རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་གསུངས།
ཚེ་རིང་བསམ་འགྲུབ་ཀྱིས་བསྒྱུར། ཡོང་ཁུངས། [慈_释心慈]
དྲ་ལམ་གྱི་མཚམས་སྦྱོར། (ལོ་ངོ་བདུན་བརྒྱད་ཅིག་གི་གོང་དུ་དེབ་གང་ཞིག་ནས་མཐོང་བ་མི་ཤེས། ངའི་སེམས་སུ་སྣང་བརྙན་ཞིག་ཡང་ཡང་དྲན་གྱི་འདུག བགྲེས་སོང་ཞིག མཁས་བཙུན་བཟང་གསུམ་ལྡན་པའི་རིན་པོ་ཆེ་བགྲེས་སོང་ཞིག ལེ་དབར་སྟོང་གི་གངས་རི་བརྒལ་ཏེ་རྒྱ་ནག་སྐམ་ས་ཆེན་མོ་ནས་བལ་ཡུལ་བརྒྱུད། ཕར་བལྟས་ཚོད་ལ་ཅི་བྱ་གཏོལ་བྲལ་གྱི་རིིན་པོ་ཆེ་གཞོན་ནུ་ཞིག་གི་དྲུང་དུ་འཕྲལ་དུ་བཅར་བ་ཞིག རིན་པོ་ཆེ་གཞོན་ནུ་དེ་ནི་རིན་པོ་ཆེ་བགྲེས་སོང་དེའི་རྩ་བའི་བླ་མའི་ཡང་སྲིད་རེད། ལོ་ངོ་མང་པོ་མང་པོའི་རྗེས་སུ་དོན་འདི་གཞི་ནས་ཤེས། དོན་དངོས་ཐོག་རིན་པོ་ཆེ་གཞོན་ནུ་དེ་ནི་ཏག་ཏག་མིང་གྲགས་ཅན་གྱི་རྫོང་སར་རིན་པོ་ཆེ་ཡིན་ཞིང་། རིན་པོ་ཆེ་བགྲེས་པ་དེ་ནི། ཏག་ཏག་མཁན་ཆེན་ཀུན་དགའ་དབང་ཕྱུག་རེད་འདུག)
གསུང་བཤད་དངོས།
བོད་པར་གོམས་གཤིས་ངན་པ་མང་པོ་ཡོད། དེའི་ནང་གི་གཅིག་ནི་ནམ་རྒྱུན་མི་ཞིག་གི་མིང་ལ་བལྟས་ནས་གྲལ་རིམ་གྱི་ས་མཚམས་འཛིན་གྱི་ཡོད། མི་དེའི་གཤིས་རྒྱུད་ལས་ཀྱང་མིང་གལ་ཆེན་དུ་འཛིན་གྱི་ཡོད། དཔེར་བཞག་ན། ང་ལྟ་བུ་རེད། ཁྱོད་ཀྱིས་ཡིད་ཆེས་རུང་མ་ཆེས་རུང་། ཡང་ན། དངོས་གནས་ཡིན་རུང་རྫུན་མ་ཡིན་རུང་། ད་ལྟ་ངས་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་ཀྱི་མིང་འདི་བེད་སྤྱོད་ཀྱི་ཡོད་རེད། མཁྱེན་བརྩེ་རིན་པོ་ཆེ་སྐུ་འཕྲེང་གོང་མ་ནི་ཏག་ཏག་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གི་དགེ་རྒན་རེད། དེར་བརྟེན་གྲལ་རིམ་གྱི་ལངས་ཕྱོགས་ངོས་ནས་བལྟས་ན། ང་མཁན་པོ་ལས་ཀྱང་སྡོད་ས་མཐོ་བ་རེད། ཡིན་ནའང་དེ་རིང་དགོང་མོའི་གཏམ་བཤད་འདིའི་སྔོན་དུ་ངས་ཁྱོད་ཚོར་བཤད་རྒྱུ་ཞིག་ཡོད། ཁྱོད་རང་སྡོད་ས་གོང་འོག་གི་མགོ་སྐོར་འོག་ཏུ་ཚུད་མི་རུང་། ང་ཡིན་གཅིག་མཁན་པོ་ལས་སྡོད་ས་མཐོ་དགོས་པ་འདི་ནི། དོན་དངོས་ཐོག་གྲལ་རིམ་གྱི་རྐྱེན་གྱིས་ང་ལ་དཀའ་ངལ་མྱོང་འཇུག་གི་ཡོད་རེད། དངོས་གནས་བྱས་ན་མཁན་པོ་ནི་ང་ལས་ལྷག་ཏུ་སྐུ་ཡོན་ཆེ་ཞིང་ཉམས་ལེན་བཟང་བའི་སྐྱེས་བུ་ཞིག་རེད། མ་ཟད་ངའི་དགེ་རྒན་ཡང་རེད།
མ་གཞི་འདི་ལྟར་བཤད་ནའང་། སྐབས་སྐབས་སུ་གོ་གནས་སམ་གྲལ་རིམ་ལ་ཁོ་རང་གི་ནུས་པ་ཡོད། གལ་སྲིད་གོ་གནས་འདི་དང་མིང་འདི། ཡང་ན་གྲལ་རིམ་གྱི་རྒྱུ་རྐྱེན་འདི་མེད་ན། ད་ལྟ་མཁན་རིན་པོ་ཆེ་ས་ཆ་འདིར་བཞུགས་མེད་པ་རེད། རྒྱུ་མཚན་ནི་འདི་འདྲ་རེད། ད་ལྟ་ངས་རྣམ་པ་ཚོར་གཏམ་རྒྱུད་ཐུང་ངུ་ཞིག་འཆད། མ་ཚད་འདི་ནི་དངོས་བྱུང་གི་གཏམ་རྒྱུད་ཅིག་ཀྱང་རེད།
1982ལོའི་དགུན་ཁ་ནི་ངས་ནམ་ཡང་བརྗེད་ཐབས་མི་འདུག ལོ་དེར་ངས་འབྲས་ལྗོངས་ཀྱི་ནུབ་ཁུལ་དུ་སློབ་གྲྭ་ཆུང་ངུ་ཞིག་བརྒྱག་རྒྱུར་གྲབས་ཤོམ་བྱེད་ཀྱི་ཡོད། ས་ཆ་དེ་ནི་ཤིན་ཏུ་ལུང་ཁུག་ཅིག་རེད། གློག་ཡོད་མ་རེད། དགོང་མོ་དེར་ཐ་ན་སྒྲོན་མེ་ཞིག་ཀྱང་མེད། སྐབས་དེར་ལོ་ན་བགྲེས་ཤིང་ཐང་ཆད་པ། ཐ་ན་གྱོན་ཆས་ཀྱང་ཡག་པོ་བརྣབས་མེད་པའི་བགྲེས་སོང་ཞིག་ང་སར་བསླེབས་བྱུང་། ཁོང་གིས་རྒྱབ་ཏུ་རྡོག་ཁྲེས་ཧ་ཅང་ཆེན་པོ་ཞིག་ཁྱེར་འདུག་ཅིང་ང་ལ་གཏད་དེ་ཕྱག་ཐེངས་གསུམ་བཙལ་བྱུང་། མ་ཚད་ཕལ་ཆེར་ཅུང་ཟད་འདར་བཞིན་པའི་རྣམ་པར་འདུག ངས། ཁྱོད་སུ་ཡིན་ཞེས་དྲིས་པས། ཁོང་གིས། ང་ཀུན་དགའ་དབང་ཕྱུག་ཡིན། ང་དེ་རིང་འདིར་ཡོང་དོན་ནི་ཁྱེད་ཀྱིས་ང་འདིར་ཤོག་ཅེས་གསུངས་པས་ཡོང་བ་ཡིན་ཞེས་གསུངས་བྱུང་། ད་དུང་འདིའི་སྔོན་དུ་གནས་ཚུལ་འདི་ལས་མང་བ་ཡོད་དང་ཡོད།
