བསྟན་འཛིན་ཆོས་སྐྱོང་།
སྲིད་སྐྱོང་འོས་བསྡུ་དང་འབྲེལ་བའི་རྙོག་གླེང་གཅིག་གིས་འོས་མི་གཉིས་ཀྱི་མཐའ་མའི་རྒྱལ་ཕམ་ལ་ཏན་ཏན་ཁྱད་པར་བཟོ་རྒྱུ་ཡིན་པ་འདྲ། ད་ལོའི་ཛ་དྲག་ཆེ་བའི་འོས་འགྲན་གྱི་རྣམ་པ་འདི་ནི་དང་པོ་ནས་བཟང་སྤྱོད་མེད་པའི་རྣམ་པ་ཞིག་གི་ཐོག་ནས་འགོ་བཙུགས་ཡོད་པ་དང་། འགོ་འཛུགས་མཁན་ནི་བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ཡིན། བསྟན་པ་ཡར་འཕེལ་ཟེར་བས་གྲོས་ཚོགས་ར་བའི་བལྟོས་མེད་ཀྱི་གོ་སྐབས་སྤྱད་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་སྙོན་འཛུགས་ཞུས་ཡོད་པ་དང་། སྒྲིག་གཞི་བསྐྱར་བཅོས་ཀྱི་ལས་རིམ་ཁ་ཤས་ནང་བོན་པོའི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱིས་མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལ་ཧ་ཅང་ཁ་གསལ་པོའི་ངང་ལས་དོན་བྱེ་བྲག་པ་གཅིག་མ་འོངས་པའི་འོས་བསྡུ་ལ་དམིགས་ཡོད་པའི་འགྲན་རྩོད་བྱས། ཡིན་ནའང་། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་ཨ་རིའི་རྩོམ་མཁན་བུད་མེད་ཅིག་གིས་ཁོང་སྒེར་གྱི་ཁང་རིན་ཨ་སྒོར་ཕོན་ཆེན་དེ་ཇི་ལྟར་སྡེབ་སྤྲོད་ཞུས་པ་ཡིན་སྐོར་དོགས་སློང་བྱས་པས་རྒྱབ་སྐྱོར་བ་ཕྱོགས་གཉིས་ཀྱི་རྩ་བའི་ཁ་ཕྱོགས་ཀྱི་ཐད་ནས་བཟང་སྤྱོད་དང་མང་གཙོའི་འགན་ཁུར་གྱི་ལམ་ཕྱོགས་ལ་ཁྱད་པར་ཆེན་པོ་ཤོར་ཡོད།
དེ་དག་ནི་སྐབས་དོན་གྱི་གླེང་བྱ་བྱེད་རྒྱུ་མིན་པར་ཕྱི་ལོ་ ༢༠༡༦ ལོའི་དུས་དབང་ཕར་འགྱང་དང་འབྲེལ་བའི་བཀའ་ཤག་གི་གསལ་བསྒྲགས་གཉིས་ཀྱིས་མི་མང་སྔར་ལས་རྨོངས་འཐོམ་བཟོས་པའི་དོགས་གནད་གླེང་རྒྱུ་ཡིན། བོད་མི་སྟོང་ཕྲག་མང་པོས་ཡུན་རིང་གྲ་སྒྲིག་དང་རེ་ལྟོས་ཞུས་པའི་༧གོང་ས་མཆོག་གིས་གནང་གཏན་འཁེལ་བའི་རྡོར་གདན་དུས་དབང་ཕྱི་ལོ་༢༠༡༥ ཟླ་༨ ཚེས་༣༡ ཉིན་ཕར་འགྱང་བྱས་པ་ཡིན་སྐོར་སྲིད་སྐྱོང་བློ་བཟང་སེང་གེ་སྐུ་དངོས་ཀྱིས་གསལ་བསྒྲགས་བསྐྱངས། ཨེ་ཤ་ཡ་དང་ནུབ་ཕྱོགས། ཡོ་རུབ་སོགས་ཀྱི་ནང་པའི་རྗེས་འཇུག་གི་དད་ལྡན་ཁྲི་ཕྲག་མང་པོ་ཧོན་འཐོར་བར་བྱས་ཤིང་། སྤྱི་ཚོགས་ནང་གླེང་གཞི་འདྲ་མིན་སྣ་ཚོགས་སླེབས། སྔོན་ལོ་གྲོས་ཚོགས་ཤིག་གི་སྐབས་སུ་དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་དུས་དབང་གོ་སྒྲིག་གི་དུས་ཚོད་ཏག་ཏག་བསྡད་མེད་ཚུལ་བཀའ་ཤག་ལ་གསལ་འདེབས་བྱས་ཀྱང་དེ་ལ་སྣང་མེད་བྱས་པ་དང་། ཐེངས་འདིར་གློ་བུར་ཕྱིར་འཐེན་བྱེད་དགོས་པའི་རྒྱུ་རྐྱེན་ཅི་ཡིན་གྱི་དོགས་སློང་བྱས། གྲོས་ཚོགས་ར་བའི་ནང་ཆོས་རིག་བཀའ་བློན་མཆོག་གིས་དུས་དབང་ཕྱིར་འགྱངས་སྐོར་ལ་བཀའ་ལན་ཞིག་ཏུ་ག་ལེར་གསལ་པོ་ཆགས་ཡོང་རྒྱུ་ཡིན་པའི་ལན་འདེབས་གནང་། ཕལ་ཆེར་དེ་ནི་ཡོངས་བསྒྲགས་ཀྱི་དོགས་སློང་ཐོག་མ་ཆགས་ཡོད། དེའི་རྗེས་ནི་སྤྱི་ཚོགས་ཁྲོད་ནས་རྒྱུས་ལོན་དང་སྦྱང་བཤད་ཀྱི་རིམ་པར་སོང་ཡོད།
སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་དཔེར་མཚོན་གཅིག་ནི་<<དུས་དབང་ཕྱིར་འགྱང་གི་དངོས་སྒྲུང་>> ཞེས་པ་དེ་ཡིན་ཞིང་། དེའི་ནང་དོན་ཆ་ཚང་ནི། རྡ་རམ་ས་ལར་རྟེན་གཞི་བྱས་པའི་མདོ་སྟོད་ཆུ་བཞི་སྒང་དྲུག་༼ཆུ་བཞི་སྒང་དྲུག་གསར་པ་ཡང་ཟེར།༽ གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་སྙན་སེང་ཞུས་སྐབས། ༧གོང་ས་ཆེན་པོ་མཆོག་གིས་ཐུགས་རྒྱས་ཚོར་ཆེན་པོས། “དེ་འགྲིག་གི་རེད། བཀའ་ཤག་ལ་གྲོས་བསྡུར་གནང་སྟེ། ལོ་རྗེས་མར་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་དང་མཉམ་དུ་བྱེད་བཞག་ན་”ཞེས་ཞལ་བཞེས་གནང་ཡོད་འདུག
ད་ལོའི་དུས་དབང་སོ་བཞི་པའི་སྦྱིན་བདག་གཙོ་བོ་བཀའ་ཤག་ཡིན་སྟབས། མདོ་སྟོད་ཆུ་བཞི་སྒང་དྲུག་གིས་དེ་དོན་བཀའ་ཤག་ལ་ཡིག་འབྲེལ་གནང་སྐབས། བཀའ་ཤག་གིས་ཡིག་ལན་རྡ་རམ་ས་ལའི་མདོ་སྟོད་ཆུ་བཞི་སྒང་དྲུག་ལ་གཏོང་རྒྱུའི་ཚབ་ཏུ་གཏོང་ཡུལ་ནོར་ཏེ་༼ཆེད་དུ་ལྡི་ལིའི་ཆུ་བཞི་སྒང་དྲུག་ལ་བཏང་བའི་སྐད་ཆའང་འདུག༽ལྡི་ལིར་རྟེན་གཞི་བྱས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་༼ཆུ་བཞི་སྒང་དྲུག་རྙིང་པ་ཡང་ཟེར།༽ལ་བཏང་ཡོད་འདུག ལྡི་ལིའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་སྣ་དང་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། དེ་བཞིན་རྡ་རམ་ས་ལའི་མདོ་སྟོད་སྤྱི་འཐུས་ཁ་ཤས་བཀའ་ཤག་ལ་བཅར་ཏེ། བཀའ་ཤག་གིས་གཞུང་གིས་ངོས་ལེན་མེད་པའི་ཚོགས་པ་ཞིག་ལ་ཡིག་འབྲེལ་བྱས་པ་གང་མིན་ཚད་དང་བཀའ་ཤག་ཁྲིམས་གཏུག་བྱ་རྒྱུ་ཡིན་ཚུལ་སོགས་བརྗོད་དེ་རྙོག་གྲ་མང་པོ་བཟོས་འདུག
