གཟུར་གནས་བློ་ལྡན།
༡༽ སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞིབ་ཚགས་མཁྱེན་གྱི་མེད། དེ་མེད་པའི་གནས་སྟངས་ལོ་བཞི་དང་ཕྱེད་ཀའི་ནང་གསལ་བོ་ཆགས་ཟིན། སྲིད་སྐྱོང་གི་འགན་བབ་ལྟར་ན་འབུར་དུ་ཐོན་པའི་རྣམ་དཔྱོད་སྟོན་དགོས་ས་ཆབ་སྲིད་སྐོར་ཡིན་ཡང་། ད་བར་ཕྱི་ནང་གི་སྡིངས་ཆ་ཁག་དང་། གསར་ཤོག་ཁག གཞུང་འབྲེལ་གྲོས་ཚོགས་ནང་བཀའ་ཤག་གི་གསལ་བཤད་ཀྱིས་མཚོན་པའི་ཆབ་སྲིད་ཐད་ཀྱི་གཏམ་བཤད་ཁག་རང་གཞན་དོ་སྣང་འདྲེན་པ་གཅིག་ཀྱང་གསུང་ཐུབ་མེད། དེ་ནི་སྦས་པ་མིན་ལ། ཡོད་པ་དང་མཁྱེན་ནུས་འཛོམས་ཚེ་སྒྲོག་པ་ལ་ཅི་མི་སྙམ་པ་ནི་ཁོང་གི་ད་བར་གྱི་གཤིས་ཀ་ལ་བལྟས་ན་ར་སྤྲོད་ཐུབ་པས། མ་མཁྱེན་པས་ཡིན་པ་མ་གཏོགས་རྒྱུ་མཚན་གཞན་ཅི་ཡང་མེད།
༢༽ སྲིད་སྐྱོང་བློ་བཟང་སེང་གེ་ལགས་ནས་ཧ་ཝར་ཁྲིམས་ལུགས་སྦྱངས་བ་གྲགས་སུ་ཆེ་ཡང་ཁྲིམས་དོན་ཤེས་བྱར་རང་རྐྱ་མི་ཐུབ་པ་མ་ཟད། ཁྲིམས་རྩོད་པའི་ཡིག་རྒྱུགས་ཀྱང་འཕྲོད་མེད། དོལ་རྒྱལ་ཚོགས་པས་དོལ་འདྲེའི་གནད་དོན་ཁག་ལ་ཁྲིམས་ལུགས་ཀྱི་ཐ་སྙད་རེ་འགའ་སྤྱད་དེ་༧གོང་ས་ཆེན་པོར་ངོ་རྒོལ་བསྟུད་མར་བྱས་ཀྱང་། དེ་དག་ལ་སྟངས་འཛིན་ཐུབ་རྒྱུ་ལྟ་ཅི། ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་མཐོ་རིམ་སློབ་མར་ནང་ཆོས་ངོ་སྤྲོད་སྐབས། དོལ་ཚོགས་ཀྱི་བྱེད་བབ་དེ་རྣམས་ཁྲིམས་དང་མཐུན་མིན་གསལ་བཤད་གནང་མ་ཐུབ་པས། བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་ཁྲིམས་དང་མཐུན་མིན་འགྲེལ་བཤད་གནང་དགོས་བྱུང་ཡོད། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་དང་མི་མང་ཁྲོད་ཁྲིམས་ཀྱི་ཤེས་ཚད་གོང་མཐོར་འགྲོ་གཞི་གང་ཡང་གནང་ཐུབ་མེད་ཁར། འཛིན་སྐྱོང་གི་ལས་དོན་མང་པོར་ཁྲིམས་སྒྲིག་དང་འགལ་བའི་ལས་དོན་སྣ་མང་བྱས་ཡོད། བཀའ་ཤག་གི་གྲོས་སྟོན་པ་ཟེར་བ་ནི་དེའི་དཔེ་མཚོན་ཙམ་ཡིན། གཞན་ཡང་སྲིད་སྐྱོང་རང་ཉིད་ཙམ་མིན་པར་བོད་ཀྱི་ཆེ་མཐོང་ལ་གནོད་གཞི་ཁོང་གི་ཁང་རིན་གྱི་ཡོང་ཁུངས་གཙང་མ་མིན་སྐོར་ཝ་ཞིན་གྲོན་དུས་བབ་སྟེང་ཕྱི་རྒྱལ་མི་སྣས་སྐྱོན་འཛུགས་བྱས་ཀྱང་ཁྲིམས་སར་བསྐྱལ་ཐུབ་མེད། དེའི་ཆ་ནས་བློ་བཟང་སེང་གེ་ལགས་ཀྱིས་ཁྲིམས་ཐོག་གི་ཤེས་ཚད་སྐྱོ་བོ་ཡིན་པ་ཧ་ཅང་གསལ་བོ་ཆགས་པ་མ་ཟད། དོགས་གཞི་ཆེ་བའི་གནད་དོན་མང་པོ་བསྐྲུན་ཡོད།
༣༽ བློ་བཟང་སེང་གེ་ལགས་ཀྱིས་སྲིད་སྐྱོང་གནང་རིང་རང་ལུས་མེར་སྲེག་ཐད་མཆོད་འབུལ་སྨོན་ལམ་ཚོགས་ཏེ་བསྔོ་སྨོན་འདོན་རྒྱུ་ཙམ་ལས་གྲུབ་འབྲས་ལྟ་ཞོག