ང་རང་ལོ་ན་22སོན་པའི་སྐབས་ནི་ངས་ནང་པའི་ལྟ་གྲུབ་ལ་སྦྱོང་བརྡར་བྱས་གྲུབ་པ་དང་ཏག་ཏག་ཁེལ་ཡོད། ངས་རང་གི་རྩ་བའི་བླ་མ་རྣམས་ལ་ངས་མི་ཚེ་འདི་ཇི་ལྟར་བསྐྱལ་དགོས་ཞེས་འདྲི་སྐབས། རྩ་བའི་བླ་མ་མང་ཆེ་བའི་བཀའ་ལན་ནི་ངའི་མི་ཚེ་འདིར་རྫོང་སར་བཤད་གྲྭ་སླར་གསོ་བྱ་འོས་ཞེས་གསུངས་བྱུང་། རྫོང་སར་བཤད་གྲྭ་ནི་སྔོན་བོད་ཡུལ་དུ་ཤིན་ཏུ་སྙན་གྲགས་ཅན་གྱི་སློབ་གྲྭ་ཞིག་རེད། དོན་དངོས་ཐོག་དེ་རིང་གི་དབར་བོད་དུ་མིང་གྲགས་ཆེ་ཤོས་ཀྱི་མཁས་པ་དང་རྩོམ་པ་པོ། ལྷག་པར་དུ་ས་སྐྱ་དང་རྙིང་མ། བཀའ་བརྒྱུད་བཅས་ཆོས་ལུགས་འདི་གསུམ་པོའི་མཁས་པ་མང་ཆེ་བ་རྫོང་སར་བཤད་གྲྭ་ནས་ཐོན་པ་རེད། ད་ལྟ་སྙན་གྲགས་ཅན་རྣམས་ལས། མཁན་རིན་ཆེ་ཀུན་དགའ་དབང་ཕྱུག་སྨོས་ཅི། དེ་མིན་ཨ་རིར་བཞུགས་པའི་དྲུང་པ་རིན་པོ་ཆེ་དང་དར་ཐང་སྤྲུལ་སྐུ། མཁན་རིན་པོ་ཆེ་ཨ་པད་སོགས་རེད། སློབ་མ་འདི་རྣམ་པས་ནང་ཆོས་ཀྱི་ཆེད་ལས་ཤིན་ཏུ་མང་པོ་གནང་ཡོད།
རིག་གནས་གསར་བརྗེ་ཆེན་མོ་ནི་གོད་ཆག་ཤིན་ཏུ་ཆེན་པོ་ཞིག་རེད། དེ་འདྲ་སོང་ཙང་ངའི་རྒན་ལགས་ཀྱིས་ངས་རྫོང་སར་བཤད་གྲྭ་སླར་གསོ་བྱ་བརྩིས་དགོས་ཞེས་གསུང་དུས། ང་ལ་ཤོག་དངུལ་མེད་པ་གཅིག་པུ་མ་རེད། ཐ་ན་བཤད་གྲྭ་སླར་གསོ་བྱེད་པར་བློ་བཀོད་གང་ཡང་མི་འདུག ད་ལྟ་ཕྱིར་དྲན་བྱེད་དུས། སྐབས་དེའི་གནས་སྟངས་དེ་འདྲའི་འོག་ནས་དེ་རིང་གི་བཤད་གྲྭ་འདི་བཞིན་ཡར་རྒྱས་ཇི་ལྟར་ཡོང་བ་དངོས་གནས་ཧ་གོ་ཡི་མི་འདུག དེ་རིང་གི་བར་དུ་རྫོང་སར་བཤད་གྲྭར་ཕལ་ཆེར་དགོན་པ་མི་འདྲ་བ་110ཙམ་གྱི་གྲྭ་པ་དཔེ་ཆར་གཟིགས་པར་ཕེབས་ཡོད། ཡིན་དང་ཡིན། ད་ལྟ་རྫོང་སར་བཤད་གྲྭ་ད་དུང་ཡང་ཧ་ཅང་ཆེ་བའི་བཤད་གྲྭ་ཞིག་མིན་ནའང་བཤད་གྲྭ་ཞིག་གསར་འཛུགས་བྱེད་པར་གཞི་རྩ་གཙོ་བོ་དང་རྩ་ཆེ་ཤོས་ནི་དགེ་རྒན་རེད། ཁྱེད་རྣམ་པས་འདི་ལ་རྒྱུས་ཅི་ཙམ་ཡོད་ངས་མི་ཤེས། ངས་དཔེ་ཞིག་གཞག ངས་དེ་སྔོན་དཔེ་ཆ་ལྟ་སྐབས་དཔེ་ཆ་གཅིག་མི་བཅོ་བརྒྱད་ཀྱིས་མཉམ་སྤྱོད་བྱེད་ཀྱི་ཡོད། གནས་སྟངས་དེ་འདྲ་སྐྱོ་པོ་ཞིག་ཡིན་ཙང་ངའི་བླ་མས་ང་ལ་རྫོང་སར་བཤད་གྲྭ་སླར་གསོ་བྱ་འོས་ཞེས་གསུང་དུས། དོན་དངོས་ཐོག་འདི་ནི་ལས་དོན་ཧ་ཅང་ཆེན་པོ་ཞིག་རེད།
ལོ་རབས་བརྒྱད་ཅུ་པའི་དུས་འགོར་རྒྱ་ནག་སྐམ་ས་ཆེན་མོ་ད་དུང་བཅིང་འགྲོལ་བཏང་མེད། ཡིན་ནའང་དེ་དུས་ཕྱི་རྒྱལ་དང་འབྲེལ་ལམ་འགོ་བཙུགས་ཟིན། བྱས་ཙང་དེ་དུས་སྐབས་རེ་ང་རང་རྒྱ་ནག་ནས་ཕྱི་སྐྱོད་དང་བྲོས་བྱོལ་ཡོང་མ་ཐག་པའི་མི་དང་ཐུག་གི་ཡོད། སྐབས་དེར་ངས་ཁོང་ཚོའི་ངག་ནས་རྫོང་སར་བཤད་གྲྭའི་སྐུ་ཡོན་ཧ་ཅང་བཟང་བའི་སློབ་མ་ཁ་ཤས་ད་དུང་ཡང་སྐུ་འཚོ་བཞུགས་གནང་ཡོད་པ་གོ་སོང་། དེའི་ནང་ནས་གཅིག་ནི་མཁན་པོ་མཁྱེན་རབ་སེང་གེ་རེད། གཞན་ཞིག་ནི་མིག་སྔར་ཁམས་བྱེ་རྫོང་སར་བཤད་གྲྭའི་མཁན་པོ་པདྨ་དམ་ཆོས་རེད། ད་དུང་གཅིག་ནི་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་རེད།
