—དགུ་རོང་སྤུན་གྲོལ།
ཉེ་ཆར་ཧྥ་རན་སིར་གནས་སྡོད་བྱས་པའི་ལྗང་བུ་ལ”བོད་ཀྱི་དུས་བབ”དྲ་བའི་གསར་འགོད་པ་དོན་གྲུབ་བཀྲ་ཤིས་ཞུ་པ་ཞིག་གིས་བཅར་འདྲི་བྱས་པའི་སྒྲ་ཕབ་ཡིག་འབྲུ་ཚན་པ་ཞིག་དྲ་ལམ་དུ་འཁྱར་གྱིན་འདུག མདང་ནུབ་ཞིབ་ཀློག་ཅིག་བྱས་དུས་ལྗང་བུས་དེ་སྔོན་ངེད་ལ་བཤད་པའི་སྐད་ཆ་དེ་དང་ཧེ་བག་ཆེན་པོ་བྱུང་ཡོད་པ་གཅིག་དང་། གཉིས་ནས་དོན་གྲུབ་རྒྱལ་གྱི་ལོ་རྒྱུས་འཁྱོག་བཤད་བྱས་ཡོད་བརྟེན། དེའི་ཐད་ནས་ཤན་ཞིག་འབྱེད་དགོས་བསམ་བྱུང་།
ལར། དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ཐད་ནས་གཞན་གྱིས་ཅི་ཞིག་བཤད་ཀྱང་ཤན་འབྱེད་པའི་ཐོབ་ཐང་ངེད་ལ་ཡོད་པ་མ་རེད། རྒྱུ་མཚན་ནི། བརྩམས་ཆོས་ནི་རྩོམ་པ་པོ་དང་ཀློག་པ་པོ་དཔྱད་བརྗོད་པ་གསུམ་གྱི་དབར་གནས་ཀྱི་ཡིག་འབབ་ཤིག་ཡིན་ཙ་ན། དེར་ཟུར་སོ་སོ་ནས་ལྟ་ཚུལ་སྣ་མང་གཙོ་བོར་བཤད་ཆོག་པས་རེད། མི་སྒེར་གྱི་ལོ་རྒྱུས་ནི་དེ་ལས་ལྡོག་སྟེ་སོ་སོའི་ལྟ་ཚུལ་གཙོ་བོར་བཤད་མི་ཆོག གང་ལ་ཞེ་ན། དེ་ནི་དངོས་ཡོད་ཅི་ཞིག་ཡིན་པ་དེ་ལྟར་འབྲི་དགོས་པས་རེད།
དང་པོ། ལྗང་བུས་དོན་གྲུབ་རྒྱལ་ལ་ཆུང་མ་བཞི་ཡོད་པར་བཤད་ཅིང་། ཆུང་མ་དང་པོ་ཧོར་རིགས་ཤིག་དང་གསུམ་པ་རྒྱ་མོ་ཞིག་ཡིན་ཚུལ་བཤད་པར་ཤན་འབྱེད་པ།
དོན་གྲུབ་རྒྱལ་གྱིས་ཁྲིམས་ཐོག་གི་གཉེན་སྒྲིག་ཡི་གེ་ཐེངས་གསུམ་ལ་བླངས་མྱོང་། དང་པོ་དེ། དགུ་རོང་ཕོ་བ་དང་བར་ཐག་རབ་ཏུ་ཉེ་བའི་གྲོང་སྡེ་གདོང་སྟེང་ཞེས་པའི་སྡེ་བ་གང་དེའི་བུ་མོ་ཞིག་རེད། མིང་ལ་ལྕགས་མོ་རྒྱལ་ཟེར་བ་རེད། ད་ལྟ་གཅན་ཚ་རྫོང་ཐོག་ཏུ་ལས་འཁྱུར་ལས་གསོ་བྱས་ཡོད། ཁོ་མོར་བུ་ཞིག་དང་བུ་མོ་ཞིག་ཡོད། ཡིན་ཀྱང་། དོན་གྲུབ་རྒྱལ་གྱི་རྒྱུད་མ་ཡིན། གང་ལྟར། ལྕགས་མོ་རྒྱལ་ནི་སྟོང་སྐོར་ཕྱུག་ལས་སྨན་སློབ་ཁང་ནས་མཐར་ཕྱིན་ཅིང་། རྟིང་སོར་རེབ་གོང་ནས་བླ་བྲང་ལ་འགྲོ་བའི་ལམ་བརྒྱུད་མགར་རྩེ་ཞེས་པའི་ཡུལ་ཚོ་གང་དེར་ཕྱུག་ལས་སྨན་པ་བྱས་འདུག ལྕགས་མོ་རྒྱལ་གྱིས <<སད་ཀྱིས་བཅོམ་པའི་མེ་ཏོག>>ནི་ཁོང་གཉིས་ཀྱི་བརྩེ་དུངས་རྨང་བྲེས་ཏེ་བྲིས་པ་ཞིག་ཡིན་པར་ངོས་འཛིན་བྱེད། དེ་ལྟར་ཡིན་པའི་བཟོ་འདྲ་བོ་ཞིག་ཀྱང་འདུག་སྟེ། སྒྲུང་དེའི་ནང་གི་མི་སྣ་ཚེ་རིང་ནི་སྟོང་སྐོར་ཕྱུག་ལས་སྨན་སློབ་ཁང་གི་སློབ་མ་ཡིན་ལ། ལྷ་སྐྱིད་ནི་ཞིང་གྲོང་གི་བུ་མོ་ཞིག་ཡིན། ལྷ་སྐྱིད་ཚེ་རིང་ལ་བལྟ་རུ་འགྲོ་བའི་ལམ་བར་ནས་བཙན་གཡེམ་བྱས་ཏེ་ཇོ་མོ་ཞིག་དང་སྟབས་འཕྲད་ནས་བླ་བྲང་བྲག་དཀར་ཇོ་དགོན་དུ་ཕྱིན། བྲག་དཀར་དགོན་པ་ནི་རྒན་གྱའི་གཞུང་དུ་ཡོད་ཅིང་དེ་དང་མགར་རྩེ་དང་རྒན་གྱའི་མཚམས་གཉིས་ནི་འདྲེས་ནས་ཡོད། དོན་དངོས་སུ་སྐབས་དེར་ལྕགས་མོ་རྒྱལ་གྱིས་མགར་རྩེ་ཡུལ་ནས་ལས་ཀ་བྱེད་མུས་ཡིན་འདུག
ཁོང་གཉིས་གཉེན་འཐོར་རྒྱག་དགོས་པའི་རྒྱུ་མཚན་དེ་འཐོར་ཡིག་སྟེང་འཁོད་པ་ལྟར་ན། ལྕགས་མོ་རྒྱལ་ལ་མི་གཞན་གྱི་ཕྲུ་གུ་འཁོར་བའི་རྐྱེན་གྱིས་ཡིན་པ་རེད། དེ་ལ་བརྟེན་ནས་ཁོང་གཉིས་ཐོར་འདུག འདི་ནི་དོན་གྲུབ་རྒྱལ་གྱི་ཆུང་མ་དང་པོ་ཐོར་ཚུལ་རགས་བསྡུས་ཤིག་རེད། ལྗང་བུས་དོན་གྲུབ་རྒྱལ་གྱིས་ཧོར་རིགས་ཤིག་ལ་གཉེན་བསྡེབས་ཚུལ་གྱི་བབ་ཅོལ་དེ་ནི་ལྕགས་མོ་རྒྱལ་ལ་འཁྲུལ་ཡོད་པ་འདྲ།
དེའི་རྗེས་ནས་ད་ལྟ་ཨ་མདོ་བརྙན་འཕྲིན་ཁང་དུ་ཡོད་ཅིང་ཕ་ཡུལ་མཚོ་ལྷོ་ནས་ཡིན་པའི་རིན་ཆེན་སྐྱིད་དང་གཉེན་བསྒྲིགས་པ་རེད། གཉེན་བསྒྲིགས་ནས་བུ་མོ་ཞིག་སྐྱེས་ཤིང་། ཡུན་རིང་མ་འགོར་བར་ཚེ་ལས་འདས། དེའི་གཞུག་ནས་བུ་ཞིག་སྐྱེས་ཤིང་མིང་ལ་ཆོས་དར་དུ་འབོད། ད་ལྟ་ཟི་ལིང་དུ་ཀུང་སི་ཞིག་གཉེར་ཡོད། དོན་གྲུབ་རྒྱལ་གྱིས1983/9/25ཁོང་གི་ཁུ་བོ་ཚེ་རིང་བསོད་ནམས་ལ་བསྐུར་བའི་འཕྲིན་ཡིག་ཏུ”རིན་ཆེན་སྐྱིད་དང་ངེད་གཉིས་ལ་བཟའ་སྐལ་མི་འདུག་པས་ད་ལོའི་ཟླ་བཞི་པའི་ནང་ཁ་ཐོར་ཚར། ཆོས་དར་ནི་མ་ལ་དུངས་སེམས་ཆེ་བ་དང་། མ་ཡང་བུ་ལ་འདང་རྩིས་ཆེ་བའི་ཁར། རྩ་ཁྲིམས་ནང་དུ་ཡང་བུ་མ་ལ་སྦྱོར་བའི་གཏན་འབེབས་གནང་ཡོད་པས། ཆོས་དར་མོ་ལ་སྦྱར་བ་ཡིན”ཅེས་འཁོད་འདུག་པར་བལྟས་ན། རིན་ཆེན་སྐྱིད་དང་ཁོང་གཉིས1983ལོའི་ཟླ་བཞི་པར་གཉེན་འཐོར་བྱས་པ་འོ་ཅག་གིས་ཤེས་ཐུབ། ཁོང་གཉིས་ གཉེན་འཐོར་རྒྱག་དགོས་པའི་རྒྱུ་མཚན་གསལ་པོ་ད་དུང་ཤེས་མེད།
ཁོང་གཉིས་གཉེན་འཐོར་མ་བྱས་གོང་ནས་དོན་གྲུབ་རྒྱལ་དང་ཁོང་གི་ཆུང་མ་གསུམ་པར་གྱུར་པ་ཡུམ་སྐྱིད་གཉིས་ཁ་ཐུག་ཡོད་འདུག སྐབས་དེར། ཡུམ་སྐྱིད་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དབྱིན་ཡིག་སྡེ་ཁག་གི་སློབ་མ་ཡིན་པ་དང་། ཁོང་ནི་ཀྲུང་དབྱང་མི་རིགས་སློབ་གླིང་གི་དགེ་རྒན་ཡིན་འདུག དོན་གྲུབ་རྒྱལ་དེ་གའི་དགེ་རྒན་ཡིན་སྒང་དང་རིན་ཆེན་སྐྱིད་དང་བཟའ་ཟླ་ཡིན་སྒང་དུ་རྒྱ་ཧོར་སོག་གསུམ་གྱི་དགའ་རོགས་དུ་མ་ཞིག་བསྒྲིགས་འདུག དོན་གྲུབ་རྒྱལ་ནི་འཆར་ཡན་གྱིས་བཟི་བའི་རྩོམ་པ་པོ་ཞིག་ཡིན་པའི་སྒང་ལ་གཞོན་དུས་སུ་གསར་ཡག་ཅིག་ཀྱང་ཡོད་འདུག ཁོང་གི་དགའ་རོགས་ཁོ་བོས་བརྩད་ཆོད་པ་དག་ཀྱང་མཛེས་མ་རེད་འདུག སྐབས་དེའི་དགའ་རོགས་ཤིག་ད་ལྟར་མཚོ་ལྷོ་ཆབ་ཆ་རུ་ཡོད། དོན་གྲུབ་རྒྱལ་གླེང་དུས་མིག་ནས་མཆི་མ་ངང་གིས་འཐོར་བར་བྱེད། དེར་བལྟས་ན་བག་ཆགས་ཟབ་མོ་བཞག་ཡོད་འདུག སྐབས་དེའི་བར་གླགས་ཤིག་ལ་རིན་ཆེན་སྐྱིད་པེ་ཅིན་ཏུ་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་གླིང་དུ་སློབ་སྦྱོང་ལ་ཕྱིན་ཅིང་། ཁོ་ཚོའི་དགེ་རྒན་ནི་ཁོ་མོའི་ཁྱོ་ག་དོན་གྲུབ་རྒྱལ་སོགས་ཡིན་འདུག ངས་ཚོད་དཔག་བྱས་ན། སྐབས་དེར། རིན་ཆེན་སྐྱིད་ཀྱིས་ཡོ་བའི་ལྟག་རྒྱབ་ཏུ་བཀབ་ཅིང་སྦས་པའི་རང་གི་ཁྱོ་གའི་འཁྲབ་སྟོན་དེ་དག་དངོས་སུ་མཐོང་ཡོད་པ་འདྲ། ཁོང་གཉིས་གཉེན་འཐོར་རྒྱག་པའི་རྒྱུ་གཙོ་བོ་ནི་དེ་ལ་ཐུག་ཡོད་པ་འདྲ།