གནང་྄རྒྱུ་གང་ཡང་རྙེད་མེད། ཕྱི་རྒྱལ་ཁག་གི་གྲོས་ཚོགས་འཐུས་མིར་ཞུ་གཏུག་དང་མཇལ་འཕྲད་གནང་རྒྱུ་ནི་བོད་མི་དཀྱུས་མ་དག་གིས་ཀྱང་འཇོན་ལ། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་དང་དོན་གཅོད་སོགས་ཀྱིས་མ་འཇོན་པ་གང་ཡང་མེད། འོན་ཀྱང་། སྲིད་སྐྱོང་ལགས་ལོ་བཞི་དང་ཕྱེད་ཀར་ཕལ་ཆེར་ཕྱོགས་བསྐྱོད་རྐྱང་རྐྱང་གིས་དུས་འདས་ཀྱང་། བོད་མི་ཚོར་སེམས་དྲོ་བའི་རང་སྲེག་ཐད་རྒྱལ་སྤྱིའི་རྒྱབ་སྐྱོར་ཚིག་གཅིག་སྟོན་རྒྱུ་ལྟ་ཅི། ཐ་ན་གྲོས་ཆོད་སྐམ་པོ་ཞིག་ཀྱང་རེག་མེད་པའི་དངོས་དོན་ཅི་ཡིན་མི་མང་ལ་ཞུས་མེད། དེ་ལྟར་ནའང་། བོད་ནང་རེ་སྟོང་ཚད་ལས་བརྒལ་བ་སྤྲད། དཔེར་ན། ”༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཡི་ཡིན། ང་ཁྱེད་ཚོའི་རྒྱབ་ན་ཡོད། ཁྱེད་ཚོའི་རེ་བ་ཆུད་ཟོས་གཏོང་གི་མིན་”ལ་སོགས་པ་གསུང་ནས་དུས་འདས། བོད་མིའི་གནད་ཡོད་དང་ཤེས་ཡོན་པ་དག་གི་རང་སྲེག་སྐོར་གྱི་བསམ་ཚུལ་ལ་ཉན་འཇོག་རྩ་བ་ནས་གནང་མེད། ༼བཀྲས་མཐོང་བསྟན་རྣམ་དང་རྒྱ་རི་རིན་པོ་ཆེ་སོགས། ༽
༤༽ བློ་བཟང་སེང་གེ་ལགས་ལ་བྱ་སྤུ་གནོན་གྱི་འཛིན་སྐྱོང་རིགས་ལམ་དང་ཁྲིམས་ཀྱིས་གཞུང་སྐྱོང་བའི་འདུ་ཤེས་མེད། ལོ་བཞི་དང་ཕྱེད་ཀའི་རིང་གཞུང་ཞབས་རྒན་གྲས་བྱས་ཅན་མང་པོ་ཞིག་ཐུགས་ཕམ་དུ་བཅུགས་པ་མ་ཟད། བརྒྱུད་རིམ་དང་བྱས་རྗེས་གང་ཡང་མེད་པའི་ཁོའི་གྲོགས་པོ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཨ་རིའི་དོན་གཅོད་དུ་བསྐོས། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དོན་གཅོད་ཁག་གི་༧གོང་ས་ཆེན་པོའི་མཚན་གནས་ཕྱིར་འཐེན་བཀོད་ཁྱབ་ཡུན་རིང་བར་ཉར་བྱས་ཏེ། བཀའ་ཤག་ལྷན་རྒྱས་དང་གྲོས་བསྡུར་མ་གནང་། སྤྲེལ་ལད་ཅན་རྣམས་ཡར་འཐེན་ཞིང་། གཞུང་སེམས་ཆེ་ལ་ཤེས་ལྡན་བྱས་ཅན་རྣམས་ཀྱི་སྐྱོན་བརྗོད་ལ་གསན་མ་ཐུབ་པས་གཞུང་ཞབས་ནང་སྲིད་སྐྱོང་གི་རིན་ཐང་དང་གུས་ཞབས་ཡོངས་སུ་ཉམས་ཡོད།
༥༽ བོད་རྒྱ་འབྲེལ་མོལ་དང་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་ཆོད་སེམས་བརྟན་པོ་མེད། དམ་འབུལ་གནང་ནས་ལོ་གསུམ་དང་ཕྱེད་བར་འབྲེལ་མོལ་ཐད་ཀྱི་གྲོས་ཚོགས་འཐུས་མིའི་དྲི་བ། མི་མང་གི་ཐུགས་སྣང་གཞེན་སྐུལ། དབུ་མའི་ལམ་ལ་གཞི་མེད་སྐྱོན་བརྗོད་ཀྱི་བཤད་ཡམས་སོགས་གང་ལའང་འགན་འཁུར་ཚུལ་བཞིན་མ་བཞེས་པ་མ་ཟད། བསམ་བཞིན་གྲོས་ཚོགས་ལ་ལན་འདེབས་རང་འདོད་ལྟར་གནང་བ་ལས། དྲི་བ་ཅི་ཡིན་ལ་ཐུགས་སྣང་མེད་པར་ཡོངས་སུ་སྣང་ཆུང་བཏང་། དེ་བཞིན་སྤྱི་ཚོགས་ནང་དབུ་མའི་ལམ་དང་འབྲེལ་བའི་ལབ་གླེང་མང་པོ་བྱུང་བས་༧གོང་ས་ཆེན་པོ་ཡང་། ཞེ་ས་མ་ཞུས་ན་འུ་ཐུག་སྟེ་ལ་དྭགས་དང་ཤི་ལོང་། ས་ལུ་གྷར་སོགས་སུ་བཀའ་ནན་ཕེབས་དགོས་ཆགས་ཡོད། གཞན་”བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་”གི་སྲིད་བྱུས་མུ་མཐུད་འཛིན་ཚུལ་གསུང་ཡང་། སྐུ་ཚབ་ད་བར་བསྐོ་བཞག་བྱས་མེད།