དེ་དུས་ངས་མཁན་པོ་ཁོང་རྣམ་པ་གསུམ་གྱི་བཞུགས་གནས་གཏན་ནས་ཤེས་ཀྱི་མེད། ངས་འཕྲིན་ཡིག་མང་པོ་བྲིས་ཤིང་སྒྲ་སྡུད་འཕྲུལ་ཆས་སུ་སྒྲ་བཅུག་ནས་བསྐུར་བ་ཡིན། སྒྲ་འཇུག་དང་འཕྲིན་ཡིག་གི་ནང་དོན་དུ། ང་ཕལ་ཆེར་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་ཡིན་པ་འདྲ། ཡང་ན། མི་ཚོས་ང་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་ལ་བརྩི་བཞིན་འདུག ད་ལྟ་ངའི་བླ་མས་ང་ལ་རྫོང་སར་བཤད་གྲྭ་སླར་གསོ་དགོས་ཞེས་གསུང་གི་འདུག མིག་སྔར་ངའི་ཆེས་རྩ་ཆེ་བའི་ལས་དོན་ནི་དགེ་རྒན་འཚོལ་རྒྱུ་དེ་རེད། གལ་ཏེ་ཁྱེད་མཁན་པོ་རྣམ་པ་གསུམ་ཀ་ཕེབས་ཐུབ་ན་ཡག་ཤོས་རེད། དེ་ལྟར་མ་བྱུང་ནའང་མ་མཐར་ཁྱེད་རྣམ་པ་ལས་གཅིག་རྒྱ་གར་ལ་ང་ཐུག་ཏུ་ཕེབས་རོགས་གནང་ཞེས་ཞུས་པ་ཡིན།
མཁན་པོ་མཁྱེན་རབ་སེང་གེ་ནི་ཁོང་ཚོའི་ནང་ནས་བགྲེས་ཤོས་རེད། ཡིན་ནའང་རིག་གནས་གསར་བརྗེའི་སྐབས་སུ་ཁོང་གི་ཞབས་གཉིས་ཀར་རྨས་སྐྱོན་ཕོག་ཏེ་རྒྱ་གར་ལ་ཕེབས་ཐབས་མེད་པར་གྱུར་འདུག མཁན་པོ་ཀུན་དགའ་དབང་ཕྱུག་སྐབས་དེར་ད་དུང་བཙོན་ཁང་དུ་ཡོད་རེད། ཁོང་ལ་ཐོག་མར་ངའི་འཕྲིན་པ་འབྱོར་བ་དང་རྗེས་སུ་སྒྲ་འཇུག་འབྱོར་འདུག རྗེས་སུ་མཁན་རིན་པོ་ཆེ་དང་བཀའ་མོལ་ཞུ་དུས་ཤེས་གསལ་ལ། ཁོང་ལ་འཕྲིན་པ་དེ་འབྱོར་བའི་ཉིན་དེ་ནས་བཙོན་ནས་གློད་གྲོལ་ཐོབ་མ་ཐག་རྒྱ་གར་དུ་ཕེབས་རྒྱུར་ཐུགས་ཐག་གཙང་བཅད་གནང་འདུག
དངོས་གནས་བྱས་ན་སྐབས་དེར་མཁན་རིན་པོ་ཆེ་ཁྲིམས་ཆད་ཀྱི་དུས་ཡུན་རྫོགས་ཟིན་ནའང་སྲིད་གཞུང་གིས་ད་དུང་ལོ་གཅིག་ལ་བཀག་རྗེས་གཞི་ནས་གློད་གྲོལ་ཐོབ་འདུག རྒྱ་གར་ལ་མ་ཕེབས་པའི་སྔོན་དུ་ཁོང་ལ་ལས་དོན་གཅིག་ཁོ་ན་བསྒྲུབ་རྒྱུ་ཡོད་པ་ནི་ཁོང་གི་ལྕམ་སྲིང་ལ་ཁང་པ་ཞིག་རྒྱག་རྒྱུ་དེ་རེད། དེའི་རྗེས་ཁོང་སི་ཁྲོན་ནས་རྒྱ་གར་དུ་ཕེབས་པ་རེད། འདི་རྩེད་མོ་མ་རེད། ད་ལྟ་ང་ཚོ་གང་དུ་ཕྱིན་ནའང་རླངས་འཁོར་ལ་སྡོད་ནས་འགྲོ་བཞིན་ཡོད། ད་དུང་ང་ཚོས། དཀའ་ངལ་འདུག ཅེས་དང་། དཔེ་དཀའ་ལས་ཁ་སོང་། ཞེས་སྡུག་ཡུས་ཤོད་ཀྱི་ཡོད། ཡིན་ནའང་ད་ལྟ་ངའི་གཡོན་ཕྱོགས་སུ་བཞུགས་པའི་ཕར་བལྟས་ཚོད་ལ་འཁོས་ཞན་གྱི་མི་འདི་དེ་ལྟར་སི་ཁྲོན་ནས་རྒྱ་གར་དུ་ཕེབས་པ་རེད། དེ་དུས་ཁོང་གིས་དོན་དག་གཅིག་དྲན་གྱི་ཡོད་པ་ནི་མིང་གྲགས་ཅན་གྱི་རྫོང་སར་བཤད་གྲྭ་སླར་གསོ་གནང་རྒྱུ་དེ་རེད། དེ་ནས་ད་གིན་བཤད་པའི་མཚམས་དེ་རེད། སྒང་ཏོག་ཏུ་ཁོང་ང་དང་ཐོག་མར་ཐུག་པ་རེད།
དེ་དུས་ཁོང་གིས་ག་རེ་དགོངས་ཡོད་པ་ངས་མི་ཤེས། ངས་ཚོད་དཔགས་བྱེད་ཐུབ་པ་ནི། ཁོང་གི་དགེ་རྒན་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནི་དུས་རབས་ཉེར་གཅིག་པའི་ནང་དུ་རླབས་ཆེ་ཤོས་དང་ཆེས་རྩེ་ཕུད་ཀྱི་བླ་མ་ཞིག་རེད། ཡིན་ནའང་ལོ་ངོ་སུམ་ཅུའི་རྗེས་སུ་ཁོང་གི་བཞུགས་ཁྲིའི་སྟེང་དུ་ལོ་ན་ཆུང་ཞིང་ལང་ཤོར་ཅན་གྱི་མི་ཞིག་སྟེ། ཕལ་ཆེར་ཁོང་གི་བླ་མའི་ཡང་སྲིད་ཡིན་སྲིད་པ་ཙམ་ཞིག་བསྡད་ཡོད་པ་མཐོང་དུས། གནས་སྟངས་འདི་བརྗེས་ཏེ་གལ་སྲིད་དེ་རིང་ང་མཁན་པོ་ཁོང་ཡིན་པའི་དབང་དུ་བཏང་ནས་ངས་འདི་ལྟར་ལང་ཤོར་གྱི་མི་ཞིག་གི་འཛུབ་སྟོན་རེ་རེ་བཞིན་ཉན་དགོས་ན། དངོས་གནས་ལས་སླ་པོ་ཞིག་གཏན་ནས་མ་རེད། ཞུས་ཙང་འདི་ནི་ཅིའི་ཕྱིར་མཚམས་རེར་གོ་གནས་དང་གྲལ་རིམ་ལ་དགེ་ཕན་ཡོད་པའི་དྲི་ལན་རེད། ངས་རྒྱུན་དུ་འདི་ལྟར་དྲན་གྱི་ཡོད། དོན་དངོས་ཐོག་འདི་ནི་ང་ཡིན་པའི་རྒྱུ་མཚན་དང་ཡང་ན་ངའི་འབད་བརྩོན་གྱིས་མ་རེད། དེ་ལས་ལྡོག་སྟེ་ང་ལ་གོ་གནས་ཡོད་པའི་རྒྱུ་མཚན་གྱིས་རེད། ངས་དོན་འདིར་འཁང་ར་བྱེད་ཀྱི་མེད། དེ་ལས་ལྡོག་སྟེ་ངས་སྤོབས་པ་གང་འཚམ་བྱེད་ཀྱི་ཡོད། གལ་སྲིད་ངའི་མིང་གིས་ཀྱང་འདི་ལྟར་དོན་དག་མང་པོ་ཞིག་བསྒྲུབས་ཐུབ་ན། འདི་ལྟར་བྱེད་རིན་གང་འཚམ་ཡོད་པ་ཞིག་རེད། གལ་སྲིད་སང་ཉིན་ཁྱེད་རྣམ་པས་འདི་ལས་སྡོད་ས་མཐོ་ཙམ་ཞིག་བཟོས་ནའང་ང་བསྡད་རྒྱུ་ཡིན། འདི་ནི་ངས་བཤད་བསམ་པའི་གཏམ་རྒྱུད་ཐུང་ཐུང་དེ་རེད།
གཏམ་རྒྱུད་འདིའི་རྒྱབ་ལྗོངས་སུ་ཁྱེད་རྣམ་པས་དོན་དག་ཅིག་ལ་དོ་སྣང་གནང་རོགས། སྔོན་བཀའ་གདམ་པར་མི་རྣམས་ཀྱིས་གཙིགས་ཆེན་གནང་བའི་ཉམས་ལེན་པ་ཚད་ལྡན་ཞིག་ཡོད། ཁོང་ནི་ནང་པའི་ཉམས་ལེན་པ་དག་གི་མིག་དཔེ་འཛིན་ས་ཞིག་རེད། སྤྱིར་བཏང་བཀའ་གདམས་པའི་བླ་མ་རྣམ་པར་གཏམ་རྒྱུད་སྙན་འཇེབས་ལྡན་པ་མང་པོ་ཡོད། ཐེངས་ཤིག་ཉམས་ལེན་པ་དེར་ཁོང་གི་རྒན་ལགས་ཀྱིས། ངའི་བུ། ཁྱོད་ཀྱིས་ངེས་པར་དུ་ཉམས་ལེན་ཡག་པོ་ཞིག་གནང་དགོས་ཞེས་གསུངས་པ་རེད། སློབ་མ་དེའི་སེམས་སུ་ངའི་རྒན་ལགས་ཀྱི་གསུང་སྟངས་བྱས་ན་ངས་དཔེ་ཆ་བལྟ་དགོས་ཀྱི་ཡོད་ངེས་སྙམ་པ་རེད། ཉིན་ཤས་རྗེས་ཡང་བསྐྱར་ཁོང་གི་རྒན་ལགས་ཕེབས་པ་དང་ཁོང་ལ། ཡ། དཔེ་ཆ་ལྟ་བ་ནི་ཤིན་ཏུ་ལེགས། ཡིན་ནའང་དཔེ་ཆ་ལྟ་རྒྱུ་ཙམ་མིན་པར་ད་དུང་ནང་ཆོས་ཉམས་ལེན་གནང་དགོས་ཞེས་གསུངས་པ་རེད། སློབ་མ་དེའི་སེམས་སུ། ཡ། རྒན་ལགས་ཀྱིས་གསུངས་པའི་ཆོས་ཉམས་ལེན་ནི་མཆོད་རྟེན་ལ་སྐོར་བ་རྒྱག་པ་མིན་འགྲོ་སྙམ་སྟེ་ཁོང་གིས་སྐོར་བ་རྒྱག་འགོ་བཙུགས་པ་རེད། ཉིན་ཤས་ཀྱི་རྗེས་སུ་ཡང་བསྐྱར་ཁོང་གི་རྒན་ལགས་བྱོན་པ་རེད། རྒན་ལགས་ཀྱིས་ཁོང་གིས་མཆོད་རྟེན་སྐོར་བར་མཐོང་སྟེ། བུ། ཁྱོད་ཀྱིས་གནང་བཞིན་པ་ནི་ཤིན་ཏུ་ཡག་པོ་རེད། རེད་དེ། འདི་ཙམ་མིན་པར་ད་དུང་ནང་ཆོས་ཉམས་ལེན་གནང་དགོས་ཞེས་གསུངས་པ་རེད། དེ་ནས་ཁོང་གི་སེམས་སུ་རྒན་ལགས་ཀྱིས་མཚམས་སྡོད་ཅེས་གསུང་གི་ཡོད་དམ་སྙམ་པ་རེད། ཡིན་ནའང་རྗེས་སུ་ཡང་བསྐྱར་རྒན་ལགས་ཀྱིས་སྔར་བཞིན་གསུངས་པ་རེད། སྣང་ཚུལ་དེ་རང་ཡང་སེར་བྱུང་བ་བརྟེན་ཆེས་མཐའ་མར་སློབ་མ་དེ་ན་རེ། ཁྱེད་ཀྱིས་རྟག་པར་ང་ལ་ཉམས་ལེན་དགོས་ཞེས་གསུངས་བྱུང་ལ་ངས་ཀྱང་འདི་དག་བསྒྲུབས་པ་ཡིན། ཡིན་ནའང་ཁྱེད་ཀྱིས་ད་དུང་ཡང་སྔར་བཞིན་ཉམས་ལེན་དགོས་ཞེས་གསུང་གི་འདུག ཡང་སྙིང་འདིའི་དོན་ཅི་ཞིག་ཡིན་ཞེས་དྲིས་པ་རེད། དེ་ནས་རྒན་ལགས་ན་རེ། ཁྱོད་ཀྱིས་ཚེ་འདི་ཡི་དོན་དག་རྣམས་བློས་གཏོང་དགོས། ཁྱོད་ཀྱིས་ཚེ་འདིའི་དངོས་པོ་འདི་དག་ལ་རིན་ཐང་འདུག་སྙམ་གྱི་ཡོད་ན་ཁྱོད་ཀྱིས་ནང་ཆོས་ཉམས་ལེན་གནང་གི་མེད་ཅེས་གསུངས་པ་རེད། ངས་རྣམ་ཐར་འདི་ཐེངས་ཤིན་ཏུ་མང་པོ་མཉན་མྱོང་། བཀླགས་ཀྱང་ཚར་བརྒྱ་ཕྲག་ལས་བརྒལ་བ་བཀླགས་མྱོང་། ཡིན་དང་ཡིན། གཏམ་རྒྱུད་འདིར་ངོས་མི་འདྲ་བ་མང་པོ་ཞིག་ནས་ལོས་ལྟ་ཆོག ཡིན་ནའང་ང་རང་ཉིད་ཀྱིས་ནི་འཚོ་བ་དེ་འདྲ་སྐྱེལ་ཐབས་མི་འདུག ཡིན་ནའང་ངའི་ལག་པའི་གཡོན་ཕྱོགས་སུ་བཞུགས་པའི་མི་འདིས་འཚོ་བ་དེ་འདྲ་སྐྱེལ་གྱི་ཡོད།
