲིའི་སྟེང་ནས་འཕག་འཚག་བྱས། ཁོའི་ཁོག་སྨད་ལ་ཤུགས་མེད་རུང་། ལག་པ་གཉིས་ཀ་ཇི་ལྟར་འདོད་པ་དེ་ལྟར་འགུལ་ནུས། ཁོས་ལག་པས་བྲང་ལ་བརྡུངས། སྨྲེ་སྔགས་ཤུགས་ཆེར་བསྒྲགས། ནད་པ་དང་ནད་གཡོགས། སྨན་ཞབས་མ་སོགས་ཀྱིས་ཁོ་ལ་ཧ་ལས་ལས་སུ་བལྟས། “ཆུང་མ་ཤི་བ་མིན་ནམ།”
“ཕྲུ་གུ་ཤི་བ་ཡིན་པ་འདྲ།”
“མ་རེད་མ་རེད། ཆུང་མ་དང་བུ་ཕྲུག་ཚང་མ་སྡེབ་གཅིག་ལ་ས་འོག་ལ་ཤོར་བ་འདྲ།” གཡས་གཡོན་ན་ཡོད་པའི་མི་རྣམས་ཀྱིས་ཚོད་དཔག་སྣ་ཚོགས་བྱས། སྨན་ཞབས་མ་ཞིག་གིས་གཉིད་ཁབ་ཅིག་བརྒྱབ་པ་ན་ཁོ་གཞི་ནས་ཞི་འཇམ་དུ་གྱུར།
“ཨ་ཙི། ཡིད་བཞིན་ནོར་བུས་མཁྱེན། འདི་འདྲ་ཅི་ཡིན་ན་་་་་” ཚེ་རིང་གི་ཡིད་ལ་སྐྱོ་བ་དྲག་པོ་ཞིག་སྐྱེས་པའི་མོད་ལ། ངག་ནས་དེ་ལྟར་ཐལ། སྐབས་ཤིག་ལ་ཉི་མ་དང་ཟླ་བ། བསྟན་འཛིན། ཚེ་རིང་བཅས་ལ་མཐུན་པ་སྤུན་བཞི་ཞེས་པའི་མིང་ཐོགས། ད་ལྟ་བསྟན་འཛིན་གར་སོང་མི་ཤེས་(ཕལ་ཆེར་ཤི་ཟིན་པ་འདྲ་)་ལ། ཟླ་བའི་སྒལ་རྩ་ལ་སྐྱོན་ཤོར་ནས་ལང་རྒྱུ་མེད། ཉི་མའང་མི་འགྱང་བར་རྐང་པ་མེད་པའི་མི་ཞིག་ཆགས་རྒྱུ་རེད། ཟླ་བ་འགའ་ཤས་ཀྱི་རིང་ལ་འདི་འདྲའི་འགྱུར་ལྡོག་ཅིག་ཇི་ལྟར་བྱུང་བ་ཡིན་ནམ། འདི་འདྲ་དཔེ་སྲིད་ཀྱི་རེད་དམ། ཁོའི་སེམས་ལ་སྐྱོ་གདུང་དང་དྲི་བ་སྣ་ཚོགས་ཀྱི་སྤྲིན་ནག་ལང་ལོང་དུ་ལངས་པ་དང་། མགོ་བོ་ན་ཞིང་མགོ་ཡུ་འཁོར་བའི་སྣང་བ་སྐྱེས་པས། ནད་པའི་ཉལ་ཁྲིའི་ཟུར་ལ་བསྙེས་ནས་ཅུང་ཙམ་བསྡད། “སྐྱེས་པ་ཕོའི་རྩེད་མོ་་་་་་། འདི་ཚོ་ཚང་མ་སྐྱེས་པ་ཕོའི་རྩེད་མོ་རེད།” ཚེ་རིང་ཅུང་ཟད་ངལ་སོས་པའི་ཚེ་ཟླ་བའི་’གསང་གཏམ་’དང་། ཉི་མ་དང་བསྟན་འཛིན་གཉིས་ཀྱི་’བྱས་ཉེས་’ཡིད་ལ་དྲན་པས་ངག་ནས་དེ་ལྟར་ཤོར།