༦༽ བློ་བཟང་སེང་གེ་མཆོག་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས། སྐད་ཡིག་སོགས་ཀྱི་ཤེས་ཚད་ཁྱོན་ནས་མེད་པར་བརྟེན། བཀའ་ཤག་ནང་དུའང་དེ་རིགས་མང་པོ་ཐོན་ཡོད་པ་མ་ཟད། གསར་འབྱོར་གཅིག་ཀྱང་བཀའ་བློན་དུ་བསྐོ་བཞག་བྱས་མེད། ཐ་ན་ཁོང་གིས་བོད་ལ་ལོ་རྒྱུས་ནང་རྒྱལ་ཁབ་ཅིག་བྱུང་མྱོང་མེད་ཅེས་ཀྱང་གསུང་སྟེ། རྒྱལ་སྤྱིའི་བོད་འབྲེལ་ཆབ་སྲིད་ཡིག་ཚགས་ནང་བསུབ་མི་ཐུབ་པའི་ནག་ཉེས་བཞག་ཡོད། ལོ་བཞི་དང་ཕྱེད་ཀ་འདས་ཀྱང་། གཞིས་ལུས་རྒྱ་ཆེ་མི་མང་། ༧གོང་ས་མཆོག་ཅེས་རྟག་ཏུ་ཞལ་ནས་གསུང་ཡང་། མི་རིགས་རང་གི་ཡི་གེ་ཀློག་འདོན་ཙམ་ཡང་ཡག་པོ་ཞིག་ད་དུང་ཆགས་མེད། བོད་ནང་གི་བོད་མི་ཚོས་བོད་ལ་ཡི་གེ་དར་བ་ནས་དེ་རིང་བར་སྲིད་སྐྱོང་བོད་ཡིག་མི་ཤེས་མཁན་ཞིག་བྱུང་བར་རྣམ་རྟོག་བྱེད་ཀྱི་ཡོད་ལ། དེ་དང་འབྲེལ་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆད་རེ་བ་མི་རྒྱག་མཁན་ཇེ་མང་དུ་འགྲོ་བཞིན་པའི་མཇུག་འབྲས་ཚབས་ཆེན་ཞིག་ཡོང་རྒྱུ་ནི་གདོན་མི་ཟ། དེའི་རྐྱེན་ཁོང་སྲིད་སྐྱོང་དུ་སླེབས་ན། བོད་ཕྱི་ནང་གི་འབྲེལ་བའང་སྡུག་ཏུ་འགྲོ་ལ། བཙན་བྱོལ་མི་མང་དང་ཤེས་ལྡན་པས་དབུས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བརླག་ངེས།
༧༽ སྲིད་སྐྱོང་བློ་སེང་གེ་ལགས་ནི་ནམ་ཡང་སྒེར་གྱི་གཏམ་གྲགས་གལ་ཆེར་བརྩི་མཁན་ཞིག་ལས་གཞུང་དང་མི་མང་གཙོ་བོ་འཇོག་མཁན་ཞིག་མ་རེད། དཔེར་ན། རིང་ས་ནས་ཞུ་མི་དགོས་པར། སྲིད་སྐྱོང་སྐབས་གསུམ་པའི་འོས་བསྡུའི་བརྒྱུད་རིམ་ནང་། རྡོག་རྩ་གཅིག་སྒྲིལ་དང་མང་གཙོའི་འཕེལ་རིམ། མི་མང་ལ་འགན་འཁུར་ཏེ་འོས་བསྡུའི་ཁྱབ་བསྒྲགས་གང་ཡང་བྱས་མེད། དེ་ལས་ལྡོག་སྟེ་གཞུང་འབྲེལ་གྱི་ལས་དོན་ཞོར་དུ་གཡོ་སྒྱུའི་རྣམ་ཅན་གྱི་ལས་དོན་རྐྱང་གཉེར་བ་མ་ཟད། སྤྱང་གྲུང་ཆེ་ཤོས་ལྟ་བུར་རང་རློམ་གྱིས་གྲོས་ཚོགས་དང་མི་མང་གིས་དེ་ལུགས་ཐེར་འདོན་ཅི་ཙམ་བྱས་ཀྱང་གསན་འཇོག་རྩ་བ་ནས་གནང་གི་མེད། དེའི་ངན་འབྲས་སུ་དབུས་འོས་བསྡུ་ལས་ཁང་གིས་ཨ་རིའི་དོན་གཅོད་སྐལ་རྡོར་ལ་ཡིག་ཐོག་ནས་ཟླ་འདིའི་ཚེས ༦ ཉིན་ཉེན་བརྡ་བཏང་ཡོད། དེ་བཞིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲང་པོ་མིན་པའི་དྲི་བ་འདྲི་སྟངས་དེར་བསྐྱར་དུ་སྐྱག་རྫུན་རྐྱང་རྐྱང་གིས་ལན་བཏབས། དཔེར་ན་དུས་དབང་སྐོར་ཚོགས་གཙོས་གསུང་བ་བརྙན་འཕྲིན་ནང་ཤར་བཅུགས་ནས་དྲི་བ་དྲིས་མེད། དེ་དག་གི་ནི་ལྐོག་མཐུན་གཡོ་ཇུས་སྔོན་ནས་སྒྲིག་ཡོད་པའི་རྟགས་མཚན་གསལ་བོ་ཡིན་པས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རུལ་སུངས་ལས་དོན་བྱེད་ཕྱོགས་ལོ་རྒྱུས་ཀྱིས་ཐར་བ་གཏོང་མི་སྲིད། མི་མང་ལ་ལས་འཆར་ཅི་གང་གསུང་རྒྱུ་མེད་པར། ཁ་གཏད་ནག་པོ་བཟོ་ཐབས། འོས་ཤོག་ཐོབ་ཆེད་ཁོ་ན་ཡིན་པ་ལོང་པས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་རེད།
