ལྷག་བསམ་ནོར་བུ།
༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ལོ་ཤས་སྔོན་ནས་དབུ་བཙུགས་པའི་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་ཞུ་སར་བཅར་འདོད་ཤུགས་དྲག་ཡོད་ཀྱང་། ལས་བྲེལ་གྱི་དབང་གིས་ན་ནིང་བཀྲ་ཤིས་ལྷུན་པོ་ལ་མ་གཏོགས་བཅར་ཐུབ་མ་སོང་། དེ་སྐབས་ཕ་ཡུལ་གཅིག་པའི་གྲྭ་བ་མང་པོ་དང་། ལྷག་པར་དུ་མཛའ་གཅུགས་ཀྱི་འཛིན་གྲོགས་འགའ་རེ་དང་ངོ་འཕྲད་བྱུང་བས། ཧ་ཅང་སྐྱིད་སྣང་དང་དོན་སྙིང་ལྡན་པ་བྱུང་།
ཡིན་ནའང་། ཉིན་དེ་དག་གི་རིང་ལ་མཛའ་གྲོགས་རྣམ་པ་དང་ལྷན་དུ་ཁ་བརྡ་གློད་དེ་གདན་སའི་གནས་སྟངས་རྒྱུས་ལོན་བྱེད་སྐབས་སེམས་ན་ན་ཟུག་ཡུན་རིང་སྟེར་བའི་གཏམ་ངན་ཉེན་ཚབས་ཅན་འགའ་རེ་ཡང་གོ་ཐོས་བྱུང་ཞིང་། ལྷག་པར་དུ་དགེ་འདུན་པ་མི་ཉུང་བ་ཞིག་གི་ཀུན་སྤྱོད་ཡ་མ་བརླ་དེ་དག་མཐོང་ཐོས་བྱུང་སྐབས། ད་ལན་གསུང་ཆོས་ལ་བཅར་བས་དེང་སང་གི་དགེ་འདུན་པ་ལ་དད་གུས་ཇེ་ཆུང་དུ་འགྲོ་སོང་བསམ་པའི་འགྱོད་གདུང་ཡང་ངང་གིས་ཡོང་གི་འདུག
ནད་པ་ཞིག་ལ་ཆ་མཚོན་ན། ན་ཟུག་ཇི་ཙམ་ལྕི་ཡང་སྨན་པ་ལ་ནད་ངོ་སྤྲད་མ་ཐུབ་ན་ནད་གསོ་ཐུབ་པའི་རེ་བ་ཆུང་བ་ལྟར། ང་ཚོའི་སྤྱི་ཚོགས་འདི་ཕུན་སུམ་ཚོགས་སུ་གཏོང་བ་ལ། མིག་སྔར་ལྷག་པའི་སྐྱོན་ནད་རྣམས་ཐེར་འདོན་བྱེད་དགོས་པ་ལས་ལྷག་པའི་ཐབས་ལམ་ཞིག་མེད་སྙམ།
སྐྱོན་ནད་དེ་དག་གི་སྐོར་གོ་བ་དང་དྲྭ་ཐོག་ཏུ་སྤེལ་འདོད་བྱུང་ཡང་། དྲྭ་འབུའི་ཁ་ལ་འཇིགས་ནས་ད་ལྟའི་བར་དུ་སྤེལ་མ་ཕོད་ཀྱང་། དེ་དག་གི་སྐོར་སེམས་ལ་ཡང་ཡང་འཁོར་ནས་སེམས་ཀྱི་ཞི་བདེ་དཀྲུགས་ཀྱི་འདུག་པས། རང་ཉིས་ཀྱི་སྐྱོ་ནད་སེལ་ཕྱིར་དང་། ལྷག་པར་དུ་གདན་སའི་འཐུས་ཤོར་འགོག་པའི་ཆེད་དུ། ཉེན་ཚབས་ཆེ་བའི་རིགས་གཅིག་གཉིས་ཤིག་སྤེལ་ནས་སྔོན་ལ་ཚོད་ལྟ་ཞིག་བྱེད་རྒྱུ་ཡིན།