བཀའ་ཤག་གིས་ཆུ་བཞི་སྒང་དྲུག་ལ་བཏང་བའི་ཡི་གེའི་ནང་ད་ལོའི་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་བོད་མིའི་སྒྲིག་འཛུགས་ཡིན་སྟབས། བཀའ་ཤག་ལས་གཞན་སུ་གང་ལའང་བརྟན་བཞུགས་སོགས་ཀྱི་གོ་སྐབས་ཕུལ་རྒྱུ་མིན་སྐོར་འཁོད་ཡོད་སྟབས། རྡ་སའི་མདོ་སྟོད་ཆུ་བཞི་སྒང་དྲུག་གིས་བསྐྱར་དུ་དགའ་ལྡན་ཕོ་བྲང་ལ་སྙན་གསེང་ཞུས་ཏེ་སྐུ་སྒེར་དྲུང་ཆེན་རྣམ་པས་གྲོས་བསྡུར་གནང་མཐར། སྤྱི་ལོ་༢༠༡༥ ཟླ་བ་༨ ཚེས་པ་༢༧ ཉིན་༧གོང་ས་མཆོག་ལ་ཞུས་སྐབས་༧གོང་ས་མཆོག་དགོངས་པ་འཚོམས་ཏེ་“དུས་འཁོར་དབང་ཆེན་དེ་ཆབ་སྲིད་ཆགས་ཀྱི་འདུག་ལབ་ཀྱི་ཡོད་པ་རེད་ལ། ད་དངོས་གནས་ཆགས་ཡོང་གི་འདུག་ག དེ་འདྲ་བྱས་ན། དུས་འཁོར་དབང་ཆེན་པར་འགྱངས་ཤོག་”ཅེས་བཀའ་གནང་སྟེ་ཡར་བཞེངས་ཏེ་ཕེབས་ཡོད་འདུག ཚེས་ ༢༩ ཉིན་སྐུ་སྒེར་དྲུང་ཆེ་གཉིས་བཀའ་ཤག་ལ་བཅར་སྐབས་བཀའ་ཤག་གིས་ཀྱང་གནས་ཚུལ་དེ་ཐོས་ཏེ་སྐུ་མདུན་ལ་བཅར་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་འདུག
༧གོང་ས་ཆེན་པོ་མཆོག་དགོངས་པ་འཚོམས་ཏེ་དུས་འཁོར་དབང་ཆེན་ཕྱི་འགྱངས་གནང་པའི་གནང་ཚུལ་དེ་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ལ་ལན་བསྐྱལ་བ་རེད་ཟེར་བ་ཞིག་དང་། སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཐད་ཀར་ཞལ་པར་བཏང་བ་རེད་ཟེར་མཁན་རིགས་གཉིས་འདུག གང་ལྟར་དེ་རྗེས་ལ་སྲིད་སྐྱོང་བློ་བཟང་སེང་གེ་དགའ་ལྡན་ཕོ་བྲང་ལ་བཅར་ཏེ། དུས་འཁོར་དབང་ཆེན་ཕྱི་འགྱངས་དེ་མི་མང་ལ་གསལ་བསྒྲགས་གནང་ཕྱོགས་སྐོར་བཀའ་བསྡུར་གནང་སྟེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མཛད་འཕྲིན་ཉུང་འཕྲི་གཏོང་ཆེན་ཡིན་པའི་བཅོས་སྒྲུང་རིང་དེ་བསྒྲིགས་པ་ཡིན་འདུག ཅེས་འཁོད་འདུག
གོང་བཀོད་སྤྱི་ཚོགས་བརྒྱུད་ལམ་གྱི་སྐད་ཆ་འདི་ནི་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་གིས་མེ་ནི་སོ་ཊར་གསུངས་པའི་དུས་དབང་ཕྱིར་འགྱང་གི་རྒྱུ་རྐྱེན་དང་ཕལ་ཆེར་གཅིག་མཚུངས་སུ་ཡོད་པ་ཙམ་དུ་མ་ཟད། དབུས་གངས་སྐྱིད་ཀྱི་སྲི་ཞུ་བ་རྣམས་ཀྱིས་ཀྱང་གཅིག་མཚུངས་ཀྱིས་འདི་ལྟར་གསུངས་བཞིན་འདུག ཡིན་ནའང་དཔལ་ལྡན་བཀའ་ཤག་གི་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་གྱི་གསལ་བསྒྲགས་དང་། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་༥ ཉིན་གསལ་བསྒྲགས་ནང་དོན་དུ་གོང་གི་སྐད་ཆ་དེ་དག་ནི་ཡོངས་སུ་སྦས་པའམ། ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་མ་ཟད། བཀའ་ཤག་རང་གི་གསལ་བསྒྲགས་སྔ་ཕྱིའང་མི་མཐུན་པས་མི་མང་སླར་ཡང་རྨོངས་སུ་བཅུག དེ་ནི་གཤམ་གསལ།
འདས་ལོའི་ཟླ་ ༨ ཚེས་ ༣༡ ཉིན་སྲིད་སྐྱོང་སྐུ་དངོས་ཀྱིས་བསྐྱངས་པའི་གསལ་བསྒྲགས་ནང་དུ། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་དགོངས་དོན་དང་། བསྟན་བདག་བླ་ཆེན་རྣམ་པའི་གསོལ་འདེབས་ཞུ་སྐུལ། མི་མང་ཐུགས་ཁུར་ཅན་སོགས་ཀྱིས་༧གོང་ས་མཆོག་གི་མཛད་འཆར་ཉུང་འཕྲི་དང་སྐུ་ངལ་གསོ་བའི་དུས་ཚོད་མང་ཙམ་ཡོང་ཐབས་དགོས་སྐོར་རིམ་ཞུས་ལ་བརྟེན་ནས་དབུས་བོད་མིའི་བཀའ་ཤག་གིས་འགན་ཁུར་ཆེ་བཞེས་ཀྱིས་མཛད་འཆར་ཉུང་འཕྲི་ཆེད་དུས་དབང་ཕར་འགྱང་ཆོག་པའི་སྙན་གསན་སྒྲོན་འབུལ་ཞུས་པ་བཞིན་༧གོང་ས་མཆོག་ནས་བཀའ་བཞེས་ཐོབ་པ་བསྒྲགས་ཡོད། དེ་ནི་བཀའ་ཤག་གི་ཡིག་ཆ་<<དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་རྒྱུ་ལོ་གཅིག་ཕར་འགྱངས་གསལ་བསྒྲགས་>>ཞེས་པར་འདིར་ལྟར་གསལ་སྟེ་“དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་དགོངས་དོན་དང་། ཆོས་བརྒྱུད་ཁག་གི་དབུ་འཁྲིད་བསྟན་བདག་བླ་ཆེན་རྣམ་པས་ཉེ་ཆར་༧སྐུའི་གྱ་སྟོན་སྐབས་གསོལ་འདེབས་ཞུ་སྐུལ་དང་། དེ་བཞིན་མང་ཚོགས་ཁྲོད་ཀྱི་ཐུགས་ཁུར་ཅན་དང་། གཞིས་བཞུགས་ཁག་ཅིག་གིས་རྣམ་ཀུན་ནས་༧ གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཆར་ཉུང་འཕྲི་དང་། སྐུ་ངལ་གསོས་པའི་དུས་ཚོད་མང་ཙམ་ཡོང་ཐབས་སྐོར་ལ་ཡིག་ངག་གཉིས་ཐོག་ནས་ཞུ་མཁན་བྱུང་བ་བཅས་ལ་བརྟེན། སང་ལོའི་དུས་འཁོར་དབང་ཆེན་བསྩལ་རྒྱུ་སྔོན་དུ་ཞལ་བཞེས་སྐལ་བཟང་ཐོབ་ཟིན་ནའང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་མཛད་འཆར་ཉུང་འཕྲི་ཡོང་བ་གསོལ་འདེབས་ཀྱིས་ཕར་འགྱངས་ཆོག་པའི་སྙན་གསན་སྒྲོན་འབུལ་ཞུས་པ་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟབས་”ཞེས་སོགསདུས་དབང་ཕར་འགྱང་བཀའ་ཤག་གིས་ཡར་སྙན་གསན་ཞུས་པ་གསལ་ཡོད།