དོན་དངོས་ཐོག་ཁོང་གི་ནུས་པ་དང་ཁོང་གི་སྐུ་ཡོན་ལ་བརྟེན་ནས་ཚེ་འདིར་ཁོང་ལ་ཐོབ་དགོས་པའི་དངོས་པོ་མཐའ་དག་ཐོབ་ཐུབ་པ་རེད། ཡིན་ནའང་དངོས་པོ་དེ་རྣམས་ལ་ཁོང་ཡིད་སྨོན་རྩ་བ་ནས་སྐྱེ་བཞིན་མེད། མཁན་རིན་པོ་ཆེ་རྒྱ་གར་དུ་འབྱོར་རྗེས་ང་རང་ཤིན་ཏུ་དགའ་པོ་བྱུང་། དེ་མ་ཐག་སློབ་མ་རྣམས་བསྡུས་ཏེ་ལས་དོན་དང་པོ་དེར་ཁོང་ལ་གྱོན་ཆས་གསར་པ་ཞིག་བཙེམ་པ་ཡིན། གང་ཡིན་ཞུས་ན། ཁོང་གི་གྱོན་ཆས་རྙིང་པ་དེ་དངོས་གནས་མདོག་ཉེས་པོ་ཞིག་འདུག དེ་དུས་བཤད་གྲྭ་གཏན་ནས་ཕུན་སུམ་ཚོགས་པོ་ཞིག་མ་རེད། ངས་ད་དུང་ཡང་དྲན་གྱི་འདུག དེ་དུས་ཆར་པ་བབ་མ་ཐག་ཟག་ཐིགས་རྒྱག་གི་ཡོད། ཡིན་ནའང་དེ་དུས་མཁན་རིན་པོ་ཆེས་ཐོག་མར་སློབ་ཁྲིད་གནང་སྐབས། ཁོང་གིས་སློབ་ཁྲིད་ཀྱི་བར་གསེང་གཏན་ནས་འཇོག་གི་མེད། ངལ་གསོ་གནང་བར་ཁོང་གིས་ཐུགས་མོས་གནང་གི་མེད། ཡིན་དང་ཡིན། སློབ་མ་མང་པོས་གཟའ་འཇུག་དང་གཟའ་སྤེན་པ། གཟའ་ཉི་མ་ཞེས་སྐད་འཆོར་གྱི་ཡོད། རྗེས་སུ་ངས་ཁོང་ལ་གུང་སེང་བཞག་ན་ཞེས་ཞུས་པས། ཁོང་གིས། ཨ། ག་རེ་བྱས་ནས་འཇོག་དགོས་རེད། ང་ཚོ་ལ་དུས་ཚོད་ཡོད་མ་རེད། ང་ཚོས་ངེས་པར་དུ་གཞུང་འདིའམ་མ་མཐའ་ན་ཤོ་ལོ་ཀ་འདི་རྫོགས་པར་བྱ་དགོས་ཞེས་གསུངས་བྱུང་། ད་དུང་ཁོང་གིས་སློབ་ཁྲིད་ལ་བརྩོན་འགྲུས་གནང་དྲགས་ཏེ་སྙུང་གཞི་ཤིན་ཏུ་ལྕི་བོ་ཕོག་པ་རེད། སྔ་དྲོའི་སློབ་ཁྲིད་རྒྱུན་དུ་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀའི་སྟེང་དུ་གཞི་ནས་ཁྲིད་ཚར་གྱི་ཡོད། སློབ་ཁྲིད་ཚར་བ་དང་མལ་ཁྲིའི་སྟེང་དུ་ཉལ་དགོས་བྱུང་བ་རེད། ཡང་དེ་དུས་ངའི་གོ་གནས་འདི་བེད་སྤྱད་པ་རེད། ངས། ཁྱེད་ཀྱིས་འདི་འདྲ་མ་གནང་། ཁྱེད་ཀྱིས་ངེས་པར་དུ་དཔེ་ཁྲིད་མཚམས་བཞག་སྟེ་སྨན་ཁང་དུ་ཕེབས་དགོས་ཞེས་ཞུས་པ་ཡིན། མཁན་རིན་པོ་ཆེས་ཀྱང་དེ་མ་ཐག་སྨན་ཁང་དུ་ཕེབས་རྒྱུར་ཞལ་བཞེས་གནང་སོང་། ཡིན་དང་ཡིན། མཁན་རིན་པོ་ཆེ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་འདི་ལྟར་དད་ཅིང་གུས་ཞབས་ཡོད་པ་དང་། དེ་བཞིན་ང་རང་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་ཡིན་པའི་རྒྱུ་མཚན་གྱིས་རྟག་པར་འདི་ལྟར་ངའི་ཁ་ལ་ཉན་རྐྱང་གནང་གི་རེད། ཡིན་ནའང་དེ་དུས་ཁོང་གིས་ད་དུང་གུང་སེང་གནང་བར་ཞལ་བཞེས་གནང་གི་མེད།
རྗེས་སུ་ངས་གཞི་ནས་གསལ་པོར་ཤེས་སོང་། ཁོང་ལ་མཚོན་ན་སློབ་ཁྲིད་གནང་ཞེས་པ་ནི་ཁོང་ལ་སྐུ་ངལ་གསོ་འཇུག་པའི་ཐབས་ཤེས་ལེགས་ཤོས་དེ་ཡིན་འདུག ང་ཚོར་སློབ་ཁྲིད་གནང་བའི་དུས་ཚོད་ནི་ཞོགས་པ་ཆུ་ཚོད་དྲུག་པ་ནས་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀྱི་བར་དུ་རེད། འདི་གཉིས་ཀྱི་བར་དུ་སློབ་ཁྲིད་ཐེངས་གཉིས་ཁོ་ན་ཡོད་རེད། གནས་ཚུལ་འདི་ཆ་ཚང་རྒྱ་གར་དུ་བྱུང་བ་རེད། ངས་འདི་ཚོ་བཤད་དུས། འདི་ནི་ཅི་འདྲའི་ཚབས་ཆེ་བའི་གནས་ཚུལ་ཞིག་སྟེ། ཁོང་གིས་ཧ་ལམ་ཆུ་ཚོད་དྲུག་ཙམ་ལ་སློབ་ཁྲིད་གནང་ཞིང་སློབ་ཁྲིད་རེ་རེའི་དུས་ཚོད་ནི་དེ་འདྲ་རིང་པོ་ཞིག་དང་ད་དུང་ངལ་གསོ་གནང་བ་ལའང་ཐུགས་མོས་གནང་གི་མེེད་པ་རེད། ཡིན་ནའང་འདི་དང་ཁོང་བཙོན་ཁང་དུ་བཞུགས་པ་གཉིས་བསྡུར་ན། འདི་ནི་ཅི་གང་མ་རེད།