དོན་གྲུབ་རྒྱལ་མཚོ་ལྷོ་ཆབ་ཆར་མ་ཡོང་གོང་ནས་དགའ་རོགས་སོག་མོ་ཡུམ་སྐྱིད་ལ་མངལ་འཁོར་འདུག དོན་གྲུབ་རྒྱལ་ཆབ་ཆར་ལས་སྤོར་བྱེད་སྒང་དུ་ཡུམ་སྐྱིད་ཀྱང་སློབ་མཐར་ཕྱིན་ཏེ་ཆབ་ཆར་ལས་བགོས་བྱས་འདུག ཆབ་ཆ་ནས་ཁོང་གཉིས་གཉེན་བསྒྲིགས་ཤིང་མངལ་དུ་འཁོར་བའི་ཕྲུ་གུ་དེ་ཡང་ཆབ་ཆར་སྐྱེས། དེ་ནི་བུ་མོ་ཞིག་ཡིན་འདུག དོན་གྲུབ་རྒྱལ་གྱིས་ཁོ་མོའི་མིང་ལ་གངས་ལྷ་སྒྲོལ་མ་ཞེས་བཏགས། རྗེས་སོར། རིམ་གྱིས་ནུབ་བྱང་མི་རིགས་སློབ་ཆེན་དབྱིན་ཡིག་སྡེ་ཁག་ནས་དངོས་གཞི་མཐར་ཕྱིན། ལྷོ་ནུབ་མི་རིགས་སློབ་ཆེན་ནས་ཞིབ་འཇུག་མཐར་ཕྱིན་ཏེ། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དུ་རྒྱུགས་འཕྲོད་ནས་དེ་རུ་བྱ་བ་གཉེར་གྱིན་ཡོད། ད་ལྟར། ལན་གྲུ་སློབ་ཆེན་ནས་འབུམ་རམས་པའི་བསླབ་གནས་གཉེར་བར་གྲ་སྒྲིག་བྱེད་ཀྱིན་ཡོད།
ལྗང་བུས་དོན་གྲུབ་རྒྱལ་གྱིས་དགའ་རོགས་རྒྱ་མོ་ཞིག་ཆུང་མར་བླངས་ཚུལ་དང་བུ་མོ་གངས་ལྷ་སྒྲོལ་མ་ད་ལྟར་ཨ་རི་ན་ཡོད་ཚུལ་གླེང་བ་དེ་གོ་དུས་ང་ཚོ་དགོད་ཤོར་ནས་ཁ་ནང་གི་སོ་ཡང་འཐོར་ལ་ཁད་བྱེད།
གཉིས་པ། ལྗང་བུས་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་ནས་སྲང་ལམ་གྱི་ཅ་ཅོ་ཞིག་བཏུས་ཏེ་ཧྥ་རན་སི་ནས་བདེན་པའི་ཤད་རྒྱངས་ཏེ་བཤད་པར་ཤན་འགྱེད་པ།
ཨ་ཁུ་དམ་ཆོས་ཀྱིས་དོན་གྲུབ་རྒྱལ་གྱི་ཀླད་པའི་ནང་དུ་འཛེར་མ་བརྡབས་ཏེ་བསད་ཚུལ་གླེང་འདུག ལར། ཨ་ཁུ་དམ་ཆོས་ཀྱི་ཨ་མ་དང་དོན་གྲུབ་རྒྱལ་གྱི་ཨ་མའི་ཨ་མ་གཉི་ག་ཕ་གཅིག་མ་གཅིག་གི་སྤུན་རེད་པས། དོན་གྲུབ་རྒྱལ་ནི་ཨ་ཁུ་དམ་ཆོས་ཀྱི་ཡང་ཚ་ཞིག་ཏུ་གྱུར་ཡོད། ཡིན་ཀྱང་། ཁོང་གཉིས་ལྟ་བ་དང་ཁྱིམ་ཚང་གི་ལས་དོན་ཙག་ཙིག་ཐད་ནས་རྩོད་གླེང་མང་པོ་བྱས་མྱོང་འདུག