ཡིན་ནའང་། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༥ སྟེ་དེ་རིང་གི་གསལ་བསྒྲགས་<<བཀའ་ཤག་གི་དངོས་དོན་གསལ་བཤད་>>ཅེས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་ལ་གོ་བསྡུར་ཆེད་སྐུའི་དྲུང་ཆེ་གཉིས་སྲིད་སྐྱོང་སར་མངགས་སྟེ་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཆེད་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་ན་ལེགས་པའི་རྒྱུ་མཚན་གསལ་ཞུས་ལ་སྲིད་སྐྱོང་གིས་བཀའ་ཤག་ནས་བཀའ་ཇི་བཞིན་སྒྲུབ་རྒྱུར་བརྒྱ་ཆ་བརྒྱ་མོས་མཐུན་ཡོད་རབས་གསལ། དེའང་ཡིག་ཆ་དངོས་ཀྱི་བརྗོད་ཚིག་གཤམ་གསལ།
“གནད་དོན་དེའི་བྱུང་རིམ་དངོས་ནི། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གོ་བསྡུར་འགྲེལ་བཤད་སླད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་གཉིས་ཆེད་གཏོང་གནང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་དང་། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་གཙོ་སྐྱོང་ཆོས་རིག་དང་བདེ་སྲུང་བཀའ་བློན་རྣམ་གཉིས་བཅས་ལྷན་འཛོམས་ཐོག་འགྲེལ་བཤད་གནང་དོན་དུ། ༸གོང་ས་མཆོག་སྨན་བཅོས་འཕྲོད་བཞེས་གནང་དགོས་སྐོར་བཀའ་བསྡུར་རིམ་པར་བྱུང་ཡོད་ཐོག ཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་ལྡི་ལིར་ཁྱད་མཁས་སྨན་པས་བརྟག་དཔྱད་ཞུས་སྐབས་ Prostate བསྙུན་གཞི་ངོ་སྤྲོད་བྱུང་སྟེ་སྨན་བཅོས་གནང་གལ་ཆེ་ཚུལ་ཞུས་སྐོར་དང་། ༸གོང་ས་མཆོག་ཉིད་ནས་ཀྱང་གལ་ཆེ་དོན་ཆེར་དགོངས་ཏེ། སྨན་བཅོས་གནང་རྒྱུ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཐད་ཐུགས་དམ་བརྟག་པ་ཐེངས་བདུན་གནང་བ་དང་། ཐུགས་དམ་བདུན་ཀར་སྨན་བཅོས་གནང་ན་ལེགས་པ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཕྱིར་འགྱངས་གནང་ན་ལེགས་པ་གསལ་བབས་བྱུང་སྐོར་བཅས་གསུངས་ཐོག དུས་འཁོར་དབང་ཆེན་གྱི་མཛད་འཆར་ནི། མཛད་འཆར་གཞན་དང་མི་འདྲ་བ་འགོ་འཛུགས་ཟིན་རྗེས་གློ་བུར་བར་མཚམས་འཇོག་དགོས་བྱུང་ཚེ་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོར་བརྡབ་གསིག་ཆེན་པོ་ཡོང་ངེས་ཡིན་སྐོར་འཕྲོས་མོལ་ཡང་བྱུང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་ནས། ༸རྒྱལ་བའི་སྐུ་ཁམས་འཕྲོད་བཞེས་ལས་གལ་གནད་ཆེ་བའི་དོན་གནས་གཞན་མེད་པ་དང་། ཁྱད་པར་༸གོང་ས་མཆོག་ཉིད་ནས་ཐུགས་དམ་བརྟག་པ་ལན་མང་མཛད་པའི་གནད་དོན་ཞིག་ཡིན་པར་བརྟེན། བཀའ་ཤག་ནས་༸རྒྱལ་བའི་བཀའ་དགོངས་ཇི་བཞིན་བསྒྲུབ་རྒྱུར་བརྒྱ་ཆ་བརྒྱ་ཐམ་པ་མོས་མཐུན་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་དང་།” ཞེས་སོགས་གསལ།
དུས་འཁོར་དབང་ཆེན་ཕར་འགྱང་ལ་བཀའ་ཤག་གིས་སྔ་ཕྱི་མི་མཐུན་པའི་གསལ་བསྒྲགས་གཉིས་བསྐྱངས་དགོས་དོན་ཅི་ཞིག་ཡིན་ནམ། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ངམ་གཞན་ཞིག་གིས་ད་དུང་དུས་དབང་ཕར་འགྱང་སྐོར་ལ་བགྲོ་གླེང་སླེབས་ཚེ་བཀའ་ཤག་གི་རིམ་པ་གསུམ་པའི་གསལ་བསྒྲགས་སུ་ཅི་ཞིག་ཡོང་གི་རེད་དམ། ང་ཚོ་མི་མང་གིས་བཀའ་ཤག་གི་གསལ་བསྒྲགས་ལ་ཇི་ལྟར་ཡིད་ཆེས་བྱ་དགོས་སམ། ལས་ཐོག་བཀའ་ཤག་གིས་མི་མང་ལ་ཅི་ཞིག་གསང་བ་བྱེད་ཀྱི་ཡོད་དམ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་ལ་ད་དུང་མི་མང་མགོ་འཐོམས་བྱེད་ཀྱི་ཕྱག་ལས་ག་ཚོད་ཅིག་ཡོད་དམ། གཞུང་གིས་མི་མང་མགོ་འཐོམས་བཟོ་བ་ནི་མང་གཙོའི་སྒྲོམ་གཞི་ཅན་གྱི་དབང་འཛིན་པའི་བྱེད་སྟངས་ལ་རུང་ངམ།
ད་ལྟ་སྲིད་སྤྱི་གཉིས་ཀྱི་བགྲོ་གླེང་འགྲོ་བཞིན་པའི་སྐབས་འདིར། འོས་མི་དག་གིས་ཐེར་འདོན་དང་ལན་འདེབས་གནང་བ་ཤིན་ཏུ་ལེགས། མང་གཙོ་ཟེར་བ་ནི་འདི་ལྟ་བུ་ཞིག་ཡིན་དགོས། ཨ་རི་དང་རྒྱ་གར་སོགས་ལ་བལྟས་ན་ཡང་ཤིན་ཏུ་གསལ། མུ་མཐུད་གནང་དགོས། འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ཐེར་འདོན་གནང་བ་དེ་ནི་གནད་ལ་ཏག་ཏག་ཁེལ་ཡོད་ལ། ད་ལྟའི་བཀའ་ཤག་གི་གནང་སྟངས་ལ་གཞིགས་ན། འདི་ལྟ་བུ་ཞིག་མེད་མི་རུང་ཡིན།
གླེང་མོལ་དེ་ལ་གནད་འགག་ཅིག་ཡོད་པ་ནི། རྣམ་དཔྱོད་ཅན་དག་གིས་བཀའ་ཤག་གི་གསལ་བཤད་ལ་སྔ་ཕྱི་མི་མཚུངས་པ་དང་། ཁ་ཞེ་མི་མཐུན་པ། རྒྱབ་མདུན་མི་འདྲ་བའི་རྣམ་པ་ཞིག་མཐོང་བཞིན་ཡོད་པ་དེ་རེད་ལ། དེ་ལས་ཀྱང་ཡ་མཚན་པ་ནི། འོས་མི་བློ་བཟང་སེང་གེ་ལགས་ཀྱིས་གཞུང་གི་སྐུ་དབང་དང་གཞུང་བེད་སྤྱོད་གནང་སྟེ་ཁ་གཏད་ཕམ་ཐབས་གནང་བ་དེ་རེད། འདི་ལ་བསམས་ན། ཀླུ་མཁར་བྱམས་རྒྱབ་སྐྱོར་བ་དང་བཅས་པས་སྐད་ཤོར་བ་དེར་ཁག་མེད་ཅིང་། ཨ་རིའི་སྲིད་དོན་པ་དག་གིས་བཙན་བྱོལ་གཞུང་(བློ་སེང་ལ་གོ་)གིས་འོས་མི་གཞན་ལ་མང་གཙོའི་ཁེ་དབང་ཇི་བཞིན་སྤྲོད་ཀྱི་མེད་པས། ཨ་རིའི་གཞུང་གིས་རོགས་དངུལ་ས་ཡ་དུ་མ་སྤྲོད་སའི་བཙན་བྱོལ་བོད་གཞུང་གི་བྱེད་སྟངས་ལ་དབྱེ་ཞིབ་བྱ་དགོས་པའི་བསམ་འཆར་བཏོན་པར་ཡང་ཁག་མེད།