དེ་ཡང་གནས་ཚུལ་མང་དག་ཅིག་ཐོས་པའི་ནང་ནས་ཆེས་ཉེན་ཚབས་ཆེ་བ་ཞིག་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་ཞབས་སོར་འཁོད་སྐབས། འགོ་མཁན་པོའི་བཀའ་བཀོད་འོག་ནས། བཞུགས་གནས་ཕོ་བྲང་གི་གཡས་གཡོན་དང་ཉེ་འགྲམ་དུ། དཔེ་ཆ་སྐྱོར་མཁན་བཙུགས་ནས་རྒྱུན་ལྡན་དེ་ལྟར་ཡིན་པའི་ཁུལ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་སྐོར་ཞུ་བ་དེ་རེད། ཨ་ཙི། མཁན་པོ་རྣམ་པས་དེ་འདྲ་རང་ལྟ་བྱེད་ཀྱི་མ་རེད་བསམ་ནས་ཐོག་མར་ཡིད་མ་ཆེས་པར་ནན་གྱིས་འདྲི་རྩད་བྱེད་དུས། དེ་ནི་བདེན་པར་འདུག་པར་མ་ཟད། སེར་ར་བྱེས་སྨད་གཉིས་ཀའི་མཁན་པོས་འཛིན་གྲྭ་ཁ་ཤས་ལ་བཀའ་བཏང་ནས། ཆུ་ཚོད་འདི་དང་འདི་ནས། དུས་ཡུན་གང་ཤེད་ཀྱི་རིང་། གཟིམས་ཆུང་གཡས་གཡོན་དང་ཉེ་འཁོར་ལ་དཔེ་ཆ་སྐྱོར་དགོས་ཞེས། ནམ་རྒྱུན་མཁན་པོ་རང་ཉིད་ཀྱིས་སློབ་གཉེར་འཐུས་ཤོར་མེད་ཚུལ་དང་། ལྟ་རྟོག་ཡག་མོ་བྱེད་ཀྱི་ཡོད་ཚུལ་གྱིས་དབུ་སྐོར་ཞུ་བར་མ་ཟད། གཤམ་འོག་གི་སློབ་གཉེར་བ་ཉམ་ཆུང་རྣམས་ལའང་རང་གི་རྩ་བའི་བླ་མ་དབུ་སྐོར་ཞུ་རུ་བཅུག་པའི་གནས་ཚུལ་ཡོང་གི་ཡོད་འདུག ངས་གོ་བ་ནི་སེར་རའི་གནས་ཚུལ་གཅིག་པུ་ལས། གཞན་དགའ་ལྡན་དང་འབྲས་སྤུངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་མ་བྱུང་ཡང་། མཁན་པོ་རྣམ་པ་ནང་ཕན་ཚུན་འབྲེལ་འདྲེས་ཆེ་བ་དང་། གྲྭ་ས་གྲྭ་ཚང་སྐྱོང་སྟངས་གཅིག་པ་ལྟ་བུ་ཡོད་འདུག་པས། གདན་ས་དེ་དག་ལའང་གནས་ཚུལ་དེ་འདྲ་ཡོང་གི་མེད་དམ་སྙམ་པ་བྱུང་། མེད་པའི་རེ་ཡོད།