༨༽ བློ་བཟང་སེང་གེ་ལགས་སྲིད་སྐྱོང་དུ་བསྐྱར་དུ་ལངས་པ་ཙམ་གྱིས་ཆོལ་ཁའི་བར་འགལ་ཟླ་ཆེན་པོ་ཞིག་ཤོར་ཡོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བྱས་ཅན་གཟུར་གནས། མི་མང་དོ་སྣང་ཅན། ཤེས་ལྡན་པ་ཕལ་མོ་ཆེས་མགྲིན་གཅིག་གིས་ཁོང་ལ་རྒྱབ་སྐྱོར་གནང་གི་མེད་པ་ནི་ན་ཚ་ཚབས་ཆེན་ཞིག་རེད། ཁོང་ལ་རྒྱབ་སྐྱོར་ཞུ་མཁན་མང་ཆེ་བར་ལུང་ཚན་དང་ཆོལ་ཁའི་ཞེན་ཁོག་ཅན་དང་། གནས་ཚུལ་མགོ་མ་འཚོས་པ་ལས་རྒྱུ་མཚན་གཞན་མེད། ཞེན་ཁོག་ཅན་ཚོས་ཁམས་པ་གཟུར་གནས་པ་དག་གིས་བློ་བཟང་སེང་གེར་རྒྱབ་སྐྱོར་མ་བྱས་ཚེ་གནོན་ཤུགས་རབ་དང་རིམ་སྤྲོད་རྒྱུ་ནས་མགོ་བཙུགས་ཏེ། སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་མང་དག་ཅིག་ལ་འཇིགས་སྐུལ་རྣམ་ཅན་གྱི་ཡི་གེ་དང་པར་སོགས་འབྱོར་བཞིན་པ་ནི། མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ཀྱི་ནག་ཉེས་ཆེན་པོ་ཞིག་ཡིན་ཡང་། ཁོང་གིས་སྟངས་འཛིན་ལམ་སྟོན་གང་ཡང་གནང་གི་མེད། དེ་ལས་ལྡོག་སྟེ་སྤེན་པ་ཚེ་རིང་གིས་རང་གི་རྒྱབ་སྐྱོར་བ་དག་ལ། སྐྱབས་བཅོལ་བ་ཞིག་ཡིན་པ་དང་། ཆོལ་ཁའི་བར་འགལ་ཟླ་མེད་པ། ༧གོང་ས་མཆོག་གི་དགོངས་གཞི་དང་མ་འགལ་བའི་རྩ་དོན་གསུམ་རྒྱབ་སྐྱོར་གནང་སྐབས་དམ་འཛིན་དགོས་པའི་ལམ་སྟོན་གནང་ཡོད།
༩༽ བློ་བཟང་སེང་གེ་ལགས་ཀྱིས་འོས་ཤོག་ཆེད་༧གོང་ས་མཆོག་དང་གནས་ཆུང་གཉིས་ཀ་བེད་སྤྱོད་རིམ་པར་བཏང་བས། ཁོང་ལ་བླ་མ་དང་སྲུང་མར་ཡིད་ཆེས་བརྩི་བཀུར་ཅི་ཙམ་ཡོད་མེད་མཚོན་ཐུབ། བཀའ་ཤག་གི་དུས་དབང་གསལ་བཤད་ཟེར་བའི་ནང་མི་མང་ལ་བརྡབ་གསིག་མི་ཡོང་ཆེད། སྐུ་ངལ་གསོ་དགོས་ཞེས་བརྡ་ལན་བཏང་ཡོད་ཟེར་ནའང་། ༧གོང་ས་མཆོག་ཨ་རིར་ཕེབས་ཤུལ་དུ་གནས་ཆུང་གི་བཀའ་ལུང་ལ་བཀའ་ཤག་གི་བཀོད་ཁྱབ་འོག ཆོས་རིག་ལས་ཁུངས་ཀྱི་ལས་ཤོག་སྟེང་༼ཛ་དྲག་༽ཞེས་པའི་ཁ་བྱང་འོག་ཞབས་རིམ་གཞིས་བྱེས་གཉིས་སུ་བཀྲམས་ཏེ་མི་མང་ནང་བརྡབ་གསིག་འགྲོ་མིན་ལ་སྣང་བ་བཏང་མེད། སྟབས་ཡག་ནས་མི་མང་གིས་དངོས་དོན་མཁྱེན་མེད་ན། བོད་མི་མང་པོ་ཞིག་གི་ཚེ་སྲོག་དོན་མེད་དུ་ཤོར་ཡོད། གཞན་དུས་དབང་ཕྱིར་འགྱངས་སྐོར་རྡོ་རྗེ་སྐེད་བཟུང་གིས ༢༠༡༥། ༨། ༢༩ །ནས་ཨུ་ཚུགས་བསྐྱོན་ཏེ་བཅོས་སྒྲུང་མགོ་རྔ་མི་མཚུངས་པ་ཞིག་ནན་གྱིས་གསུང་བ་མ་གཏོགས། སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཉིས་ཀས་ངྷ་སའི་ཆུ་སྒང་ཟེར་བར་ཆོས་ཕྱོགས་ནས་ཚོགས་བསགས་ཐེངས་གཅིག་བྱ་རྒྱུའི་གོ་སྐབས་ཀྱང་མ་གནང་སྐོར་ཚིག་གཅིག་གསུང་མེད་ཁར། ལྡི་ལིའི་ཆུ་སྒང་ཟེར་བའི་ངོ་སྲུང་མཐའ་འཁྱོངས་གནང་སྟེ་འོས་ཤོག་ཁོ་ནར་དམིགས་པ་ལས། བོད་སྤྱིའི་ཆིག་སྒྲིལ་ཕར་ཟད། ཁམས་པ་ནང་ཁུལ་གྱི་མཐུན་ལམ་ཙམ་ལའང་ཤ་ཚ་མེད་པ་གསལ་བོ་བསྟན་ཡོད།