རིག་གནས་གསར་བརྗེའི་ཆེས་ཛ་དྲག་ཆེ་བའི་དུས་སྐབས་སུ། དོན་དག་ཚང་མར་དམ་དྲག་ཤིན་ཏུ་ནན་པོ་བྱེད་ཀྱི་ཡོད་རེད། དེ་དུས་ཆོས་དཔེ་མེད་པ་ཨ་ཅང་ཅང་རྩོམ་ཡིག་ལྟ་ཆོག་པ་ཞིག་ཀྱང་མེད། ཐ་ན་རང་གར་ཨོལ་མདུད་འགུལ་ཙམ་ཡང་མི་ཆོག ཨོལ་མདུད་འགུལ་ཙམ་བྱས་ན། ལམ་སང་བཙོན་སྲུང་པས། ཁྱོད་ཀྱིས་ཏན་ཏན་ལྐོག་ཏུ་གཟུངས་སྔགས་བགྲང་བཞིན་འདུག ཁྱོད་ཀྱིས་གསར་བརྗེ་ལ་ངོ་ལོག་བྱེད་ཀྱི་འདུག་ཅེས་སོགས་བཤད་ཀྱི་ཡོད་རེད། ཡིན་ནའང་གནས་སྟངས་འདི་ལྟའི་འོག་ཏུའང་ཁོང་གིས་བཙོན་རོགས་ཚོར་ཆེས་ཐོག་མར་གསུངས་རབ་ཀྱི་རྩ་བ་རྣམས་བསླབས་པ་རེད། ཡིན་དང་ཡིན། དེའང་ཤིན་ཏུ་གསང་སྟོབས་ཀྱིས་བསླབས་པ་རེད། ཟླ་ཤས་ཀྱི་རྗེས་སུ་སློབ་མ་ཚོས་རྩ་བ་སྦྱང་ཚར་བ་དང་ཁོང་གིས་ཡང་བསྐྱར་རྩ་བ་ལ་འགྲེལ་བཤད་ཁྲིད་འགོ་བཙུག་པ་རེད། དེ་དང་མཉམ་དུ་སྔར་བཞིན་ཁོང་ཚོས་ས་རྐོ་དགོས་ན་ས་བརྐོས་པ་དང་རྩྭ་རྔ་དགོས་ན་རྩྭ་བརྔས་ཏེ། ངལ་རྩོལ་ཁང་དུ་ལས་དགོས་པའི་ལས་ཀ་ཐམས་ཅད་བཀའ་ལྟར་བསྒྲུབས་པ་རེད། མཁན་རིན་པོ་ཆེས་གསུངས་པ་ལྟར་ན། ཁོང་ཚོའི་བཙོན་ཁང་དེ་ནི་མ་གཞི་དགོན་པ་ཞིག་རེད་འདུག གཅིན་ཆེན་དང་གཅིན་ཆུང་ཐམས་ཅད་ས་དེ་གར་བཏང་ཡོད་རུང་། ལོ་ངོ་ཉི་ཤུའི་བཙོན་ཁང་གི་འཚོ་བའི་ནང་དུ་རོལ་རྩེད་གཅིག་ཁོ་ན་ཡོད་པ་ནི། བཙོན་ཁང་གི་གྱང་ངོགས་སུ་སངས་རྒྱས་ཀྱི་སྐྱེས་རབས་ལོགས་རིས་སུ་བྲིས་ཡོད་པར་ལྟ་རྒྱུ་དེ་རེད། ང་གློག་བརྙན་ཕབ་རྒྱུར་ཤིན་ཏུ་དགའ་པོ་ཡོད། གལ་སྲིད་དངོས་གནས་ཕབ་རྒྱུ་ལེགས་གྲུབ་འབྱུང་ཐུབ་ན། ངས་མཁན་རིན་པོ་ཆེའི་རྣམ་ཐར་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་དང་མཉམ་དུ་སྦྱར་ནས་གློོག་བརྙན་པར་གཞི་ཞིག་བསྐྲུན་དགོས་དྲན་བཞིན་ཡོད།
རྫོང་སར་བཤད་གྲྭ་གསར་དུ་བཙུགས་རྗེས་སློབ་མ་ཉིིན་རེ་བཞིན་མང་དུ་སོང་ཡང་། མཁན་རིན་པོ་ཆེས་མི་ག་འདྲ་ཞིག་ཡིན་རུང་ཚང་མར་དགའ་བསུ་གནང་པ་རེད། གལ་སྲིད་སློབ་མ་ཞིག་གི་མགོོ་གཉིས་དང་གཞུག་ལ་རྔ་མ་སྐྱེས་ཡོད་རུང་། མཁན་རིན་པོ་ཆེས་ཐ་ན་ཁྱེད་རང་ཡང་སྙིང་སུ་ཞིག་ཡིན་ཞེས་པ་ཙམ་ཡང་བཀའ་འདྲི་མ་གནང་པར་སངས་རྒྱས་ཀྱི་ཤེས་རབ་ལ་སློབ་སྦྱོང་བྱེད་འདོད་མཁན་ཞིག་ཡིན་ནས་བཟུང་ཚང་མར་དགའ་བསུ་གནང་པ་རེད། སྤྱིར་བཏང་ནང་ཆོས་ལ་འཇུག་མཁན་ཞིག་ཡིན་པ་ནས། ང་ཚོས་རྒྱུན་དུ་བཀའ་དང་བསྟན་བཅོས་མང་པོ་མཐོང་བཞིན་ཡོད་རེད། ཡིན་ནའང་ང་ཚོའི་མིག་དཔེ་བྱ་ཆོག་པའི་སྐྱེས་བུ་ཞིག་དང་འཕྲད་རྒྱུ་ནི་ཤིན་ཏུ་ཁག་པོ་རེད། དངོས་གནས་སྐྱེས་བུ་འདི་འདྲ་ཤིན་ཏུ་དཀོན་པོ་རེད། ངས་བསམས་ན། མཁན་རིན་པོ་ཆེ་ནི་ང་ཚོའི་མིག་མདུན་དུ་དངོས་སུ་བཞུགས་པའི་མིག་དཔེ་ཚད་ལྡན་ཞིག་རེད། ང་ཚོ་ལ་དགེ་རྩ་འདི་འདྲ་ཡག་པོ་ཞིག་ཡོད་པའི་རྐྱེན་གྱིས་མཁན་རིན་པོ་ཆེས་ཁོང་གི་ཤ་ཡིས་བྱས་པའི་ཞབས་གཉིས་སྤྱོད་དེ། ད་དུང་ཡང་ང་ཚོའི་གོ་ལའི་སྟེང་དུ་ཕེབས་བཞུགས་གནང་གི་ཡོད་རེེད། གཅིག་བྱས་ན་ལོ་ངོ་ཉི་ཤུ་སུམ་ཅུའི་རྗེས་སུ་ང་ཚོས། ཨོ། སྔོན་བླ་མ་འདི་འདྲ་འདི་འདྲ་ཞིག་ཡོད་ཅེས་སོགས་བཤད་ཆོག་པ་རེད། ཡིན་ནའང་དེ་ལྟར་བཤད་ན་ཕན་ཐོག་མེད། མ་མཐའ་ན་ད་ལྟ་ང་ཚོས་དངོས་སུ་ཁོང་ཞལ་བཞུགས་པར་མཇལ་གྱི་ཡོད་དུས། ངས་ཁྱེད་རྣམ་པར་རེ་སྐུལ་ཞིག་ཞུ། ཁྱེད་རྣམ་པས་མཁན་རིན་པོ་ཆེ་ཡག་པོ་ཞིག་མཇལ་རོགས། དེ་དང་མཉམ་དུ་ངས་སྙིང་ཐག་པ་ནས་བསམ་འཆར་ཞིག་གདོན་རྒྱུ། ཁྱེད་རྣམ་པས་ང་ལ་མ་ལྟ་རོགས།
ད་ལྟ་མཁན་རིན་པོ་ཆེ་ནས་རྒྱ་གར་བྱང་ཕྱོགས་རྫོང་སར་བཤད་གྲྭའི་ཐུགས་འགན་བཞེས་གནང་གི་ཡོད། འདི་ནི་ངའི་སྤྲུལ་སྐུའི་མཚན་གནས་འདིར་གུས་ཞབས་གནང་གི་ཡོད་པས་རེད། མཁན་རིན་པོ་ཆེས་ད་ལྟ་ཡིན་ཡང་། ངས་ལས་ཀ་འདི་ལས་འོས་སམ། ཞེས་དང་། ཡང་ན། ངས་དོན་དག་འདིའི་རིགས་དེ་ཇི་ལྟར་བསྒྲུབ་དགོས་ལྟ་བུ་རྒྱུན་དུ་ང་ལ་བཀའ་འདྲི་གནང་གི་ཡོད། ངས་དེང་སང་ཡང་ད་དུང་སྐད་ཉམས་ཤུགས་དྲགས་ཀྱིས་ཁོང་ལ། ཁྱོད་རང་གིས་ག་རེ་བཟོ་དགོས་ན་བཟོས། ང་ལ་ཡང་བསྐྱར་འདྲི་མ་ཡོངས་ཞེས་བཤད་ཀྱི་ཡོད། དོན་དངོས་ཐོག་མཁན་རིན་པོ་ཆེ་ང་ལས་ཀྱང་གདེངས་ཚོད་ཆེ་བ་ཡོད་པར་ང་རང་ཡིད་ཆེས་ཡོད།