འོས་མི་སྤེན་པ་ཚེ་རིང་གི་གནང་སྟངས་འགྲིག་པ་རེད་སྙམ། གང་ཡིན་ཟེར་ན། སྒེར་ཐོག་ནས་དྲིལ་བསྒྲགས་བྱེད་སྐབས་དྲི་བའི་ལན་དུ་གསུངས་པ་ཞིག་རེད། གལ་ཏེ་འོས་བློ་བཟང་སེང་གིས་ཀྱང་གཞུང་འབྲེལ་མིན་པར་སྒེར་ཐོག་ནས་དྲིལ་བསྒྲགས་གནང་སྐབས་གསལ་གནང་ན་མ་འགྲིག་པ་ཅི་ཡང་མེད། རང་ཉིད་གདོང་ལ་མ་ཐོན་པར་གཞུང་གནས་དང་གཞུང་མི་བེད་སྤྱོད་གནང་བ་དེར་མི་མང་གི་དོགས་པ་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད། མཐའ་དོན། རུལ་དྲི་ཞིག་ཁ་ཟིན་པ་ཡིན་པས། ད་ནི་འོས་མི་ཕྱོགས་གཉིས་ཀ་དང་འབྲེལ་ཡོད་དག་གིས་གནད་དོན་འདི་གཙང་སེལ་མི་བྱེད་ཐབས་མེད་ཀྱི་གནས་སུ་གྱར་ཡོད།
གལ་ཏེ་ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་གིས་ཡག་སྡུག་གང་ཡིན་ཕྱི་གསལ་ནང་གསལ་ཞིག་མ་གནང་ཚེ། ཨ་རིའི་གཞུང་དང་ནུབ་ཕྱོགས་ཀྱི་བོད་དོན་རྒྱབ་སྐྱོར་བའི་ལྷག་བསམ་ལ་གཡོ་འགུལ་ཆེན་པོ་ཐེབས་རྒྱུར་ཐེ་ཚོམ་མེད་ལ། བོད་རིགས་ནང་ཁུལ་དུ་ཡང་ཡིད་མ་ཆེས་པའི་གནས་ཚུལ་མང་དུ་འབྱུང་ངེས།
ཡིད་བརྟོན་རུང་ན་འདི་བས་བྲིས་པའི་རྩོམ་ཡིག་ལས་དུས་དབང་ཕྱིར་འགྱངས་གནད་དོན་ཇེ་གསལ་དུ་འགྲོ་བའི་བཟོ་འདུག་ནའང་། དེང་གནས་བབས་ཛ་དྲག་གི་དུས་འདིར་༸གོང་ས་མཆོག་རྩེད་ཆས་བྱེད་བཞིན་པ་འདི་ངན་ལྟས་སུ་མཐོང་ཞིང་། ཡིད་ཟབ་དགོས་གལ་དུ་བཀའ་ཤག་དང་དགའ་ལྡན་ཕོ་བྲང་བར་ཐུག་པ་དཀྲུགས་མཁན་མེད་དམ་སྙམ་པའི་དོགས་པ་བྱུང་།
དེ་རིང་སྟེ་སྤྱི་ཚེས་ལྔའི་༧ དཔལ་ལྡན་བཀའ་ཤག་གི་གསལ་བཤད་དོན་ཚན་གཉིས་པ་༼སྐུ་ཚབ་དོན་གཅོད་རྣམ་པའི་མཚན་གནས་ཀྱི་གནད་དོན།༽དེ་ལ་གོ་རྒྱུ་རྩ་བ་ནས་མི་འདུག སུས་ནང་དོན་གང་ཞིག་ལ་ལོག་བཤད་དམ་འབྲེལ་བཤད་ལོག་པ་བརྒྱབས་པའི་ནང་དོན་འདི་ཁ་གསལ་མི་འདུག རྒྱུ་ཚན་དེ་ལ་བརྟེན་ནས་ཡང་སྐྱར་འབྲེལ་བཤད་ཁ་གསལ་ཞིག་གནང་དགོས་འདུག
དཔྱད་ཞིབ་ཡག་པོ་གནང་ནས་བྲིས་འདུག ཐུགས་རྗེ་ཆེ། བཀའ་ཤག་གི་གསལ་བསྒྲགས་གཉིས་མི་མཚུངས་པ་ཆགས་པ་འདིས། མང་ཚོགས་ལ་རྩེད་མོ་གཞན་ཞིག་རྩེས་སོང་།
་་་་་་་་་་ དཔལ་ལྡན་སྲིད་སྐྱོང་མཆོག་དང་། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་གཙོ་སྐྱོང་ཆོས་རིག་དང་བདེ་སྲུང་བཀའ་བློན་རྣམ་གཉིས་བཅས་ལྷན་འཛོམས་ཐོག་འགྲེལ་བཤད་གནང་དོན་དུ། ༸གོང་ས་མཆོག་སྨན་བཅོས་འཕྲོད་བཞེས་གནང་དགོས་སྐོར་བཀའ་བསྡུར་རིམ་པར་བྱུང་ཡོད་ཐོག ཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་ལྡི་ལིར་ཁྱད་མཁས་སྨན་པས་བརྟག་དཔྱད་ཞུས་སྐབས་ Prostate བསྙུན་གཞི་ངོ་སྤྲོད་བྱུང་སྟེ་སྨན་བཅོས་གནང་གལ་ཆེ་ཚུལ་ཞུས་སྐོར་དང་། ༸གོང་ས་མཆོག་ཉིད་ནས་ཀྱང་གལ་ཆེ་དོན་ཆེར་དགོངས་ཏེ། སྨན་བཅོས་གནང་རྒྱུ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཐད་ཐུགས་དམ་བརྟག་པ་ཐེངས་བདུན་གནང་བ་དང་། ཐུགས་དམ་བདུན་ཀར་སྨན་བཅོས་གནང་ན་ལེགས་པ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཕྱིར་འགྱངས་གནང་ན་ལེགས་པ་གསལ་བབས་བྱུང་སྐོར་བཅས་གསུངས་་་་་་་་་་་
ཚོགས་གཙོ་མཆོག་གིས་ཁ་སྔོན་གསལ་བཤད་ཅིག་གི་ནང་། ༧གོང་ས་མཆོག་གིས་དུས་དབང་འདི་ཆབ་སྲིད་དང་འབྲེལ་ཡོང་གི་འདུག་ད་རེས་དུས་དབང་འདི་ཕྱིར་འཐེན་བྱོས་་ཤོག་གསུངས་པ་རེད་ཅེས་སྐད་ཆེན་པོས་གསུངས་སོང་། ད་རེས་ཡང་གནས་ཚུལ་ཞེ་དྲག་ཧ་མ་གོ་མདོག་མདོག་བྱེད་ཀྱི་འདུག་ཁེ་མཚར།
་་་་་་་་་ དུས་འཁོར་དབང་ཆེན་གྱི་མཛད་འཆར་ཐད་ཐུགས་དམ་བརྟག་པ་ཐེངས་བདུན་གནང་བ་དང་། ཐུགས་དམ་བདུན་ཀར་སྨན་བཅོས་གནང་ན་ལེགས་པ་དང་། ་་་་་་་
སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་བཀར་ས་ངོ་མ་དེ་སྐུ་སྒེར་དྲུང་ཆེ་གཉིས་བཀའ་ཤག་ཏུ་མ་ཕེབས་སྔོན་དུ་ཅི་བྱུང་གི་གནས་ཚུལ་དེ་དག་རེད། བཀའ་ཤག་གིས་སྔ་ཕྱི་མི་མཚུངས་པའི་གསལ་བཤད་ཀ་དེའི་རྗེས་ཀྱི་དོན་དག་རྐྱང་ཡིན་པ་གསལ་པོ་རེད། ཨ་རིའི་མི་ནི་སོ་ཊར་འོས་མི་སྤེན་པ་ཚེ་རིང་གིས་གསུངས་པ་ལྟར། ༧གོང་ས་མཆོག་གིས། ཁ་སྔོན་དྲག་པོས་བཤད་པ་ཡིན། དེ་རིང་འཇམ་པོའི་ཐོག་ནས་ཡིན་དཱ། ཞེས་གསུངས་པ་ནི། དྲུང་ཆེ་གཉིས་ཕེབས་པའི་སྐབས་ཀྱི་གྲོས་མོལ་དེ་རེད། བཀའ་ཤག་གི་གསལ་བཤད་དུ།
“ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གོ་བསྡུར་འགྲེལ་བཤད་སླད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་གཉིས་ཆེད་གཏོང་གནང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་དང་། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་གཙོ་སྐྱོང་ཆོས་རིག་དང་བདེ་སྲུང་བཀའ་བློན་རྣམ་གཉིས་བཅས་ལྷན་འཛོམས་ཐོག་འགྲེལ་བཤད་གནང་དོན་དུ། ་་་་་” ཞེས་གསལ།