༡༠༽ བཟང་སྤྱོད་དང་ངོ་ཚ་ཤེས་པ། གཞན་ནམ་ཕ་རོལ་པོའི་གནས་བབ་ལ་བསམ་བློ་བཏང་སྟེ་རྒྱལ་ཁབ་ནས་ཁྱིམ་ཚང་བར་གྱི་ལས་དོན་སྐྱོང་དགོས་པ་ནི་འཇིག་རྟེན་པ་ཞིག་གི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཀྱི་གཞི་རྟེན་ཡིན་ལ། གངས་ཅན་པའི་རིག་གནས་ཀྱིས་བསྐྱེད་པའི་མགོ་ཁྲིད་ཞིག་གི་མ་མཐའི་ཆ་རྐྱེན་ཡིན་ཡང་། སྲིད་སྐྱོང་མཆོག་གིས། བཀའ་ཤག་རྒྱབ་ཏུ་དྲངས་ཏེ། ཁ་གཏད་སྲིད་སྐྱོང་འོས་མིར་འོས་མི་ཐོབ་ཆེད་ཙམ་མིན་པར། དངོས་ཤུགས་བརྒྱུད་གསུམ་ནས་མི་རྒྱུ་གཉིས་ཀྱིས་ནག་པོ་བཟོ་ཐབས་བར་མེད་དུ་བྱེད་པ་ནི། བོད་ཀྱི་སྤྱི་ཚོགས་འཁྲུགས་གཞི་དང་། མི་རབས་གསར་པ་ཚོར་མིག་དཔེ་ངན་པ་ཡོང་གཞི་ཡིན་པ་ཀུན་གྱིས་མཁྱེན་ཡང་། སྲིད་སྐྱོང་གིས་སོ་སོར་འོས་ཐོབ་སོང་ན། ཐབས་ཤེས་ཅི་ཡིན་ཡང་ལག་ཏུ་བསྟར་ཕོད་པ་འདི་ནི་ཧ་ལས་པའི་བློ་ཕམ་གྱི་གནས་དེ་རེད། རྒྱུ་མཚན་འདི་དག་གི་རྐྱེན་པས། བློ་བཟང་སེང་གེ་ལགས་ལ་གཞི་རིམ་གྱི་བཟང་སྤྱོད་ཙམ་ཡང་མེད་པ་གསལ་སྟོན་བྱས་འདུག་པས། ཁོང་བསྐྱར་དུ་སྲིད་སྐྱོང་ལ་ཕེབས་ན། བོད་མི་རིགས་ལ་ཕན་ལས་གནོད་ཆེ་འཚབ་ཆེ་བ་ནམ་ལངས་ཉི་ཤར་རེད།།
༢༠༡༦། ༢། ༡༣། ཉིན།།
ད་བྱས་ན་༼གཟུར་གནས་བློ་ལྡན་༽ཁྱོད་རང་སྲིད་སྐྱོང་ལ་ལངས་ཤོག་དང་ཨ་ཁུས་འཇོན་དང་ཚ་བོས་འཇོན། སུས་འཇོན་ན་མ་ཆོག་པ་མེད། མཛུབ་མོ་བཅུ་ཁ་མི་ལ་མ་བཙུག་ཨ་རོ། རང་ཐོག་ཏུ་མནོ་བསམ་ཅིག་ཐོངས་དང་བོད་དོན་ཆེད་དུ་ག་རེ་བྱས་ཡོད་དམ།
རྒྱུ་མཚན་ལྡན་པ་བྲིས་འདུག
གོང་ས་མཆོག་སངས་རྒྱས་གོང་ཕུད་བྱས་ནས་གཞན་གཞིས་བྱེས་བོད་མིའི་ནང་འཛམ་གླིང་སྡིངས་ཆའི་ཐོག་འཛམ་གླིང་མཁས་དབང་ཚོ་དང་དཔུང་པ་མཉམ་བཤིབ་གནང་ཐུབ་མཁན་སུ་འདུག མཁས་དབང་བློ་སེང་ལྟ་བུ་ཉུང་ཉུང་རེད། མཁས་དབང་ཁོང་དེང་རབས་ཀྱི་ཤེས་ཡོན་གྱིས་ཕྱུག་པ། མི་གཤིས་དང་བཟང་སྤྱོད་དང་ལྡན། ཕོ་ཉམས་དོད་པོ་གཞན་ལ་ངོམས་རིན་ཆོག་པ་བཅས་ཡིན་པས་༢༠༡༦ གི་སྲིད་སྐྱོང་ཁོང་ཉིད་འོས་ཤོས་སུ་མཐོང་།
Qwertyགོང་ས་མཆོག་སངས་རྒྱས་གོང་ཕུད་བྱས་ནས་གཞན་གཞིས་བྱེས་བོད་མིའི་ནང་འཛམ་གླིང་སྡིངས་ཆའི་ཐོག་འཛམ་གླིང་མཁས་དབང་ཚོ་དང་དཔུང་པ་མཉམ་བཤིབ་གནང་ཐུབ་མཁན་སུ་འདུག མཁས་དབང་བློ་སེང་ལྟ་བུ་ཉུང་ཉུང་རེད། མཁས་དབང་ཁོང་དེང་རབས་ཀྱི་ཤེས་ཡོན་གྱིས་ཕྱུག་པ། མི་གཤིས་དང་བཟང་སྤྱོད་དང་ལྡན། ཕོ་ཉམས་དོད་པོ་གཞན་ལ་ངོམས་རིན་ཆོག་པ་བཅས་ཡིན་པས་༢༠༡༦ གི་སྲིད་སྐྱོང་ཁོང་ཉིད་འོས་ཤོས་སུ་མཐོང་།
གཟུར་གནས་བློ་ལྡན་གྱིས།
༡༽ སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞིབ་ཚགས་མཁྱེན་གྱི་མེད།
༢༽ སྲིད་སྐྱོང་བློ་བཟང་སེང་གེ་ལགས་ནས་ཧ་ཝར་ཁྲིམས་ལུགས་སྦྱངས་བ་གྲགས་སུ་ཆེ་ཡང་ཁྲིམས་དོན་ཤེས་བྱར་རང་རྐྱ་མི་ཐུབ་པ་མ་ཟད། ཁྲིམས་རྩོད་པའི་ཡིག་རྒྱུགས་ཀྱང་འཕྲོད་མེད།
༣༽ བློ་བཟང་སེང་གེ་ལགས་ཀྱིས་སྲིད་སྐྱོང་གནང་རིང་རང་ལུས་མེར་སྲེག་ཐད་མཆོད་འབུལ་སྨོན་ལམ་ཚོགས་ཏེ་བསྔོ་སྨོན་འདོན་རྒྱུ་ཙམ་ལས་གྲུབ་འབྲས་ལྟ་ཞོག གནང་྄རྒྱུ་གང་ཡང་རྙེད་མེད།
༤༽ བློ་བཟང་སེང་གེ་ལགས་ལ་བྱ་སྤུ་གནོན་གྱི་འཛིན་སྐྱོང་རིགས་ལམ་དང་ཁྲིམས་ཀྱིས་གཞུང་སྐྱོང་བའི་འདུ་ཤེས་མེད།