ཆེས་མཐའ་མར་ཞུ་རྒྱུ། ང་དང་བཅས་པ་འདིར་བཞུགས་པའི་མི་མང་པོ་ཞིག་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གི་སློབ་མ་རེད། ང་ཚོ་ཚང་མས་ལྷན་ཅིག་ཏུ་གསོལ་བ་འདེབས་པ་དང་སྨོན་ལམ་རྒྱག་དགོས། མཁན་རིན་པོ་ཆེ་སྐུ་འཚོ་བཞུགས་རྒྱུན་རིང་ཙམ་གནང་ཐུབ་ན་ང་ཚོས་མིག་དཔེ་བཟང་པོ་ཞིག་མཇལ་ཐུབ་ཀྱི་ཡོད་རེད། གལ་སྲིད་ང་ཚོའི་དམིགས་འཕེན་འདི་འགྲུབ་དགོས་ན་ང་ཚོས་འཕྲལ་དུ་སྒྲུབ་ཐུབ་པའི་དོན་དག་གཅིག་ནི་སྲོག་བླུ་བྱ་རྒྱུ་དེ་རེེད། ངས་ལོ་ངོ་གཉིས་ཀྱི་གོང་ནས་སྲོག་བླུ་བྱེད་རྒྱུ་འགོ་བཙུགས་པ་ཡིན། རྣམ་པ་ཚོས་ཀྱང་མི་རེ་ངོ་རེས་འདི་ལྟར་གནང་ཐུབ་པའི་རེ་བ་ཡོད། ཁྱེད་ཚོས་ང་དང་མཉམ་དུ་སྲོག་བླུ་བྱ་དགོས་བསམས་ནས་མ་སྒུག་རོགས། ངས་རྒྱུན་དུ་བརྗེད་ཀྱིའང་འདུག ཁྱེད་རང་གང་དུ་ཡོད་མེད་ལ་མ་བལྟོས་པར་སོ་སོ་སྒེར་གྱི་བྱེད་ཐབས་སྤྱོད་དེ་སྒྲུབ་གནང་རོགས། ངས་བསམ་པར་ད་ང་རང་ཁ་བཙུམ་སྟེ་གང་མགྱོགས་ཀྱིས་ཚོགས་ཁང་དང་ཁ་བྲལ་ན་ཏག་ཏག་རེད།།
གསུང་བཤད་འདི་ནི་སྤྱི་ལོ་2015 ལོའི་མཁན་རིན་པོ་ཆེའི་འདས་མཆོད་ཉིན་ཐོག་མར་མཇལ་ཞིང་རྗེས་སུ་ཁོམ་སྐབས་དང་བསྟུན་ཏེ་བོད་ཡིག་ཏུ་བསྒྱུར། སླར་ཡང་མེ་སྤྲེལ་ལོའི་གནམ་ལོ་གསར་ཚེས་ཀྱི་གུང་གསེང་སྐབས་ཅུང་ཟད་ཞུ་དག་བྱས་ཏེ་ཆེད་དུ་བོད་ཡིག་གི་ཀློག་པ་པོ་ཚོར་ལོ་གསར་པའི་ལེགས་སྐྱེས་སུ་ཕུལ་ལོ།།
ཞེས་པ་ཚེ་རིང་བསམ་འགྲུབ་ཀྱིས་སྤྱི་ལོ་2016 ཟླ་བ་2 ཚེས་པ་16 ཉིན་དྲ་བར་སྤེལ་བ་ཡིན་ནོ།།
འདི་འདྲའི་བླ་སློབ་བཀུར་འོས་གཉིས།
འདི་འདྲའི་རྩོམ་ཡིག་ཀློག་འོས་ཤིག
ཡག་པོ་འདུག
ཆོས་འབྱུང་འདི་སྙན་ལ། བྱིན་རླབས་ཀྱང་ཆེའོ།།
མཁན་པོ་ཀུན་དགའ་དབང་ཕྱུག་གི་རང་རྣམ་དང་། འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་རྣམ་ཐར་ནང་ལ་ཅུང་མི་འདྲ་བ་བྲིས་འདུག
དེ་བཞིན་བཀའ་གདམས་ཕ་ཆོས་བུ་ཆོས་ནང་གི་སྒྲུང་དེ་ལ། དཔེ་ཆ་བལྟ་བའི་སྐབས་ལ་ཆོས་བྱེད་ཟེར་བ་ཞིག་མིན་འདུག མཆོད་རྟེན་ལ་བསྐོར་བ་དང་། ཕྱག་འཚལ་བའི་དཔེ་ལས། དཔེ་ཆ་བལྟ་བའི་སྐབས་ལ་ད་དུང་དེ་བཞག་ནས་ཆོས་བྱེད་ཅེས་པ་ཇོ་བོ་ཨ་ཏི་ཤས་གསུངས་པ་བརྙེད་མ་སོང་། དེ་དག་ལ་རྟག་དཔྱད་བྱེད་དགོས་སྙམས།
འདི་ནི་འབྲོམ་གྱིས་གསུངས་པར་གྲགས། ཇོ་བོས་གསུངས་པར་མ་གྲགས།
་་་་་་་་་ བཤད་གྲྭ་ཞིག་གསར་འཛུགས་བྱེད་པར་གཞི་རྩ་གཙོ་བོ་དང་རྩ་ཆེ་ཤོས་ནི་དགེ་རྒན་རེད། ཁྱེད་རྣམ་པས་འདི་ལ་རྒྱུས་ཅི་ཙམ་ཡོད་ངས་མི་ཤེས། ངས་དཔེ་ཞིག་གཞག ངས་དེ་སྔོན་དཔེ་ཆ་ལྟ་སྐབས་དཔེ་ཆ་གཅིག་མི་བཅོ་བརྒྱད་ཀྱིས་མཉམ་སྤྱོད་བྱེད་ཀྱི་ཡོད། ་་་་་་་་་་་
དུས་རྒྱུན་གསུང་རྒྱུན་ལ། དང་པོ་མཆོད་རྟེན་སྐོར་ར། གཉིས་པ་དཔེ་ཆ་ཀློག་པ། གསུམ་པ་སྒོམ་བརྒྱབ་པ་ལས། ཆོས་ཅིག་བྱས་ན་མི་དྲགས་སམ། ཞེས་པ་ལྟ་བུ་ཞིག་དྲན་ཡུལ་ལ་འདུག
ངས་རྫོང་སར་སྐྱ་མིན་སེར་མིན་དེའི་སྐད་ཆ་མང་པོ་བལྟས་མྱོང་ གོང་ས་མཆོག་ལ་དད་གུས་ཡོད་མཁན་ཞིག་གི་ཟོལ་མི་འདུག་ དེ་ག་རང་རེད་དམ་ཡང་ན་ང་ནོར་བ་རེད?