གནས་ཚུལ་གཞན་ཞིག་ནི། ལམ་རིམ་བཀའ་ཆོས་སར་ཆོས་ཞུ་བ་མང་ཚོགས་ལ། དགེ་འདུན་པའི་ཁྲོད་ནའང་བཟི་སྨན་སྤྱོད་མཁན་དེ་འདྲ་ཡོང་གི་ཡོད་པའི་སྐད་ཆ་གོ་རྒྱུ་འདུག་གསུངས་པ་དེའི་སྐོར་ཡིན། འདི་གསུངས་པའི་ལོ་དེ་གཅིག་པུའི་ནང་། སེར་ར་དགོན་པ་གཅིག་པུར། དགེ་སྐོས་དང་ལས་སྣེའི་ལག་ལ་ཐེབས་པ་ཉི་ཤུ་མིན་ཙམ་བྱུང་ཡོད་འདུག་ཀྱང་། དེ་དག་དགོན་པ་ནས་གནས་དབྱུང་མ་གཏོང་བར་བཞག་ཡོད་ཚུལ་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་སྟོན་པར་སྨྲ་བ་རྣམས་ཀྱིས་མྱོས་འགྱུར་རྩྭ་ཡི་ཟིལ་པ་ཙམ་ཡང་འཐུང་བར་མི་བྱ་ཞེས་སོགས་གསུངས་པ་དང་། མྱོས་འགྱུར་འཐུང་མཁན་རྣམས་དགེ་འདུན་པའི་གྲས་ནས་བུད་པ་ཨ་ཅང་ཅང་། ནང་པའི་སྡེ་ནས་ཀྱང་བུད་འགྲོ་བར་གསུང་ན། མྱོས་འགྱུར་འཐུང་མཁན་དེ་ཚོ་གདན་ས་ནས་ཅི་ཕྱིར་མ་བསྐྲད་པ་རེད། གྲྭ་འབོར་མང་དགོས་པར་འདོད་པས་ཡིན་ཤས་ཆེ། ཡིན་ནའང་༸རྒྱལ་མཆོག་ཐམས་ཅད་མཁྱེན་པས་ནི། གྲྭ་འབོར་ལས་གྲྭ་པའི་སྤུས་ཚད་གལ་ཆེ་བར་བརྩི་དགོས་པའི་སྐོར་བཀའ་སློབ་སྔ་ཕྱིར་ཕེབས་ཡོད། ཕ་བླ་མའི་བཀའ་དྲིན་སྒྲུབ་པས་འཇལ། །ཞེས་གསུངས་པ་མ་ཡིན་ནམ། ༸གོང་ས་མཆོག་གི་བཀའ་དྲིན་གསབ་ཐབས་ལ་བཀའ་བཞིན་བསྒྲུབས་ནས་གསབ་ཐབས་མི་བྱེད་པར། བཀའ་དྲིན་རྗེས་དྲན་ཞེས་མི་དམངས་མདུན་དུ་༸གོང་ས་མཆོག་གི་བཀའ་དྲིན་དྲན་གསོ་བྱས་པ་ཙམ་གྱིས་སུ་དང་གང་ལའང་མི་ཕན།
གཟུ་བོར་མི་གནས་པའི་དྲ་གྲོགས་ཚོས་ཁ་བརྡུང་གཏང་རྒྱུ་ཡིན་པ་ངས་ཚོད་དཔག་བྱེད་ཐུབ་ཀྱང་། གནས་ཚུལ་འདིའི་རིགས་དྲི་ངན་ས་གཡོག་གི་ཚུལ་དུ་བཞག་ན། གནས་སྟངས་ཐབས་སྐྱོ་རུ་འགྲོ་རྒྱུ་ཉག་གཅིག་ལས་མེད་སྟབས། ལྷག་བསམ་བཟང་པོས་ཀུན་ནས་བསླངས་ཏེ། བློ་སྟོབས་ཆེན་པོས། གོ་འདོད་མེད་པའི་སྐད་ཆ་འདི་བཤད་དགོས་བྱུང་།
དེ་བས་གྲྭ་རྒྱོ་དེ་མང་དུ་འགྲོ་བཞིན་པར་འདུག་པས་དེ་དག་ནི་དམ་བསྒྲགས་དགོས་ངེས་རེད་ཀོ