༥༽ བོད་རྒྱ་འབྲེལ་མོལ་དང་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་ཆོད་སེམས་བརྟན་པོ་མེད།
༦༽ བློ་བཟང་སེང་གེ་མཆོག་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས། སྐད་ཡིག་སོགས་ཀྱི་ཤེས་ཚད་ཁྱོན་ནས་མེད་པར་བརྟེན། བཀའ་ཤག་ནང་དུའང་དེ་རིགས་མང་པོ་ཐོན་ཡོད་པ་མ་ཟད། གསར་འབྱོར་གཅིག་ཀྱང་བཀའ་བློན་དུ་བསྐོ་བཞག་བྱས་མེད།
༧༽ སྲིད་སྐྱོང་བློ་སེང་གེ་ལགས་ནི་ནམ་ཡང་སྒེར་གྱི་གཏམ་གྲགས་གལ་ཆེར་བརྩི་མཁན་ཞིག་ལས་གཞུང་དང་མི་མང་གཙོ་བོ་འཇོག་མཁན་ཞིག་མ་རེད།
༨༽ བློ་བཟང་སེང་གེ་ལགས་སྲིད་སྐྱོང་དུ་བསྐྱར་དུ་ལངས་པ་ཙམ་གྱིས་ཆོལ་ཁའི་བར་འགལ་ཟླ་ཆེན་པོ་ཞིག་ཤོར་ཡོད།
༩༽ བློ་བཟང་སེང་གེ་ལགས་ཀྱིས་འོས་ཤོག་ཆེད་༧གོང་ས་མཆོག་དང་གནས་ཆུང་གཉིས་ཀ་བེད་སྤྱོད་རིམ་པར་བཏང་བས། ཁོང་ལ་བླ་མ་དང་སྲུང་མར་ཡིད་ཆེས་བརྩི་བཀུར་ཅི་ཙམ་ཡོད་མེད་མཚོན་ཐུབ།
༡༠༽ བཟང་སྤྱོད་དང་ངོ་ཚ་ཤེས་པ། གཞན་ནམ་ཕ་རོལ་པོའི་གནས་བབ་ལ་བསམ་བློ་བཏང་སྟེ་རྒྱལ་ཁབ་ནས་ཁྱིམ་ཚང་བར་གྱི་ལས་དོན་སྐྱོང་དགོས་པ་ནི་འཇིག་རྟེན་པ་ཞིག་གི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཀྱི་གཞི་རྟེན་ཡིན་ལ། གངས་ཅན་པའི་རིག་གནས་ཀྱིས་བསྐྱེད་པའི་མགོ་ཁྲིད་ཞིག་གི་མ་མཐའི་ཆ་རྐྱེན་ཡིན་ཡང་། ་་་་་་་་་་་་་་
ཞེས་པའི་ལན་དུ།
༡༽ སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞིབ་ཚགས་མཁྱེན་བགྱིད་འདུག
༢༽ སྲིད་སྐྱོང་བློ་བཟང་སེང་གེ་ལགས་ནས་ཧ་ཝར་ཁྲིམས་ལུགས་སྦྱངས་བ་གྲགས་སུ་ཆེ་ཡང་ཁྲིམས་དོན་ཤེས་བྱར་རང་རྐྱ་ཐུབ་པ་མ་ཟད། ཁྲིམས་རྩོད་པའི་ཡིག་རྒྱུགས་ཀྱང་འཕྲོད་འདུག
༣༽ བློ་བཟང་སེང་གེ་ལགས་ཀྱིས་སྲིད་སྐྱོང་གནང་རིང་རང་ལུས་མེར་སྲེག་ཐད་མཆོད་འབུལ་སྨོན་ལམ་ཚོགས་ཏེ་བསྔོ་སྨོན་འདོན་ཡོད་པ་དང་། དེའི་སྐབས་ལ་གཏམ་བཤད་ཀྱང་མང་པོ་སྤེལ་བ་རེད།
༤༽ བློ་བཟང་སེང་གེ་ལགས་ལ་བྱ་སྤུ་གནོན་གྱི་འཛིན་སྐྱོང་རིགས་ལམ་དང་ཁྲིམས་ཀྱིས་གཞུང་སྐྱོང་བའི་འདུ་ཤེས་གང་ལེགས་འདུག
༥༽ བོད་རྒྱ་འབྲེལ་མོལ་དང་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་ཆོད་སེམས་བརྟན་པོ་རེད།
༦༽ བློ་བཟང་སེང་གེ་མཆོག་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས། སྐད་ཡིག་སོགས་ཀྱི་ཤེས་ཚད་ཡོད་པར་བརྟེན། བཀའ་ཤག་ནང་དུའང་དེ་རིགས་མང་པོ་ཐོན་ཡོད་པ་མ་ཟད། གསར་འབྱོར་གཅིག་ཀྱང་བཀའ་བློན་དུ་བསྐོ་བཞག་བྱ་ཡ་རྙེད་ཡོད་མ་རེད།
༧༽ སྲིད་སྐྱོང་བློ་སེང་གེ་ལགས་ནི་ནམ་ཡང་སྒེར་གྱི་གཏམ་གྲགས་གལ་ཆེར་མི་བརྩི་མཁན་ཞིག་ལས་གཞུང་དང་མི་མང་གི་བེད་སྡུག་སྙན་གྲགས་གཙོ་བོ་འཇོག་མཁན་ཞིག་རེད།
༨༽ བློ་བཟང་སེང་གེ་ལགས་སྲིད་སྐྱོང་དུ་བསྐྱར་དུ་ལངས་པ་ཙམ་གྱིས་ཆོལ་ཁའི་བར་འགལ་ཟླ་དེ་ཚོ་རང་ཞིར་འགྲོ་ངེས་རེད།