བཀའ་ཤག་གི་གསལ་བཤད་གཉིས་པ་དེར་གོང་དུ་གཅིག་གིས་གསུངས་པ་ལྟར་གོ་རྒྱུ་ཅི་ཡང་མི་འདུག་ གལ་ཏེ་གོ་རྒྱུ་ཞིག་དགོས་ན། “མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མ་གནང་བ་ཞིག་ཡིན་”ཞེས་པ་འདི་རེད།
དངོས་གནས་བཤད་ན། ད་རེས་བཀའ་ཤག་གི་གསལ་བཤད་དེ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་དགོངས་ཚུལ་ངོ་མ་ཡིན་མིན་ཡང་མི་ཤེས་པ་ཞིག་རེད། གང་ཡིན་ཟེར་ན། གསལ་བཤད་དེས་རྫུན་གྱི་སྒང་ལ་རྫུན་སྣོན་པ་བརྒྱབ་པ་ཙམ་ལས་གཞན་མཐོང་མི་ཐུབ། དེ་ལྟར་བྱས་ན། དེའི་རྗེས་ལ་ཡང་བསྐྱར་ལན་འདེབས་སྣ་ཚོགས་ཡོང་ནས་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བ་མཁྱེན་ཚོད་རེད།
དེས་ན། སྲིད་སྐྱོང་བློ་སེང་ལ་གསལ་འདེབས་གནང་མཁན་དེ་སུ་ཡིན་ནམ། བཀའ་ཤག་གི་ཕྱི་ཡིན་ནམ་ནང་ཡིན། བཀའ་བློན་གཅིག་ཀྱང་མ་ཕེབས་པ་ཡང་ཅི་ཡིན་ནམ། གསར་འགོད་པར་དྲིས་ལན་མ་གནང་བའི་འགག་རྩ་ཅི་ཡིན་ནམ། སྲིད་སྐྱོང་མཆོག་མི་བཞུགས་པའི་སྐབས་སུ་གནང་དགོས་པའང་ཅི་ཡིན་ནམ། སྲིད་སྐྱོང་རང་ཉིད་ཀྱིས་གསར་འགོད་གསལ་བསྒྲགས་མ་གནང་བ་དུས་ཚོད་མེད་པས་ཡིན་ནམ། སྲིད་སྐྱོང་མཆོག་གིས་གཞུང་འབྲེལ་ཕྱོགས་སྐྱོད་ཙམ་ལས་སྒེར་ཐོག་ནས་འོས་བསྡུའི་འགྲན་རྩོད་གསལ་བསྒྲགས་སྦྱངས་ཤད་མི་གནང་བ་དྲི་བ་ལ་སྐྲག་པ་ཡིན་ནམ། འོས་མི་ཚོགས་སྤེན་པ་ཚེ་རིང་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་ཚ་ཚ་འུར་འུར་གནང་བ་ཅི་ཡིན་ནམ། ད་དུང་ཁོང་དང་ཁོང་གི་རྒྱབ་སྐྱོར་བ་ཚོར་གདེང་ཚོད་མེད་པ་ཡིན་ནམ།
དགོས་པའི་དབང་།
༡༽དོལ་རྒྱལ་ཚོ་པས་༧ རྒྱལ་བས་དོལ་རྒྱལ་བཀག་པ་དེ༼་དགོས་པའི་དབང་༽དུ་རེད་ཟེར། དོན་དུ་རྒྱལ་བས་དོལ་རྒྱལ་གསོལ་གནང་གི་ཡོད་པ་རེད་ཟེར།
༢༽སྤྱི་མཐུས་འདས་པོ་ཀརྨ་ཆོས་འཕེལ་གྱིས་༧ རྒྱས་བས་དབུ་མའི་ལམ་གསུང་པ་དེ༼དགོས་པའི་དབང་༽དུ་རེད་ཟེར། དོན་དུ་༧ རྒྱས་བའི་ཐུགས་ལ་རང་བཙན་ཡོད་པ་རེད་ཟེར་།
༣༽ སྤྱི་མཐུས་སྤེན་ཚེ་མཆོག་གིས་༧ རྒྱལ་བས་ཁོང་གི་སྐུ་གཟུགས་་བརྟག་དཔྱད་བྱེད་པའི་དོན་དུ་དུས་འཁོར་དབང་ཆེན་ཕྱིར་འཐེན་གནང་བ་ཡིན་གསུང་བ་དེ༼དགོས་པའི་དབང་དུ་༽རེད་ཟེར། དོན་དུ་རྒྱལ་བས་སྐུ་ལ་སྨན་པས་བརྟག་དཔྱད་གནང་ཀྱི་ཡོད་པ་མ་རེད་ཟེར།
༧གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་ཡོད་ན་ངེས་པར་དུ་གསུང་ལ་བརྩི་བཀུར་གནང་རོགས།
༧གོང་ས་མཆོག་གི་གསུང་ལ་བརྩིས་ཏེ་བོད་མིའི་བདེ་སྡུག་ལ་བསམ་རྒྱུ་དེ་མགོ་ནག་བོད་མི་ཡོངས་ཀྱིས་གནང་དགོས་པ་ཞིག་རེད་ལ། ལྷག་པར་དུ་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀས་དགོངས་བཞེས་གནང་དགོས་པ་ཞིག་རེད། གསུང་ལ་བརྩིས་ན་བརྩི་མཉམ་དང་། མ་བརྩིས་ན་མ་བརྩིས་མཉམ་ཡིན་དགོས་པ་རེད། ཕྱོགས་གཅིག་གིས་བརྩི་དགོས་པ་དང་། ཕྱོགས་གཞན་དེས་བརྩི་མི་དགོས་པར་འདོད་པ་ནི་ཐལ་སྤྱོད་པའི་ལུགས་ཡིན་ཞེས་ཀུན་གྱིས་གླེང་བཞིན་ཡོད། དྲང་པོ་བཤད་ན། སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྐབས་འདིའི་སྲིད་སྐྱོང་འགྲན་རྩོད་སྐབས་བོད་མི་སྤྱི་དང་ལྷག་པར་དུ་དབུས་གཙང་མི་མང་གི་སེམས་ལ་རྨ་ཁ་བཟོས་པ་ཚད་མེད་ཅིང་། ཨ་མདོ་བ་སྐོར་ཞིག་ལ་ཡང་རྫིག་རྫིག་མང་པོ་བྱས་འདུག་་་་མང་གཙོ་དང་བཀའ་སྲུང་བརྩི་ཟེར་བ་དེ་འདྲ་ཞིག་མིན་པ་འདྲ། དགོངས་བཞེས་གནང་རོགས་་་་་
ཧཧཧ་མཁས་དབང་སྲིད་སྐྱོང་མཆོག་མཁས་དབང་རང་རེད་འགུ་་་་རྡ་སའི་མདོ་སྟོད་ཀྱི་བརྟན་བཞུགས་དང་ལན་མ་གནང་པར་རྙོག་གླེང་ནང་འདྲེན་མཛད་འགུའོ་ཧཧཧ
༧ གོང་ས་མཆོག་གི་བཀའ་ལ་དྲང་དོན་འགྲེལ་མཁན་གཉིས་ལས་བྱུང་མེད།
སྤྱིར་ང་ལ་མཚོན་ན་ཆབ་སྲིད་ཀྱི་གོ་རྟོགས་ཞན་པ་མ་ཟད་དོ་སྣང་ཡང་དེ་ཙམ་ཆེན་པོ་མེད་མཁན་ཞིག་རེད། འོན་ཀྱང་རྒྱུན་དུ་དྲྭ་ལམ་ཉུལ་རྒྱུར་དགའ་ཞིང་ཆོས་སྲིད་ཀྱི་གནས་ཚུལ་གང་ལའང་མིག་ཟུར་གྱིས་བལྟ་ཙམ་རེ་བྱེད་གྱིན་ཡོད། རེད་དེ་ཆབ་སྲིད་ཀྱི་ཐད་རྩོམ་ཡིག་སྤེལ་རྒྱུ་ལྟ་ཞོག ཐ་ན་གཞན་གྱི་ཆབ་སྲིད་དཔྱད་རྩོམ་སོགས་ལ་མཆན་བུ་ཡང་བཏབ་མ་མྱོང་། འདི་ལོ་ནི་འུ་ཚང་གི་ཕ་དམ་པས་མི་ལོ་དྲུག་ཅུ་ལྷག་ཏུ་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་རྩིས་སྤྲོད་ནས་མི་དམངས་ཀྱིས་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་སྲིང་སྐྱོང་སྐབས་གཉིས་པ་བདམ་ལ་ཉེ་བའི་དུས་སྐབས་རེད། ཉེ་བའི་ཆར་སྐུ་ངོ་སྤེལ་པ་ཚེ་རིང་གིས་བཤད་པའི་བརྙན་ཐུང་ཞིག་ངོ་དེབ་ཐོག་མཐོང་སོང་བས་མིག་ནས་མཆི་མ་འབབས་ཤིང་། ཡིད་དུ་སྐྱོ་སྣང་དང་བཟོད་དཀའ་བའི་ཚོར་སྣང་ཞིག་གིས་ཉིན་ཤས་རིང་ཟས་ཀྱི་བྲོ་བའང་མེད་པ་ཆགས་སོང་། ༢༠༡༦ ལོའི་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་སྤེལ་པ་ཚེ་རིང་གཉིས་དངོས་གཞི་སྐབས་ལ་སུ་བདམས་དགོས་མིན་ད་དུང་ཡང་ངས་ཐག་བཅད་མེད། ལྷག་པར་ངས་ད་བར་དུ་སྐུ་ངོ་སྤེལ་པ་ཚེ་རིང་ལ་འཛིན་ཚུལ་ནི། ཁོས་གསར་གཏོད་དང་བསྒྱུར་བཅོས་ཤུགས་ཆེན་པོ་ཞིག་བཏང་འོང་སྙམ་པ་མེད་ཀྱང་། གང་ཡོད་པ་དེ་བརྟན་པོའི་ཐོག་ནས་མཇུས་ཐབས་མཁན་ཞིག་རེད་དྲན་ཡོད།