རྫོང་གསར་སྤྲུལ་སྐུས་༸གོང་ས་མཆོག་ལ་དད་པ་ཡོད་ནས། མཇལ་ཁ་ཡང་བཅར་ཡོད་རེད། ཁོང་གིས་དང་པོ་རྫོང་གསར་བཤད་གྲྭ་དེ་ཡང་། དྷ་སའི་མཚན་ཉིད་སློབ་གྲྭ་ལྟར། རིས་མེད་འོངས་བའི་འཆར་གཞི་བཀོད་ན་ཡང་། མཐར་ས་སྐྱའི་ལུགས་སུ་དར་བ་རེད།
ངག་དབང་ལགས་གོང་ས་མཆོག་ལ་དད་པ་མེད་པ་ག་རེ་སྐྱོན་ཡོད་རེད། གོང་ས་མཆོག་ལ་དད་པ་མེད་ན་ཆོས་པ་ཆག་གི་ཡོད་མ་རེད་པས།
ཉན་ལྟ་འོས་པའི་བརྙན་འཕྲིན་ཅིག
https://www.facebook.com/100010967027774/videos/157581774617389/
གངས་ཕྲུག་མ་རེད་གཟིགས་དང་ཁོ་དོལ་ཕྲུག་རང་རེད་འདུག་ད་
ཁོང་གི་རིས་མེད་ལ་དགག་པ་རྒྱག་གི་འདུག་ ཁ་ཤས་ཀྱིས་རྫོང་གསར་བཤད་གྲྭ་རིས་མེད་ཡིན་གསུང་གི་འདུག་དེ་འདྲ་མ་ཟེར་རོགས་ཟེར་ནས་ཁོང་གི་གསུང་གི་ནང་ན་འདུག དད་པ་མེད་པ་དེ་སྐྱོན་ཅན་རེད་ཟེར་གི་མེད
ཕུན་ཚོགས་ཕོ་བྲང་གི་དཔལ་༸ས་སྐྱ་བདག་ཆེན་རིན་པོ་ཆེ་མཆོག་༸སྐུ་ཚེ་ཡུན་བརྟན་སྨོན་ལམ་འདེབས་དགོས་པ།
https://www.facebook.com/sakya.dolmaphodrang/photos/a.589452464500379.1073741828.571093349669624/899784836800472/?type=3&theater
བླ་མ་འདིའི་གཏམ་བཤད་ལ་བཅོས་ལྷད་མེད། ཐེངས་གཉིས་བཀླགས། མཁན་པོ་ཀུན་དགའ་དབང་ཕྱུག་སྐོར་སྔོན་མ་ཡང་ཕྲན་བུའི་ཐོས་མྱོང་། སྐྱབས་སུ་མཆི། ངག་རྒྱུན་ལོ་རྒྱུས་ཟེར་ན་འདི་འདྲ་ཞིག་ལ་ཟེར་རྒྱུ་ཡིན་པ་རེད། ཐུགས་རྗེ་ཆེ་རིན་པོ་ཆེ།།
མའོ་ཙེ་ཏུང་གིས། ལོ་བཞིའི་ནང་ལ་མི་ས་ཡ་བཞི་བཅུ་ 45,000,000 ཞེ་ལྔ་དམར་གསོད་བཏང་བའི་ལོ་རྒྱུས་ཀྱི་ཁུངས།
http://www.independent.co.uk/arts-entertainment/books/news/maos-great-leap-forward-killed-45-million-in-four-years-2081630.html
བླ་མའི་མཛད་པ་ཇི་ལྟར་བསྟན་ན་ཡང་། །ངོ་མཚར་མོས་པ་རབ་ཏུ་འཕེལ་འགྱུར་ཅིག །བྱ་ཀུན་ལ་ཉིན་ཚན་མ་ལྟོས་པ་པར། །ཉིན་དང་ཚན་དུ་ཆོས་ལ་སྤྱོད་གྱུར་ཅིག།
མའོའི་རོ་དེ།
་
མ་འོ་སྡུག་ཤི་ཐེབས་ན་ཡང་། །
མའོའི་ཨབ་ཕྲུགས་ཤི་མི་འདུག །
མའོའི་དུས་རབས་རྫོགས་ན་ཡང་། །
མའོའི་རོ་པར་འཕྱར་བཞིན་འདུག །
་
བོད་ནང་དམངས་གཙོ་དར་བ་ལ། །
རྒྱ་ནག་མང་གཙོ་དར་ཙམ་དགོས། །
དེ་ནས་རྒྱལ་སྤྱིའི་གནོད་ཤུགས་དང་། །
དམར་ལུགས་བཤུ་ཤོག་ཉམས་པར་འགྱུར། །
་
དེ་དུས་གཉིས་སྨན་དབུས་ལམ་གྱི། །
དར་ཆ་ལྷ་སར་འགྲེང་འཛུགས་ཐུབ། །
དེ་དུས་བོད་ནང་བདེ་སྐྱིད་དང་། །
གཞིས་བྱེས་མཉམ་འཛོམས་ཞི་བདེ་འོངས། །
་
མེར་བསྲེག་དགོས།
རྣམ་ཐར་དད་པའི་སྤུ་ལོང་གཡོ་བ་ཞིག་བྲིས་འདུག བསྟན་པ་ཉག་ཕྲ་བའི་སྐབས་སུ་བསྟན་པ་ལ་བྱ་བ་རླབས་པོ་ཆེ་བྱས་འདུག་ཨང་བསམ་ན། རྫོང་གསར་ཚང་གི་སྤྱོད་པ་དེ་དག་ལ་ཡང་དག་སྣང་ཅུང་ཟད་རེ་སྦྱང་ཐུབ་གི་འདུག
༢༠༡༥ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་པའི་ཆབ་སྲིད་བཙོན་པ་ ༦༨ འདུག
http://tibettimes.net/%E0%BC%A2%E0%BC%A0%E0%BC%A1%E0%BC%A5-%E0%BD%A3%E0%BD%BC%E0%BD%A2%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%82%E0%BD%9E%E0%BD%B4%E0%BD%84%E0%BC%8B%E0%BD%82%E0%BD%B2%E0%BD%A6%E0%BC%8B%E0%BD%A0/