༩༽ བློ་བཟང་སེང་གེ་ལགས་ཀྱིས་འོས་ཤོག་ཆེད་༧གོང་ས་མཆོག་དང་གནས་ཆུང་གཉིས་ཀ་ལ་གསོལ་མཆོད་དང་། གསོལ་འདེབས་མང་པོ་གནང་ཙང་། ཁོང་ལ་བླ་མ་དང་སྲུང་མར་ཡིད་ཆེས་བརྩི་བཀུར་ཅི་ཙམ་ཡོད་མེད་མཚོན་ཐུབ།
༡༠༽ བཟང་སྤྱོད་དང་ངོ་ཚ་ཤེས་པ། གཞན་ནམ་ཕ་རོལ་པོའི་གནས་བབ་ལ་བསམ་བློ་བཏང་སྟེ་རྒྱལ་ཁབ་ནས་ཁྱིམ་ཚང་བར་གྱི་ལས་དོན་སྐྱོང་དགོས་པ་ནི་འཇིག་རྟེན་པ་ཞིག་གི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཀྱི་གཞི་རྟེན་ཡིན་ལ། གངས་ཅན་པའི་རིག་གནས་ཀྱིས་བསྐྱེད་པའི་མགོ་ཁྲིད་ཞིག་གི་མ་མཐའི་ཆ་རྐྱེན་ཡང་བློ་སེངལགས་ལ་་ཚང་འདུག་སྙམ་ལགས།
བློ་སེང་ལགས་ཀྱི་རྒྱབ་སྐྱོར་པ་ཀརྡོས་སྤེལ།། །།
གཟུར་གནས་བློ་ལྡན་ལགས་ཀྱིས་ཡག་པོ་བྲིས་འདུག
ད་མང་པོ་ཞིག་གིས་གཉིད་སྨན་ཟ་དགོས་ཁེལ་བ།
ཧུ་ཧུ་ཧུ།
ཁྱེད་ཀྱི་བོད་མི་རིགས་དང་རྒྱལ་ཁབ་ཀྱི་རྕ་དོན་ཡིད་ལ་བཟུང་སྟེ་བློ་གཟུ་བོར་གནས་པའི་རྒྱུ་མཚན་བཀོད་པར་བསྔགས་བརྗོད་ཡོད་ དེའི་ནང་ནས་དོན་དག་གཉིས་ཐོག་ངོས་རང་རྦད་དེ་གཉིད་ལས་སད་པ་ལྟ་བུ་ཆགས་སོང་ དང་པོ་ནི་བློ་སེང་གི་རང་གི་འོས་ཤོག་ཆེད་༧རྒྱལ་བ་རིན་པོ་ཆེ་དང་གནས་ཆུང་བེད་སྤྱོད་གཏོང་གི་ཡོད་པ་དེ་རེད་ སྔོན་མ་བློ་སེང་གི་ཧ་བར་སློབ་གྲའི་མཐའ་མཇུག་གི་ཞིབ་འཇུག་ཡིན་ཟེར་བ་དེའི་ནང་༧རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་མང་གཙོའི་གཞུང་ཟེར་བ་དེ་ནི་སྤྱི་ཚོགས་རྙིང་པའི་ལུགས་ལྟར་ཆོས་པའི་དབུ་འཁྲིད་པའི་དད་པ་རྗེས་འབྲངས་ཀྱི་ལམ་སྲོལ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་པ་དང་ཡང་ཁོས་ང་ཚོ་བོད་པ་རྒྱ་དམར་པོའི་གཞུང་གི་འོག་སྡོད་ཆོག་ཅེས་སོགས་བཤད་དེ་ཡང་སྙིང་བོད་ཀྱི་མང་གཙོ་དང་དམངས་གཙོར་ཟུར་ཟ་དང་དཀྲོག་གཏམ་བརྒྱངས་ཡོད་
གཉིས་པ་སྔོན་མ་ཁོ་དུས་གཅིག་ཏུ་དབུས་གཞོན་ནུ་དང་རྡ་ས་ཆུ་བཞི་སྒང་དྲུག་གཉིས་ཀྱི་རྒྱུན་ལས་སུ་ཐོན་སྐབས་ཆུ་བཞི་སྒང་དྲུག་གདམས་སྟེ་གཞོན་ནུ་གཡུག་བཞག་པ་རེད་ པད་མ་ཆོས་འབྱོར་ཟེར་མཁན་འདི་སྤྱང་ཀི་ལུག་ལྤགས་གྱོན་མཁན་ཞིག་དང་ལྡི་ལི་ཆུ་བཞི་སྒང་དྲུག་གི་ཤོག་ཁག་མི་སྣ་ཞིག་རེད་ཟེར་ ད་ཆ་ཁོས་གནོན་ཤུགས་འོག་དུས་འཁོར་དབང་ཆེན་གྱི་རྙོག་ཁྲ་དང་རྡ་ས་ཆུ་བཞི་སྒང་དྲུག་ལ་བརྟན་བཞུགས་བཀྱགས་རྒྱུའི་གོ་སྐབས་སྤྲད་མེད་པ་བཅས་རེད་ འོན་ཀྱང་དོན་དུ་རྡ་ས་ཆུ་བཞི་སྒང་དྲུག་གི་སྐུ་སྲུང་ནང་མི་ཉེ་འབྲེལ་ཚོས་འགྲོ་སོང་ཕངས་མེད་བཏང་སྟེ་མི་སྣ་ཆེད་གཏོང་གི་རྒྱ་གར་ས་གནས་གང་སར་བློ་སེང་ལ་འོས་ཐོབ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད་ དོན་དག་དེར་བལྟས་ན་པད་མ་ཆོས་འབྱོར་གྱི་ཤུགས་གནོན་དང་བློ་སེང་གི་མངོན་འདོད་དབར་འགལ་ཟླ་ཆེན་པོ་ཞིག་ཡོད་པར་སྣང་ རྒྱ་རི་རིན་པོ་ཆེ་གནས་གཡུངས་གཏོང་ཡག་དེའི་རྒྱབ་ལ་པད་མ་ཆོས་འབྱོར་ཡོད་རེད་ཟེར་ ད་ཡིན་ན་འགོ་ན་གི་འདུག་་་་་་བློ་སེང་ཡང་བསྐྱར་སྲིད་སྐྱོང་དུ་འཁོད་པ་ཡིན་པད་མ་ཆོས་འབྱོར་དང་ལྡི་ལི་ཆུ་སྒང་གི་ལག་པ་རིང་པོ་གང་སར་བརྐྱངས་སྟེ་ཨ་རི་དང་རྒྱ་གར་ནས་ཕོགས་ཁ་མིག་དམིགས་མེད་ཞུས་ཡོད་པ་དེར་ལྟོགས་ལ་བྱེད་ཀྱི་ཡོད་པ་རེད་ཟེར་