༧ གོང་ས་མཆོག་གི་བཀའ་ལ་དྲང་དོན་འགྲེལ་མཁན་གཉིས་ལས་བྱུང་མེད།
དང་པོ། སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་བསྟན་ན་ཕན་པ་ལས་གནོད་ཆེ་བ་འདུག་པས་དེ་ཉིད་བསྟན་གསོ་མ་བྱེད་ན་བཟང་བའི་སྐོར་བཀའ་སློབ་ཕེབས་དུས་དོལ་རྒྱལ་བསྟན་མཁན་ཚོས་༧ གོང་ས་མཆོག་ལ་དད་པ་ཡོད་ཁུལ་གྱིས་༧ གོང་ས་མཆོག་གིས་གསུངས་པ་དེ་དགོས་པའི་དབང་གིས་སམ་དྲང་དོན་དུ་འགྲེལ་ཁུལ་བྱས་ཡོད། འོན་ཀྱང་ཕྱིས་སུ་༧ གོང་ས་མཆོག་གིས་རང་ཉིད་ཀྱིས་གསུངས་པ་དེ་དངོས་ཡོད་གནས་ཚུལ་ལས་དྲང་དོན་མིན་ཚུལ་གསལ་པོར་གསུངས་བས་ཁོང་ཚོས་༧ གོང་ས་མཆོག་ལ་དད་པ་ཡོད་ཁུལ་གྱི་གླུ་དབྱངས་དེ་རིམ་གྱིས་ཡལ་ཏེ། འཛམ་གླིང་གང་སར་སྐད་འབོད་དང་ཐ་ན་༧ གོང་ས་མཆོག་གི་སྐུ་ཚེ་ལའང་བར་ཆད་བཏང་བའི་ཐབས་ཤེས་བྱས་ཡོད།
གཉིས་པ། དེ་ལས་ཐབས་སྐྱོ་བ་ཞིག་ནི་མི་ལོ་ཉི་ཤུ་ལྷག་གི་རིང་༧ གོང་ས་མཆོག་ལ་དད་པ་ཡོད་ཁུལ་གྱིས་༧ གོང་ས་མཆོག་གི་བཀའ་སློབ་གླུ་རུ་གྱེར་མཁན་སྐུ་ངོ་སྤེན་པ་ཚེ་རིང་རེད། ཁོས་སྐད་ཆ་ཚིག་རེ་ལས་མ་བཤད་ཀྱང་་༧ རྒྱལ་བ་རིན་པོ་ཆེ། རྒྱལ་་བ་རིན་པོ་ཆེན་ཟེར་གྱི་ཡོད། ཁོས་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཀྱིས་མི་དམངས་ལ་མགོ་ལྕགས་གཞུས་ན་མི་དམངས་བསླུ་ཐུབ་ཀྱི་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་ཁོས་རྒྱལ་བ་རིན་པོའི་བཀའ་སློབ་སྐྱར་ཟློས་བྱས་པ་ཙམ་ལས་བཀའ་བསྒྲུབ་པའི་རིགས་པ་གསར་པ་དང་། ཐབས་ལམ་གསར་པ་གང་ཡང་རྙེད་མེད། དེའི་རྐྱེན་པས་ཁོ་ལ་ངོ་ཉི་ཤུའི་རིང་ལས་ཀ་བྱས་པའི་ཉམས་མྱོང་ཡོད་ཟེར་བ་ཙམ་ལས་ཁོས་བསྒྲུབས་པའི་གཟེངས་སུ་ཐོན་པའི་བྱ་བཞག་སྣ་གཅིག་ཀྱང་བསྟན་རྒྱུ་མེད་། ལོ་ངོ་ཉི་ཤུར་ལས་ཀ་བྱས་ཀྱང་གྲུབ་འབྲས་གང་ཡང་བསྟན་རྒྱུ་མེད་པའི་མི་ཤིག་ལ་སྲིང་སྐྱོང་གི་གོ་གནས་ཕུལ་ཀྱང་གང་ཡང་འཇོན་རྒྱུ་མེད་པར་གསལ་པོ་རེད།
ཁོ་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད་པའང་གསལ་པོ་རེད། ༧ གོང་ས་མཆོག་གིས་དུས་དབང་ཕྱི་འགྱངས་བྱས་པའི་རྒྱུ་མཚན་སྐུའི་སྨན་བཅོས་ཀྱིས་ཡིན་པར་ཨ་རི་ལ་གསུངས་ཡོད་པ་མ་ཟད། གདན་ས་བཀྲ་ཤིས་ལྷུན་པོར་རྒྱལ་ཁམས་དུ་མ་ནས་ཕེབས་པའི་མི་རིགས་འདྲ་མིན་དང་། ལྷག་པར་བོད་ནས་བོད་མི་སྟོང་ཕྲག་ལྷག་ཕེབས་པའི་མདུན་སར་ཆེད་དུ་གཉེར་ནས་གསུངས་ཡོད། རེད་དེ་སྐུ་ངོ་སྤེན་པ་ཚེ་རིང་གིས་༧ གོང་ས་མཆོག་གིས་གལ་པོ་ཆེན་ལ་ནན་ཏན་དང་། དམ་པའི་ཆོས་ལ་བརྒྱ་ཚར་ཟེར་བ་བཞིན་ཡང་དང་ཡང་དུ་གསུངས་ཀྱང་། དེ་ཙམ་ཡང་མ་གོ་བར་རང་ཉིད་ཀྱི་ཁེ་ཕན་ཆེད་༧ གོང་ས་མཆོག་གིས་གསུངས་པ་དེ་དགོས་དབང་གིས་ཡིན་ཚུལ་བསྒྲུབས་ཡོད། དགོས་པའི་དབང་གིས་གསུངས་ཞེས་པའི་ཚིག་དེ་སྙན་པོ་ཡོད་ཀྱང་། དོན་ངོ་མ་༧ གོང་ས་མཆོག་གིས་རྫུན་བཤད་སོང་ཟེར་བ་དེ་རེད། འདིས་སྐུ་ངོ་སྤེན་པ་ཚེ་རིང་གིས༧ གོང་ས་མཆོག་ལ་དད་པ་ཡོད་ཁུལ་དང་། དབུ་མའི་ལམ་ལ་གདེངས་ཚད་ཡོད་མདོག ཐ་ན་༧ གོང་ས་མཆོག་ལ་མཚན་སྨྲས་བྱེད་མཁན་དང་ལྷན་དུ་བགྲོ་གླེང་ཙམ་ཡང་མི་བྱེད་པའི་ངོ་གདོང་དེའི་རྒྱབ་ལྗོངས་གསལ་བར་བྱས་ཡོད། གལ་སྲིད་ཁོང་༧ གོང་ས་མཆོག་ལ་ལུས་ངག་ཡིད་གསུམ་གྱིས་ཡིད་ཆེས་ཡོད་མཁན་ཞིག་དང་། དགོས་པའི་དབང་གིས་གསུངས་པ་རྟོགས་མཁན་ཞིག་ཡིན་ན་དུས་དབང་ཕྱི་འགྱང་བྱས་པའི་རྒྱུ་མཚན་༧ གོང་ས་མཆོག་གིས་གསུངས་པ་དེ་དེ་བཞིན་རེད་ཟེར་བ་མ་གཏོགས། དེ་ལས་གཞན་པའི་རྒྱུ་མཚན་གང་ཡང་བཤད་མི་སྲིད།