དཔེ་ཆ་སྐྱོར་ནས་རྒྱལ་བ་རིན་པོ་ཆེར་མགོ་བསྐོར་གཏོང་ཚུལ་དང་བཟི་སྨན་ཟ་ཚུལ་ལས་མི་འདུག་གདའ། ངས་ནི་རྫབ་ཆེན་ཞིག་བཤད་འདུག་དྲན་ནས་ཀློག་དུས་ཧང་སང་ཡ་ཅི་མི་འདུག་་་་་་དེ་ཚོར་ཁྱོད་རང་ལས་ཁྲིམས་བདག་དགེ་བསྐོས་དང་དེའི་ལྷག་འདུལ་བའི་བཅའ་ཁྲིམས་ཀྱིས་རྒྱུན་དུ་བྱ་ར་བྱེད་བཞིན་ཡོད་རེད་དོ།།
་་་་་་་་་་ དགེ་འདུན་པའི་ཁྲོད་ནའང་བཟི་སྨན་སྤྱོད་མཁན་དེ་འདྲ་ཡོང་གི་ཡོད་པའི་སྐད་ཆ་གོ་རྒྱུ་འདུག་གསུངས་པ་དེའི་སྐོར་ཡིན། ་་་་་་ ཟེར།
@ཏྲེ་ཧོར་བྱམས་པ་རིན་ཆེན་ལགས། དེ་རིགས་ཧ་ཅང་རྫབས་ཆེན་དུ་མཐོང་ཡང་། ཁྱེད་ཀྱིས་གསུངས་སྟངས་ལ་བལྟས་ན་དེ་རིགས་རྒྱུན་ལྡན་ལྟར་བྱུང་བཞིན་པ་ཙམ་ལས། ཚོར་བ་དམིགས་བསལ་གང་ཡང་མེད་པ་འདྲ་ཞིག་གསུངས་ཡོང་དུས། སེམས་འཚབ་ཆེ་རུ་འགྲོ་སོང་།
ནོར་བུ་ལགས། སེམས་འཚབ་ཡོད་ན་རྒྱངས་རིང་ནས་ངུར་འབོད་བྱས་པ་ལས་གནས་ཡུལ་རང་ལ་ཕེབས་ནས་ལག་ལེན་ལ་བརྟར་དང་མི་ཆོག་ཟེར་མཁན་སུ་གང་ཡོད་མ་རེད། ཡག་ཤོས་དེ་རེད། འདུལ་ཁྲིམས་ཀྱིས་བརླགས་མི་འཁེལ་སར་ཁྱོད་རང་གིས་དཀའ་མོ་རེད་སྙམ། ཡིན་ནའང་ཚོད་བལྟ་ཅིག་གནང་དང་།
བཟི་རྫས་སྤྱོད་མཁན་དེ་འདྲ་དགོན་པའི་ལས་བྱེད་པས་མཐོང་ན། དེ་འདྲ་དགོན་པ་ལྟ་ཅི། གྲོང་ངམ་གྲོང་ཁྱེར་དུ་བྱེད་ཆོག་པ་མ་ཡིན་ཞེས་གྲྭ་མངས་དང་འདྲེས་མ་འཇུག་པར་སྨན་བཅོས་སའམ་བློ་སེམས་བཅོས་ཡུལ་ས་གནས་སུ་འཇོག་དགོས། དེ་འདྲ་མ་ཡིན་པར་ཤེས་མ་བྱུང་བའི་ཟོལ་བྱེད་ན། དགོན་པའི་ནང་ན་བསམ་བློ་གཏོང་མི་ཤེས་པ་གཞན་དག་མངཔོ་བོད་ལ་སྣ་ཐགས་འཐེན་མཁན་དར་བ་བཞིན་མི་འོང་བའི་གདེང་ཅི་ཡོད་དམ།
ལྷག་བསམ་ནོར་བུ་ལེགས་ཀྱི་བསམ་བློ་དེ་ལྷག་བསམ་ནོར་བུ་རང་རེད་འདུག་གོ །
གནས་ཚུལ་འདི་ཧ་ཅང་ཉེན་ཚབས་ཆེ།