https://youtu.be/GtXXWWGIhrM
https://www.youtube.com/watch?v=E_8EeqQoZBY
དོགས་སློང་མེད་ན་ང་ཚོ་གང་ནས་འོང་བ་མི་ཤེས་ལ། རྩོད་པ་མེད་ན་ང་ཚོ་གང་དུ་འགྲོ་དགོས་པའང་མི་ཤེས། དེར་བརྟེན་རྣོ་ངར་ཆེན་པོས་སྲིད་སྐྱོང་འོས་མི་ཕན་ཚུན་སྐྱོན་བརྗོད་དང་རྩོད་པ། བགྲོ་གླེང་། བསམ་ཚུལ་ངེས་པར་བཤད་དགོས། འོན་ཀྱང་མཐུན་སྒྲིལ་དམ་ཚིག་གསེར་གྱི་ཐག་པ་གཅོད་མི་ཉན། སྡིག་པ་མི་བཙུམ་གནང་མི་ཉན། རང་གི་ཀུན་སློང་བཟང་པོས་བོད་མི་རིགས་དང་རིག་གཞུང་གི་ཆེད་དམིགས་ནས་ལྷོད་ལྷོད་གནང་ནས་མ་བསྡད། རང་ལ་ཡོད་པའི་དོན་ལྔ་སྣོད་དྲུག་དང་། ཁམས་བཅོ་བརྒྱད་བེད་སྤྱོད་ཡག་པོ་གཏོང་དགོས།
ཤར་ཁུག་འདི་མདོ་སྨད་ཀྱི་སྤྱི་འཐུས་ཀྱི་འོས་ཁོངས་སུ་ཞུགས་པ་མ་རེད་དམ། ད་དུང་མིང་རྫུན་”གཟུར་གནས་བློ་ལྡན་” ལ་བློ་སེང་གིས་དབུ་ཁྲིད་པའི་བཀའ་ཤག་གཏོང་བཞིན་འདུག དེ་འོས་བསྡུའི་སྒྲིག་གཞི་དང་འགལ་བ་མ་རེད་དམ། ཨ
ཧཧཧ གཟུར་གནས་བློ་ལྡན་ཟེར་བ་ལས་ཤེས མེད་བློ་མེད་ཟེར་ན་ཏག་ཏག་རེད། ད་ཁྱི་སྐད་ཅི་ཙམ་རྒྱབ་ཀྱང་ཕན་ཐོག་ཅང་ཡོད་མ་རེད། ད་ལོའི་སྲིད་སྐྱོང་བློ་བཟང་སེང་གེ་ཡིན་པ་སྔོན་འགྲོའི་འོས་སྡུའི་གསལ་བཤད་བྱས་ཟིན་པ་རེད།
གནས་ལུགས་དང་རྒྱུ་མཚན་ཏིལ་འབྲུ་ཙམ་མེད་པའི་ཡིག་རྙོག་གི་ཚན་པ་བཅུ་ཞིག་བྲིས་འདུག། སྤེན་ཚེར་རྒྱབ་སྐྱོར་བ་ཚོས་འདི་འདྲ་རྐྱང་གླེང་བསྡོད་པས་ད་ཆ་སྤེན་པ་ཚེ་རིང་ས་མཐར་ལྷུང་འགྲོ་བཞིན་ཡོད་པ་ཤེས་པ་གྱིས།
བློ་བཟང་སེང་གེ་ལགས་ལ་བྱ་སྤུ་གནོན་གྱི་འཛིན་སྐྱོང་རིགས་ལམ་དང་ཁྲིམས་ཀྱིས་གཞུང་སྐྱོང་བའི་འདུ་ཤེས་མེད། ལོ་བཞི་དང་ཕྱེད་ཀའི་རིང་གཞུང་ཞབས་རྒན་གྲས་བྱས་ཅན་མང་པོ་ཞིག་ཐུགས་ཕམ་དུ་བཅུགས་པ་མ་ཟད། བརྒྱུད་རིམ་དང་བྱས་རྗེས་གང་ཡང་མེད་པའི་ཁོའི་གྲོགས་པོ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཨ་རིའི་དོན་གཅོད་དུ་བསྐོས། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དོན་གཅོད་ཁག་གི་༧གོང་ས་ཆེན་པོའི་མཚན་གནས་ཕྱིར་འཐེན་བཀོད་ཁྱབ་ཡུན་རིང་བར་ཉར་བྱས་ཏེ། བཀའ་ཤག་ལྷན་རྒྱས་དང་གྲོས་བསྡུར་མ་གནང་། སྤྲེལ་ལད་ཅན་རྣམས་ཡར་འཐེན་ཞིང་། གཞུང་སེམས་ཆེ་ལ་ཤེས་ལྡན་བྱས་ཅན་རྣམས་ཀྱི་སྐྱོན་བརྗོད་ལ་གསན་མ་ཐུབ་པས་གཞུང་ཞབས་ནང་སྲིད་སྐྱོང་གི་རིན་ཐང་དང་གུས་ཞབས་ཡོངས་སུ་ཉམས་ཡོད།
གཟུར་གནས་བློ་ལྡན། འདི་ཤར་ཁུག་རང་རེད་འདུག་གེ ལགས། ཡིན་ན་མ་རབས་ཆེན་པོ་རེད། མ་ཡིན་ན། འདིར་གསལ་བཤད་བྱུང་ན་མི་ལེགས་སམ། ལགས།