དགྲ་བོ་རྒྱ་ནག་གིས་རྒྱུན་དུ་༧ གོང་ས་མཆོག་ནི་རྫུན་བཤད་མཁན་ཞིག་དང་། ཆོས་ཀྱི་འབག་གོན་ནས་མི་དམངས་མགོ་སྐོར་བཏང་མཁན་རེད་ཟེར་བ་འདི་སྐུ་ངོ་སྤེལ་པ་ཚེ་རིང་གིས་དགོས་པའི་དབང་གིས་ཞེས་པའི་སྙིང་རྗེ་བོའི་ཚིག་ཅིག་བེད་སྤྱོད་དེ་ཤུགས་ཀྱིས་སྒྲུབ་ཐབས་བྱས་ཡོད། འཛམ་གླིང་འདིའི་སྟེང་དུ་ནང་ཆོས་ཉམས་སུ་ལེན་མཁན་ཉུང་ཤས་ཤིག་མ་གཏོགས་ཚང་མས་དངོས་ཡོད་ལས་འདས་པའི་སྐད་ཆ་ཞིག་བཤད་ན་དེ་ཉིད་རྫུན་ཡིན་པར་ངེས་འཛིན་དང་། མི་མ་རབས་ཞིག་ཏུ་བརྩི་གིན་ཡོད། ལྷག་པར་རྒྱ་ནག་ལྟ་བུའི་དམར་ཕྱོགས་རིང་ལུགས་པ་ཚོས་དེ་བས་དགོས་དབང་དང་། དྲང་དོན་ངེས་དོན་ཁས་མི་ལེན། མདོར་ན། འཛམ་གླིང་མི་དམངས་དང་དྲང་དོན་ལ་དགའ་བའི་ཤེས་ཡོན་པ་དང་། ཆབ་སྲིད་པ། ཆོས་ལུགས་པ་སོགས་ས་ཡ་མང་པོས་བོད་ཀྱི་དབུ་ཁྲིད་༧ གོང་ས་ཏཱ་ལའི་བླ་མ་ལ་གུས་བཀུར་དང་ཆེ་མཐོ་བྱེད་བཞིན་པ་འདི་ཐམས་ཅད་ཀྱི་རྒྱུ་མཚན། ༧ གོང་ས་མཆོག་གིས་སྐད་ཆ་ག་རེ་བཤད་ཀྱང་དྲང་དོན་དང་། རྫུན་མི་བཤད་པ། འགག་རྩ་གང་ཞིག་ལ་ཐུགས་ཀྱང་དངོས་ཡོད་གསུངས་པ་ལས་དེ་ལ་གཡོལ་ཐབས་བྱེད་ཀྱི་མ་རེད་ཅེས་ཟེར་གྱི་ཡོད། འོན་ཀྱང་སྐུ་ངོ་སྤེལ་པ་ཚེ་རིང་གིས་དེ་ཙམ་ལའང་བསམ་བློ་བཏང་མེད། ཁོས་མངོན་འདོད་ངོ་མ་སྤྱིར་འཛམ་གླིང་མི་དམངས་དང་ཡང་སྒོས་དགྲ་བོ་རྒྱ་ནག་གི་མིག་མདུན་དུ་༧ གོང་ས་མཆོག་གིས་ཞལ་རས་ཆུ་ལ་གཡུག་ཐབས་བྱེད་པ་དེ་རེད།
སྐུ་ངོ་སྤེན་པ་ཚེ་རིང་གི་སྐད་ཆ་འདི་༧ གོང་ས་མཆོག་གིས་གསན་ན་ཅི་དགོངས་ས་རེད། ཐུགས་དགྱེས་ས་རེད་དམ། ཐུགས་ཕམ་ས་རེད། བློ་གཟུར་བོ་གནས་ནས་བསམ་བློ་ཞིག་ཐོངས་དང་། མི་དམངས་ཁྲི་ཚོགས་ཀྱི་དབུས་སུ་གསུངས་ཟིན་པའི་བཀའ་སློབ་དེ་ཉིད་བདེན་པ་མ་རེད་ཟེར། ཚོགས་གཙོ་ཞིག་གིས་འདི་ལྟར་བྱས་ན་༧ གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་ས་རེད་དམ། ཡུན་དུ་ཐུང་ས་རེད། སྐུ་ངོ་ཡི་སྐད་ཆ་འདི་རྒྱ་ནག་གིས་གོ་དུས་ཁོང་ཚོ་ཅི་ཙམ་དགའ་རྒྱུ་རེད། ལ་རྒྱ་དང་ཞེ་ཁོག་གིས་རང་གི་སྲོག་ཤོར་ཡང་འགྱོད་པ་མེད་པའི་གཞིས་ཞུགས་བོད་མི་ཚོས་གོ་དུས་ག་ཚོད་སྡུག་རྒྱུ་རེད། སྔ་ནས་ད་བར་༧ གོང་ས་མཆོག་གིས་བཙལ་བྱོལ་གྱི་གཞུང་འདི་ཕྱི་གསལ་ནང་གསལ་ཡིན། ཕྱི་རུ་བཤད་རྒྱུ་ཞིག་དང་ནང་དུ་སྦས་རྒྱུ་ཞིག་མེད། ཅེས་གསུངས་པའི་བཀའ་སློབ་རྣམས་སྐུ་ངོ་ནས་གང་ཞིག་ཏུ་སྐྱེལ་བའི་འཆར་གཞི་རེད། སྐབས་ཞིག་སྐུ་ངོ་ནས་གཏམ་བཤད་བྱས་དུས་༧ གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དགོངས་པ་རྫོགས་ཚར་བ་གཞིར་བཞག་བྱས་ནས་བཤད་ཀྱི་འདུག འདི་ཐམས་ཅད་ལ་བསམ་བློ་ཞིག་བཏང་དུས་སྐུ་ངོས་ཕུགས་ཀྱི་བསྒྲུབ་འདོད་པ་གང་ཡིན་སྐོར་ལའང་དོགས་པ་ཡོང་གི་འདུག
ངས་འདི་ནས་སྐུ་ངོ་མཆོག་ལ་སྐད་ཆ་ཁ་ཤས་འདྲི། སྤྱི་ཟླ་༨ པའི་ཚེས་༢༧ ཉིན་བཀའ་ཤག་ལ་༧ གོང་ས་མཆོག་དགོངས་པ་འཚོམས་པའི་རྣམ་པའི་ཐོག་ནས་དུས་དབང་ཕྱིར་འཐེན་བྱོས་གསུངས་པ་དེ་དང་། དེའི་སང་ཉིན་དྲུང་ཆེན་གཉིས་མར་བཀའ་ཤག་ལ་བཅར་ནས་ཁ་སང་དྲག་པོའི་ཐོག་ནས་བཤད་པ་ཡིན། དེ་རིང་ཞི་བའི་ཐོག་ནས་བཤད་གིན་ཡོད་ཟེར་བ་དེ་དག་སྐུ་ངོ་ནས་དངོས་སུ་མཐོང་སོང་བས། འོ་ན་མི་གཞན་ཞིག་གིས་སྐུ་ངོ་ལ་བཤད་སོང་། གལ་སྲིད་མི་གཞན་ཞིག་གིས་སྐུ་ངོ་ལ་བཤད་པ་ཡིན་ན། སྐུ་ངོ་༧ གོང་ས་མཆོག་གིས་སྐུ་ངོ་ཡོད་སར་དངོས་སུ་གསུངས་པ་དེ་ལ་ཡིད་ཆེས་མ་བྱས་པར་མི་ཞིག་གིས་བརྒྱུད་ནས་གོ་བ་དེ་ལ་ཡིད་ཆེས་དགོས་དོན་གང་ཡིན། མི་ཞིག་གིས་སྐུ་ངོ་ལ་ཤ་ཚ་དང་སྙིང་ཉེ་ཉེ་ཐོག་བཤད་པ་དེ་བོད་སྤྱི་པའི་དོན་དུ་རེད་འདུག་གམ། ཡང་ན་༧ གོང་ས་མཆོག་གིས་མི་དམངས་ཁྲི་ཚོགས་དབུས་སུ་གསུངས་པ་དེ་བོད་སྤྱི་པའི་དོན་དུ་རེད་འདུག སྐུ་ངོ་ནས་དེའི་ཐོག་ཐུགས་བསམ་བཞེས་ཨེ་ཡོད། ད་དུང་སྐུ་ངོ་ལ་བཤད་མཁན་གྱི་མི་དེ་སུ་རེད། སྐུ་སྒེར་གྱི་མི་ཞིག་རེད་དམ། ཡང་ན་དེ་མིན་གྱི་མི་གཞན་ཞིག་རེད། མིང་དེའི་མིང་ལ་ཅི་ཟེར་། ཁོང་གི་ལས་སྣེ་གང་རེད། མི་དེས་རྒྱུ་མཚན་གང་གིས་ཁྱོད་ལ་བཤད་པ་རེད། རྡ་རམ་ས་ལ་རྒྱ་ནག་གི་སོ་པ་ཡོད་པ་ཁྱོད་ཀྱིསཨེ་ཤེས།
སྐུ་ངོའི་སྐད་ཆ་འདི་ཀླུ་མཁར་བྱམས་ཀྱི་སྐད་ཆ་བཞིན་གནད་དོན་ཆུང་ཆུང་ཞིག་རྩ་བ་ནས་མ་རེད། བཀའ་ཤག་དང་སྐུ་ངོ་ཁྲིམས་ཁང་དུ་འགྲོ་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད། འཛམ་གླིང་མི་དམངས་དང་བོད་མི་ཚོའི་མདུན་དུ་གསལ་པོ་བཟོ་དགོས། ལྷག་པར་སྐུ་ངོ་ནས་རྒྱལ་བ་རིན་པོ་ཆེ་དགོངས་པ་འཚོམས་པ་དེ་དངོས་སུ་མ་མཐོང་བར་གཞན་བརྒྱུད་ནས་གོ་བ་ཡིན་ན། བཤད་མཁན་དེའི་མི་དང་བཅས་པ་བཤད་དགོས་པ་མ་ཟད། ཁོང་ཡང་ཁྲིམས་ཁང་དུ་འགྲོ་ནས་ཁོང་རང་ཉིད་ཀྱི་སྐད་ཆ་ཁུངས་སྐྱེལ་བྱེད་དགོས། དེ་མིན་ཕྱི་ལོག་ནས་གོ་སོང་ཟེར་བ་དང་། མི་གཞན་གྱིས་བཤད་སོང་ཟེར་བ་དེ་ཚོགས་གཙོ་ཞིག་གི་སྐད་ཆ་མ་རེད།
རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་ཚོ་ཞུ་རྒྱུར། རྣམ་པ་ཚོས་ངས་ཚོགས་གཙོ་ལ་གུས་ཞབས་མེད་པའི་ཐོག་ནས་སྐད་ཆ་བཤད་སོང་སྙམ་སྲིད་པས་དེ་ལ་ངས་དགོངས་དག་ཞུ། འོན་ཀྱང་རྣམ་པ་ཚོས་འདིའི་སྐོར་སེམས་རྣལ་དུ་ཕབ་ནས་དཔྱད་པ་བྱ་རྒྱུ་གལ་ཆེ།
བཀྲ་ཤིས་ཉི་མ་ནས་ཕྱི་ལོ་༢༠༡༦/༢/༣ཉིན།