ཉིན་མོ་དེར་ཟླ་བ་སྟོན་མོ་ལ་སོང་ནས་སླར་རང་ཁྱིམ་ལ་འབྱོར། ད་དུང་ཨ་རག་གི་ངར་མ་ཡལ་བར་ཡོད་པའི་སྐབས་དེར།དམིགས་ཡུལ་དེ་དོ་ནུབ་བསྒྲུབ་དགོས་སྙམ། བཟང་མོ་དང་འབྲེལ་བའི་གནད་དོན་ཐད་ནས་འདས་པའི་ཟླ་བ་འགའི་རིང་ལ། ཁོས་གཞན་གྱི་ཁ་རྡུང་དང་ངན་སྨྲས་མང་པོ་བཟེད་དགོས་བྱུང་བས། ‘ཐེངས་གཅིག་པོ་དེས་ག་ལ་འགྲིག’ ཁོའི་ཡིད་ལ་དེ་ལྟར་ལན་མང་དྲན། ཁོ་རང་ར་རྦད་དེ་བཟི་མེད་པས། ཆང་རག་ལ་ཁག་དཀྲིས་ཤིང་ཏག་སེ་ལ་ཁ་གཡོར་རྒྱུ་དེ་ཐབས་ཤེས་ཡག་ཤོས་རེད་བསམས། བསམ་ཡུལ་ལས་རྦད་དེ་འདས་པ་ཞིག་ལ་ཁོའི་ཐབས་ཤེས་དེ་ཐབས་རྡུགས་ནང་གི་ཡང་རྡུགས་སུ་གྱུར་ནས། ཉི་མ་དེ་ནས་བཟུང་ཁོ་རང་ཉལ་ཁྲི་དང་བྲལ་མ་ཐུབ།
ཉི་མ་སླར་ཡང་དྲན་པ་སོས་བྱུང་། ཁོའི་ཕྲུ་གུ་གསུམ་ཡང་སླེབས་འདུག །ཁོས་ཕྲུ་གུ་ཚོའི་གདོང་ལ་ཞིབ་ལྟ་ཞིག་བྱས། བུ་གཉིས་ཀྱི་གདོང་ནས་སྐྱོ་ཉམས་ཕྲན་བུ་རེ་མངོན། གཅིག་གིས་རྒྱང་བཀྱེད་ནས་མིག་ལོག་གིས་བལྟས་འདུག །དེ་ནི་དབྱངས་ཅན་རེད། ལོ་བརྒྱད་ལོན་པའི་དབྱངས་ཅན་ནི་ཁོའི་ཕྲུ་གུ་ཆུང་ཤོས་ཡིན། ཕྲུ་གུ་གསུམ་ཆ་ཁོ་རང་གི་ཤ་ཁྲག་ལས་མཆེད་པ་ཡིན་མོད། བུ་མོ་དེ་ལ་ཁོ་རང་ཤིན་ཏུ་བརྩེ། “པ་པའི་བུ་མོ། འདིར་ཤོག་དང་།” ཁོས་བུ་མོ་པང་དུ་བཟུང་ནས་བྲང་ལ་སྦྱོར་བར་འདོད།
“ང་ཁྱེད་རང་གི་བུ་མོ་མིན། པ་པ་སྡུག་ཅག་་ ང་ཁྱེད་རང་ལ་དགའ་གི་མི་འདུག” བུ་མོ་ཁོའི་ཉེ་སར་བཏུད་རོགས་མ་བྱས། དེ་ལ་ཁག་ཅི་ཡོད། ལོ་ཕྱེད་ཙམ་གྱི་རིང་ལ་ཁོས་ཕྲུ་གུ་ཚོའི་ཨ་མར་འཁང་ར་བྱས་ནས་ཁྱིམ་ལ་ལོག་མེད། ད་ལྟ་ཁོས་དེ་ནོར་འཁྲུལ་ཡིན་པ་ཤེས། དེས་ཕྲུ་གུའི་སེམས་ལ་རྨ་བཟོས་ཡོད་པ་ཤེས། ཁོ་བལ་ཡུལ་ལ་འབྱོར་ནས་བདུན་ཕྲག་གཉིས་ཀྱི་རིང་ལ་ཚོང་དང་འཆལ་སྤྱོད་ལ་མགོ་འཁོར་ནས། ཕྲུ་གུ་ཚོར་ལྟ་རུ་འགྲོ་བ་ཕྱི་བཤོལ་དུ་ལུས་པ་དེ་ནོར་འཁྲུལ་ཚབས་ཆེན་ཡིན་པ་ལ་ད་གཟོད་ངེས་པ་རྙེད། ཁོའི་མིག་ཟུང་ད་དུང་བུ་མོའི་གདོང་ལ་གཏད་འདུག །བུ་མོ་ཁོའི་ཉེ་སར་མ་བཏུད། “དབྱངས་ཅན་་་་་” ཧ་ཅང་རྒྱུས་ཡོད་ཀྱི་སྐད་ཅིག་ཉི་མའི་རྣ་ལམ་བརྒྱུད་ནས་སྙིང་ལ་ཟུག་སོང་། ཁོས་ཤུགས་ཀྱིས་མགོ་བོ་དགྱེས་ནས་ལྟ་སྐབས། ཕྲུ་གུའི་ཨ་མ་ཡང་ཕར་ཙམ་ན་ཡོད་པ་མཐོང་། དེ་མ་ཐག་ཁོའི་ཡིད་ཀྱི་མེ་ལོང་ངོས་སུ་འདས་དོན་གྱི་སྣང་བརྙན་འགའ་ཤར་བ་དང་མཉམ་དུ་ཁོང་ཁྲོ་སྐྱེས། འོན་ཀྱང་། དེ་སྔ་དང་མི་འདྲ་བར་ཁོང་ཁྲོ་དེ་ཡང་ཉལ་སར་ལུས་པའི་ཁོ་རང་དང་འདྲ་བར་ནུས་མེད་ཅིག་རེད། དེ་ཙམ་ན་ཁོང་ཁྲོ་ཟིལ་གྱིས་ནོན་པའི་ངོ་གནོང་དང་འགྱོད་པ་དྲག་པོས་ཁོའི་གདོང་པ་ཚ་ལམ་ལམ་དུ་གྱུར་ཅིང་། མིག་ཟུང་རབ་རིབ་ཏུ་གྱུར། ཁོ་ཅི་བྱ་འདི་བྱ་མེད་པར་ལུས།
བཟང་མོ་ལ་ནག་ཉེས་ཅི་ཡང་མེད་མོད། གནད་དོན་དེ་ཉི་མ་ལ་གསལ་བཤད་བྱེད་པའི་གོ་སྐབས་གཏན་ནས་མ་རག །གལ་ཏེ། རག་ན་ཡང་མི་གསོད་ཀྱི་དོན་རྐྱེན་མི་འབྱུང་བའི་ངེས་པ་མེད་པས་ཁ་རོག་གེར་སྡོད་རྒྱུ་ནི་ལམ་ཁ་ཡག་ཤོས་དེ་རེད་སྙམ།
དེ་བས་ཉི་མ་ལ་ཆག་སྒོ་བྱུང་བ་ནི་བཟང་མོར་མཚོན་ན་གོ་སྐབས་ཡག་ཤོས་ཤིག་ཏུ་རྩི་འོས། ཉི་མའི་རྐང་པ་གཏུབ་དགོས་པར་མ་ཟད། དངུལ་ཡང་མེད་པར་དཀའ་ཁག་ལ་ཐུག་ཡོད་པ་ཤེས་རྗེས། མོས་གོ་སྐབས་དམ་འཛིན་བྱས་ནས་རང་གི་རྒྱན་ཆ་ཐམས་ཅད་བཙོངས་ཤིང་། ཚེ་རིང་དང་ཕྲུ་གུ་ཚོ་མདུན་དུ་ཕུད་ནས་ཉི་མ་ལ་སྨན་བཅོས་གང་ལེགས་བྱས་པ་དང་། རིམ་གྱིས་ཉི་མའི་སེམས་ཕྱིར་འགུག་པའི་ཐབས་ཤེས་གང་དྲག་བྱས། ཉི་མའི་སེམས་འགུག་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་མ་རེད། ཐོག་མར་ཉི་མས་སྨན་བཅོས་ཀྱི་འགྲོ་གྲོན་བཟང་མོས་གཏོང་བཞིན་པ་ཤེས་པ་ན། ཚེ་རིང་ལ་ཁ་རྩོད་དྲག་པོ་བྱས་ཤིང་། རང་ཉིད་ལ་ལེ་བདའ་ཡང་ཡང་བྱས། “ཕོ་སྡུག་ང་་་་་་ འདི་ལྟར་གསོན་པ་ལས་འཆི་བ་དགའ་་་་།” ཁོས་དེ་ལྟར་བརྗོད་ཅིང་བསམས། ཡིན་ན་ཡང་། འཆི་བ་ནི་ཕོ་ཤེད་བཀོལ་ནས་རྩེད་མོ་རྩེ་བ་ནང་བཞིན་ལས་སླ་བོ་ཞིག་ག་ལ་ཡིན། ཕྲུ་གུ་ཚོའི་ངོ་གདོང་མིག་གིས་མཐོང་ཐེངས་རེ་དང་། སྐད་ངག་རྣ་བས་གོ་ཐེངས་རེ། ཕ་ཡུལ་དང་ཕ་མ། གཉེན་ཉེ་འབྲེལ། གྲོགས་ཕོ་མོ་སོགས་གང་ལ་བསམས་ཀྱང་། ཉིན་གཅིག་ཡིན་རུང་འཚོ་གནས་བྱེད་འདོད་པ་མ་གཏོགས་འཆི་བའི་ལམ་དུ་འགྲོ་མི་འདོད། འཆི་བ་ནི་ཟློག་ཐབས་མེད་པར་འོང་བར་ངེས་པས་སུ་ཞིག་གིས་འཆི་བའི་དོན་དུ་འབད་འབུངས་བྱེད་པ་ནི་གླེན་རྟགས་རེད་ཨང་། ཁོས་བསམ་བློ་ཡང་གཏོང་བསྐྱར་གཏོང་བྱས་པ་དང་། སྨན་ཁང་དུ་ཉིན་བསྟར་ནད་པ་འགའ་རེ་འཆི་བཞིན་པ་མཐོང་བས་ཀྱང་སྡོམ་ཚིག་འདི་དཀའ་བ་མེད་པར་རྙེད། དེར་བརྟེན། རང་ཤི་རྒྱག་འདོད་ཀྱི་འདུན་པ་ཆར་དུས་ཀྱི་ཐལ་རྡུལ་བཞིན་ཡལ་བར་གྱུར། དེ་ལྟར་ཉིན་ཞག་རིམ་ཟད་ཀྱིས་ཟླ་བ་འགའ་འདས། ཟླ་བ་དེ་དག་ནི་ཁོ་ལ་མཚོན་ན་འཚོ་གནས་ཀྱི་གོ་དོན་དང་གཉེན་སྒྲིག་གི་དགོས་པ། མི་ཚེའི་དོན་སྙིང་སོགས་ལ་བསམ་གཞིག་གཏིང་ཟབ་བྱེད་པའི་གོ་སྐབས་ཡག་ཤོས་དེ་རེད། ཁོས་དེ་སྔ་གཏན་ནས་མ་ཤེས་པའི་གནད་དོན་མང་པོ་ཞིག་ལ་ངེས་པ་གཏིང་ཟབ་རྙེད།
“ཁ་ཕོ་རེས་ནི་མིང་ཙམ་རེད་ལ། ཆུང་མ་བུ་ཕྲུག་ནི་དོན་གྱི་རྡོག་པོ་རེད།” ཉི་མས་དབུགས་རིང་ཞིག་བཏང་རྗེས་མུ་མཐུད་ནས། ” མིང་གི་ཆེད་དུ་དོན་ལ་སྣང་མེད་བྱེད་པ་ནི་སྐྱེས་པ་ཕོ་ཞིག་གི་ལས་སྟངས་ག་ལ་ཡིན།” རང་ཉིད་གཅིག་པོ་ཡིན་པའི་སྐབས་ཤིག་ལ་ཁོས་ཁེར་ལབ་ཅིག་བརྒྱབ་ཅིང་། དེ་དང་མཉམ་དུ་ཁོའི་ཕྲག་པ་ནས་རྡོག་ཁྲེས་ལྗིད་མོ་ཞིག་མར་ཕབ་པ་དང་འདྲ་བར། སེམས་གཏིང་ནས་ངལ་སོས་པའི་སྣང་བ་སྐྱེས། དེ་ནས་བཟུང་ཁོས་བཟང་མོ་མིག་གིས་མཐོང་ཚེ་ཕ་གསོད་ཀྱི་དགྲ་བོ་མཐོང་བ་ལྟར་ཁོང་ཁྲོ་ལང་བ་དང་། ཁྲོ་གཉེར་བསྡུས་པ་ཡང་རིམ་བཞིན་ཇེ་ཉུང་ནས་མཐར་མེད་པར་གྱུར།
བཟང་མོས་འཆར་གཞི་བརྟན་པོ་ཞིག་བཏིང་། གསེར་དང་གཡུ་བྱུར་གྱི་རྒྱན་ཆ་བཙོངས་ནས་ཉི་མ་ལ་སྨན་བཅོས་བྱས་པ་དང་། ཚོང་ཁང་གི་བྱ་བ་མུ་མཐུད་ནས་རྒྱན་འཁྱོང་བྱས། ཉི་མས་ཁ་སངས་ནས་མ་བཤད་རུང་ལོ་བཅོ་ལྔའི་རིང་ལ་མཉམ་འགྲོགས་བྱས་པའི་ཉམས་མྱོང་ལས། མི་འགྱང་བར་ཁྱིམ་གཅིག་ཏུ་འདུ་རྒྱུ་ཡིན་པ་གསལ་བོ་རེད། དེ་དུས་ཉི་མ་སྔོན་མ་ནང་བཞིན་ཡར་རྒྱུགས་མར་རྒྱུགས་བྱེད་དཀའ་ཡང་། ཚོང་གི་ཉམས་མྱོང་ཕྱུག་པོ་ཡོད་པས་ཏན་ཏན་ཡར་རྒྱས་འོང་གི་རེད་སྙམ།
“ཁྱེད་རང་རང་འཇགས་རེད་ཤག” བཟང་མོས་པུས་མོ་སར་བཙུགས་ནས་ཉི་མར་འགྱུར་རྟ་བསྐོན་ཞིང་འགྱུར་སྒྲོག་བརྒྱབ་རྗེས། ལག་པ་གཉིས་ཁོའི་པུས་མོའི་སྟེང་དུ་བཀན་ཞིང་། མིག་གིས་ཁོའི་གདོང་ལ་ལྟ་བཞིན། “ཅི་ཡང་འགྱུར་མི་འདུག” ཟེར།
“ཁྱེད་རང་སྔོན་མ་ལས་ཀྱང་མཛེས་པ་འདུག” ཉི་མས་ཆུང་མའི་མིག་ནང་ལ་ཐད་ཀར་ལྟ་བཞིན་དེ་སྐད་བརྗོད་ཅིང་། དེ་ནས།
“ངས་ཁྱོད་རང་ལ་ཁག་པོ་བཟོས་པར་དགོངས་འདག” ཟེར་བཞིན་མིག་གིས་ཐད་ཀར་ཆུང་མའི་མིག་ལ་ལྟ་བ་ལས་ཅུང་ཟད་གཡོལ་ཞིང་། ཡུད་ཙམ་ནས་སླར་ཡང་སྔར་བཞིན་བལྟས་ནས། “འདི་་་་་་ འདི་་་་་་ ངེད་གཉིས་ཀྱི་བརྩེ་བ་་་་་་་་ ” ཉི་མས་ཨམ་ཕྲག་ནང་ནས་དངོས་པོ་ཆུང་ཆུང་ཞིག་བཏོན།
“འུ་གཉིས་ཀྱི་བརྩེ་བ་སྔོན་མ་ལས་ཀྱང་ཟབ།” ཆུང་མས་ཉི་མའི་ཚིག་རྔ་མཐུད་ཅིང་། “འུ་གཉིས་ཀྱི་བར་ལ་དགོངས་འདག་ལབ་རེས་མི་དགོས་པ་བྱེད། ཕྲུ་གུ་གསུམ་གྱི་ཕ་མ་རེད་ཨང་།” ཟེར་བཞིན་སྲིན་མཛུབ་བརྐྱངས་ནས་ཉི་མའི་གསེར་གྱི་ཚིགས་ཁོག་བསྐོན་དུ་བཅུག །
“དེ་ག་རང་བྱེད། མི་སྐྱོན་མེད་འཇིག་རྟེན་ཁམས་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། བྱས་པ་རེད། མ་རེད་བེ།” ཉི་མས་བཟང་མོའི་ལག་པ་གཡོན་པའི་སྲིན་མཛུབ་ལ་གསེར་གྱི་ཚིགས་ཁོག་བསྐོན་རྗེས། དེ་སྐད་ཟེར་བཞིན་རྐུབ་སྟེགས་སྟེང་ནས་ཡར་ལངས།
“རྗེས་མ་སོ་སོའི་གྲོགས་པོ་ལ་གཟབ་གཟབ་བྱོས་ཨ།” ཕྱི་ལ་མ་དོན་པའི་སྔོན་ལ་བཟང་མོས་ཉི་མ་ལ་གསལ་འདེབས་ཤིག་བྱས། དེ་ནི་ཟླ་བ་ལྟ་བུའི་གྲོགས་པོ་ལ་གཟབ་དགོས་ཟེར་བ་རེད། ཟླ་བས་བལ་སྒོར་འབུམ་གསུམ་གྱི་ཆེད་དུ་བཟང་མོའི་ཁུ་ནག་གི་ཤེལ་ཕོར་ནང་ལ་ཝེ་ཅིན་བླུགས་ནས་བཟང་མོ་བརྒྱལ་དུ་བཅུག་པ་དང་། གོ་སྐབས་དེ་དང་བསྟུན་ནས་ངོ་ཚ་ཁྲེལ་མེད་ཀྱི་ལས་ཀ་དེ་བྱས་ཤིང་། ད་དུང་བརྙན་བླངས་ནས་མོའི་ཁྱོ་བོ་ལ་བསྟན་པ་རེད།
“ངས་ཤེས་སོང་། འོན་ཀྱང་། ད་ཁོ་ལ་ལས་རྒྱུ་འབྲས་འཁོར་འདུག” ཉི་མས་དེ་སྐད་བརྗོད་ཅིང་བཟང་མོའི་ཐོད་པར་འོ་ཞིག་བྱས།
སྤྱི་ལོ་༢༠༡༥ ལོའི་དགུན་དུས་ཀྱི་ཉིན་ཞིག་ཁོ་གཉིས་རང་ཁྱིམ་དྲོན་མོར་དགའ་སྤྲོའི་ངང་ན་གནས། བཟང་མོས་རྩིག་པ་ལ་བཀན་ནས་བཞག་ཡོད་པའི་འཁར་རྒྱུགས་འཁྱེར་འོངས་ནས་ཉི་མ་ལ་སྤྲད་པ་དང་། ཉི་མས་འཁར་རྒྱུགས་དེ་མཆན་ཁུང་གཡས་པར་བསྟེན། ཁོ་གཉིས་ག་ལེར་སྡོད་ཁང་ནས་ཕྱི་ལ་དོན་ཞིང་རྡོ་སྐས་ལས་མར་བབས། ཁོའི་རྐང་པ་གཡས་པ་པུས་མོའི་མཚམས་ནས་གཏུབས་ནས་རྐང་ཚབ་བཙུགས་ཡོད་པ་དང་། གཡོན་པ་བསྣད་པ་ལས་སོས་ཡོད་པས་འཁར་རྒྱུགས་གཅིག་ལ་བརྟེན་ནས་འགྲོ་བར་དཀའ་ཚེགས་མེད། འཁར་རྒྱུགས་དེས་ཁོ་ལ་སྙིང་སྟོབས་ཕུལ་དུ་བྱུང་བ་ཞིག་སྦྱིན་བཞིན་པ་དང་མཚུངས་པར། ཁོའི་རྐང་པ་འཐེང་བཞིན་ཡོད་ཀྱང་སེམས་ཤུགས་སྔར་བས་ཀྱང་ཆེ། སྐབས་རེར་ངོ་གནོང་བའི་ཚོར་སྣང་རེ་སྐྱེས་རུང་དེ་ནི་རྐང་པ་འཐེང་བཞིན་པ་ལ་ངོ་ཚ་བ་མ་ཡིན་པར། ཕོ་ལོ་བཞི་བཅུར་སོན་རུང་བྱིས་པ་བསམ་མེད་ཀྱི་ལས་ཀ་བྱས་པ་དེ་ལ་ངོ་ཚ་བ་རེད།