སྔོམ་མ་སྐུའི་འཕྲོད་བསྟེན་ཆེད་བཀའ་ཤག་གིས་མི་མང་པོའི་རེ་འདོད་ལྟར་དུས་དབང་ཕྱིར་འཐེན་གནང་རོགས་ཞུས་ཟེར། ཁ་སང་བཀའ་ཤག་གིས་ཡར་ཞུས་མེད་དྲུང་ཆེ་གཉིས་ཡོང་ནས་མར་བཀའ་གནང་ནས་ཕྱིར་འཐེན་ཞུས་པ་རེད་ཟེར། བཀའ་ཤག་གིས་བསལ་བསྒྲགས་སྔོན་མ་དེ་ལ་དམིགས་ནས་༸གོང་ས་མཆོག་གིས་ལྷོ་ཕྱོགས་སུ་དུས་དབང་ཕྱིར་འཐེན་ཁོང་གིས་གནང་བ་གསུངས་ཡོད། དོན་དངོས་ཐོག་དུས་དབང་ཆབ་སྲིད་ལག་ཆ་བསྒྱུར་བཞིན་པར་བརྟེན། དགའ་ལྡན་ཕོ་བྲང་ནས་ཁ་གཡོལ་ས་ཞིག་བཟོས་ཏེ། སྦྱིན་བདག་བཀའ་ཤག་དང་མཉམ་དུ་སྐད་ཆ་བཤད་ནས་འཐེན་པ་འདྲ། འདི་ནི་བླ་ཆེན་མི་ཆེན་དང་ཆབ་སྲིད་མི་སྣའི་གནང་སྟངས་ངོ་མ་ཞིག་མ་རེད་དམ།
སྔོན་མ་
ངོ་དེབ་ན་འདི་འདྲ་ཞིག་འདུག
ཚང་མས་ཤེས་དགོས་པ་ཞིག་ལ། བློ་བཟང་སེངྒེ་ལ་མདོ་སྟོད་ནང་ཁུལ་དུའང་གནོན་ཤུགས་ཡོད། རྒྱུ་མཚན་ནི་ཁོང་རྒྱལ་ཚབ་སྟག་བྲག་གི་ཤུལ་འཛིན་ཡིན་པས་རེད། མདོ་སྟོད་ནང་རི་བོ་དགེ་ལུགས་པའི་བསྟན་པའི་རྗེས་འཇུག་པ་མང་ནའང་། ཁོང་ཚོ་མང་ཆེ་བས་འདས་པའི་ལོ་རྒྱུས་མི་ཤེས། སོང་ཙང་། ལྡི་ལི་ཆུ་སྒང་ནི་རི་བོ་དགེ་ལུགས་པར་སྡང་སེམས་ཡོད་མཁན་སྐོར་ཞིག་གིས་བཙུགས་ཤིང་། ཁོང་ཚོས་ཁོག་ལ་ཆོས་རྒྱུད་ཀྱི་ནད་རྙིང་བཟུང་། ཁ་ནས་ཆོལ་ཞེན་སྒྲོག་ནས་མདོ་སྟོད་མི་མང་བོ་ཞིག་དབུ་བསྐོར་བཞིན་ཡོད། ད་རེས་ཀྱང་མདོ་སྟོད་སྐོར་ཞིག་གིས་༸གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་གྲ་སྒྲིག་ཡོད་ཀྱང་། ལྡི་ལི་ཆུ་སྒང་གི་ཚོགས་མི་དེ་ཚོ་བཀའ་ཤག་ལ་བཅར་ནས་རྫིག་རྫིག་བྱས་འདུག
མདོར་ན་འཇུ་ཆེན་ནི་རི་བོ་དགེ་ལུགས་པ་དང་དགའ་ལྡན་ཕོ་བྲང་ལ་མི་དགའ་མཁན་ཞིག་ཡིན་ཞིང་། གཞན་རྣམས་ཁོ་བོའི་རྒྱུགས་ཁྱི་ཡིན། གཏམ་འདི་ནི་རང་ཉིད་མདོ་སྟོད་པ་ཞིག་ལ་སོང་། མདོ་སྟོད་པ་རྣམས་གཡོ་འོག་ཏུ་མི་ཚུད་པའི་དྲན་སྐུལ་ཙམ་ཡིན།
་་་་་་་་་ འཇུ་ཆེན་ནི་རི་བོ་དགེ་ལུགས་པ་དང་དགའ་ལྡན་ཕོ་བྲང་ལ་མི་དགའ་མཁན་ཞིག་ཡིན་་་་་་་་་་་་
བཀའ་ཤག་གི་གནང་སྟངས་འདི་ངོ་མ་སྡུག་ཅག་རེད། དང་བོར་མི་དམངས་ལ་སྐྱག་བརྫུན་བཤད། བརྫུན་ཨ་བྲ་གཉིས་ཀྱི་རྔ་མ་ཐུང་ཞེས་པ་ལྟར་སྐྱག་བརྫུན་གྱི་བོང་མཇུག་བརྡོལ་བས། ཡང་སྐྱག་བརྫུན་བཤད་པ་དེ་དགོས་དབང་ཡིན་མདོག་བྱེད། ད་དུང་རྫིག་རྫིག་བྱས་ནས་བྱས་ཉེས་ངོམ་སོར་འཁྱེར་གྱི་འདུག ངོ་མ་བཤད་ན་ད་ལྟའི་བཀའ་ཤག་གི་ད་ལྟའི་གནང་སྟངས་འདི་མི་དམངས་ལ་འགན་མ་འཁྱེར་རེད། མི་དམངས་ལ་མགོ་གཡོག་མགོ་སྐོར་རེད། མི་དམངས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་རེད།
ཡང་ཅིག་བཤད་ན་ང་ཚོའི་གཞུང་འདི་དྲང་བོ་དྲང་རྐྱང་དང་ཕྱི་གསལ་ནང་གསལ་ཡིན་ཞེས་འཛམ་གླིང་ལ་བསྒྲགས་ཤིང་རྒྱ་ནག་ལ་ངོམ་བཞིན་ཡོད་པ་རེད། ད་ལྟོས་དང་། ངོ་མ་དེ་འདྲ་ཞིག་རེད་དམ། འདི་འདྲའི་ཐོག་ནས་སྐྱག་བརྫུན་བཤད་བཞིན་ཡོད་ན་གཞན་དག་ལ་ཡིད་ཆེས་བྱེད་ས་འགྲོའམ། མི་དམངས་ལ་སྐྱག་བརྫུན་བཤད་དེ་མགོ་གཡོག་མགོ་སྐོར་གཏོང་བ་འདི་གནས་སྟངས་ཚབས་ཆེ་ལོད་གང་འདྲ་ཞིག་ཡིན་པ་མཁྱེན་གྱི་མེད་པ་ཨེ་རེད། དཀའ་ཤག་ཨང་། རེ་ལྟོས་ཀྱིས་བརྟས་པའི་ང་ཚོ་ཡིད་ཆད་དུ་བཅུག་བྱུང་།
ཡར་མར་གང་བཤད་ཀྱང་སྤེན་པ་ཚེ་རིང་ལགས་བཀྲ་མི་ཤིས་པའི་དཀྲུག་ཤིང་གི་ཐན་ལྟས་ངན་པ་ཞིག་ཡོད་ཟོ་འདུག་ལ་ད་དཀྲུག་ས་དེ་གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུག་བར་ལ་རེད་འདུག། ད་ཡིན་ན་ཉེན་ཁ་ཇེ་ཆེར་རེད། བལྟ་མི་འདོད་པའི་ཐན་ལྟས་ངན་པ་ཞིག་མཐོང་བ། སྐུ་ངོ་མཆོག་ཡ་ང་བའི་བོད་མིའི་ལས་དབང་འདི་འདྲ་ཞིག་སྐབས་ལ་ཁ་ནས་དྲན་ཚད་དང་ལག་གིས་གང་འདོད་མ་གནང་རོགས། དོན་དངོས་ནི་དོན་དངོས་ཡིན་སྟབས་ཡར་མར་གང་འདྲ་གནང་ཡང་བཀག་ཐབས་ཡོད་མ་རེད་ལགས།
གོང་ས་མཆོག་གི་བཀའ་ལ་ལོག་འགྲེལ་བྱེད་མཁན་དང་ཁོང་གི་བཀའ་ལ་མི་རྩི་བར་བོད་མི་ནང་ཁུལ་དཀྲུག་མཁན་སྤེན་པ་ཚེ་རིང་དང་། དེའི་རྒྱབ་སྐྱོར་བ་ཟླ་བ་ཚེ་རིང་སོགས་རེད། གོང་ས་མཆོག་གིས་དུས་དབང་ཕྱིར་འགྱང་དེ་ཁོང་གི་སྐུ་གཟུགས་འཕྲོད་བསྟེན་དང་སྐུ་ངལ་གསོ་ཆེད་ཡིན་ཞེས་ཐེང་མང་གསུངས་ཟིན་ཡང་སྤེན་ཚེས་དོན་དག་གཞན་ཞིག་ཡོད་མདོག་བཤད་ནས་གོང་ས་མཆོག་རྫུན་གསུང་མཁན་ལ་བསྒྱུར་སོང་། ཟླ་བ་ཚེ་རིང་སོགས་ཀྱིས་སྐད་འཕྲིན་ཚོགས་པ་བཙུགས་ནས་དབུས་གཙང་མི་མང་ལ་ཆོལ་ཁའི་ཞེན་ཁོག་དགོས་པའི་སྐུལ་མ་བྱས་ནས་བོད་མི་ནང་ཁུལ་དཀྲུག་པས་མ་ཚད། གཞིས་ཆགས་རྒན་རྒོན་ཚོའི་དད་པ་ལོག་སྤྱོད་ཀྱིས་སྲིད་སྐྱོང་གིས་ཨ་རིའི་དོན་གཅོད་ཁང་གི་གོང་ས་མཆོག་གི་སྐུ་པར་མར་ཕབ་ནས་སྲིད་སྐྱོང་གི་པར་ཡར་བཤམ་ཡོད་རབས་ཀྱི་རྫུན་གཏམ་བཤད་ནས་མགོ་སྐོར་གཏོང་ཐབས་བྱས་དང་བྱེད་བཞིན་པ་རེད།