“ང་ཡོད་པ་ལས་ལྷག་ཙམ་བྱུང་འདུག” ཉི་མས་ཚོང་ཁང་ནང་ལ་ཞིབ་ལྟ་ཞིག་བྱས་རྗེས་ཤེལ་སྒྲོམ་འབྱིད་བཞིན་པའི་བཟང་མོར་དེ་ལྟར་བརྗོད་ཅིང་། མུ་མཐུད་ནས། “ཁྱོད་རང་གིས་སོ་སོའི་རྒྱན་ཆ་ཚུན་ཆད་བཙོངས་ནས་་་་་་་་་”
“ང་རང་གཉིས་ཆའི་རེད་བ། ལྷག་པར་དུ་ཉོ་མཁན་ཁྱེད་རང་རེད་བ།” བཟང་མོས་ཉི་མའི་གདོང་ལ་བལྟས་ནས་འཛུམ་དམུལ་དམུལ་དེ་ལྟར་བརྗོད་པ་དང་། ཉི་མས་སླར་ཡང་། “ངས་མི་འགྱང་བར་སྔོན་མ་ལས་ལྷག་ཅིག་ཉོ་ཐུབ་པ་བྱེད་ཡོང་།” ཞེས་བཤད།
“གང་ཡང་མི་དགོས། ཁྱེད་རང་ཡོད་ན་དེ་གས་འགྲིགས་པ།” བཟང་མོའི་གདོང་ལས་འཛུམ་མདངས་མངོན་ཞིང་། མིག་མཐར་མཆི་མ་འཁོར། ཉི་མས་བཟང་མོའི་གདོང་ལ་ལྟ་བཞིན། “སྐྱོ་སྣང་བྱེད་མི་དགོས། ངའི་རྐང་པ་ཡ་གཅིག་ཤོར་བ་རེད་དེ། དེ་ལས་ལྷག་ཅིག་རག་ཡོད་རེད་བ།” ཟེར།
“ཧི་ཧི་ཧི་་་་་་་” བཟང་མོས་མཆི་མ་འབྱིད་ཞོར་་ “འདི་་་་ རེད་་་་་བ།” ཟེར་བཞིན་ཉི་མའི་སྙིང་གི་ཐད་ལ་མཛུབ་མོ་བཙུགས།
“ཧ་ཧ་ཧ་་་་་་་་ དེ་ག་རང་རེད།”
ཉི་མ་གད་མོ་དགོད་ཀྱིན་བཟང་མོའི་དཔུང་པར་བྱིལ་བྱིལ་བྱས།
“ལྡིར་རི་རི་རི་་་་་་་་ཁྲོག་་་་ཁྲོག་་་་ཁྲོག་་་་་་་་་་་་་” ཁྲོག་སྒྲ་དང་ལྡིར་སྒྲའི་ཁྲོད་ནས་ཤེལ་སྒྲོམ་འདར་སིག་སིག་བྱས།
“ཨ་མ་་་་་་་་ ས་ཡོམ་་་་ས་ཡོམ་་་་་་་་་་་” བཟང་མོའི་ཁ་ནས་ངུ་ངག་རང་དབང་མེད་པར་ཤོར་ཞིང་ཉི་མར་དམ་དུ་འཐམ།
“ས་སོམ་མ་རེད། ཏྲཀ་(Truck) རེད་ཤག” དོས་འདྲེན་རླངས་འཁོར་ཆེན་པོ་ཞིག་ཚོང་ཁང་གི་གཡས་ཕྱོགས་ནས་གཡོན་ཕྱོགས་སུ་ཕྱིན་པ་མཐོང་བ་ན། ཉི་མའི་སེམས་པའང་ལྷོད་ཤིག་གེར་གྱུར།
“ཧ་ཧ་ཧ་་་་་་་་་་”
“ཧི་ཧི་ཧི་་་་་་་་་” ཁོ་གཉིས་ལྷན་དུ་གད་མོ་བགད།
༢༠༡༦ ལོའི་ཟླ་དང་པོར་ཡམ་བུའི་རང་གནས་སུ་བྲིས་ཤིང་ཟླ་གཉིས་པར་བཅོས།