དོན་གྲུབ་རྒྱལ་ཆབ་ཆར་ལོག་དུས་ས་གནས་དེའི་ས་ཆུ་ཚོད་ཀྱི་རི་དྭགས་སུ་གྱུར་ཡོད་པ་ནི་ཨ་ཁུ་བཤད་སྒྲུབ་ཞུ་པའི་སོག་པོ་ཞིག་དང་ཨ་ཁུ་དམ་ཆོས་གཉིས་ཡིན་འདུག དོན་གྲུབ་རྒྱལ་གྱིས་རིག་གནས་དང་ཡོན་ཏན་ཐད་ནས་ཁོང་གཉིས་ལ་གཉའ་སྒུར་སྒུར་དང་ཉྭ་ལྷེམ་ལྷེམ་གྱི་བྲན་གཤིས་མ་མངོན་པས་ཁོ་ཚོའི་དབར་གྱི་འབྲེལ་ལམ་ཡག་པོར་གྱུར་མི་འདུག དེ་དང་རྟེན་འབྱུང་གིས་སྤྱི་ཚོགས་སྟེང་ནས་དོན་གྲུབ་རྒྱལ་ལ་ང་རྒྱལ་ཆེ་ཚུལ་གྱི་ལབ་གླེང་བྱུང་འདུག ལྷག་ཏུ། ཡི་དམ་ཚེ་རིང་གིས་ཀྱང་ཁྱོད་ལ་ང་རྒྱལ་ཆེ་ཚུལ་གོ་རྒྱུ་འདུག་པས་དེ་ཅུང་ལེགས་པོ་མི་འདུག་ཅེས་བཤད་པའི་ལན་ཏུ།
“གྲོང་གསེབ་ནས་འོངས་པའི་བུ་མོ་ཡག་མ་ཞིག་ཡིན་ནའང་ང་མཛེས་མ་ཡིན་སྙམ་པའི་ང་རྒྱལ་ཞིག་ཡོད་པ་རེད་ལ། ཁྱེད་ཅག་རྒན་པ་དག་ལ་མཚོན་ནའང་ང་ཚོ་ལ་ཉམས་མྱོང་ཡོད་སྙམ་པའི་ང་རྒྱལ་ཞིག་ཡོད་པ་རེད། དེ་བས། ང་ལའང་ན་གཞོན་ཡིན་ཡོན་ཏན་ཡོད་སྙམ་པའི་ང་རྒྱལ་ཞིག་ཡོད་ཆོག་པ་མ་ཡིན་ནམ”ཞེས་སྒམ་ཚུགས་དོད་པོས་བཤད།
འདི་ཨ་ཁུ་བན་ཁོར་བཅར་འདྲི་བྱས་པའི་སྒྲ་ལས་བཤུས། སྐབས་དེར་ཁོང་ཉིད་དེ་དག་དང་ལྷན་ཏུ་ཡོད་འདུག ལྗང་བུས་གོང་གི་བཤད་སྟངས་དེའི་ངོ་བོ་བསྒྱུར་ནས་བཤད་འདུག
དོན་གྲུབ་རྒྱལ་གྱི་འཆི་རྐྱེན་ཐད་ནས་མང་པོ་ཞིག་གླེང་གིན་འདུག་ལ། ཡི་གེ་མི་ཤེས་པའི་ངའི་ཕ་ཡུལ་གྱི་ཉེ་འབྲེལ་དག་གིས་ཀྱང་སྲང་ལམ་གྱི་ཅ་ཅོ་འདྲ་མིན་སྣ་ཚོགས་ཤིག་གླེང་གིན་ཡོད་རེད། ཡིན་ཀྱང་། ཁོང་གི་ཁ་ཆེམས་སུ་འཁོད་པ་ལྟར”ངའི་ཤི་རྐྱེན་གསལ་ཐག་ཆོད་པ་ཞིག་ཤེས་དུས། ཁྱེད་ཀྱིས་བདག་གི་གཏན་བྲལ་ལ་རྒྱུ་མཚན་ཆེན་པོ་ཡོད་པར་འདོད་སྲིད”ཅེས”གསལ་ཐག་ཆོད་པ་ཞིག་ཤེས་དུས”ཞེས་འབྱུང་སྲིད་པའི་དུས་ཤིག་ལ་རེ་སྒུག་བྱེད་དོན་ལ་གཞིགས་ན་ཁག་ཅག་གིས་ཁོང་གི་འཆི་རྐྱེན་ཁྱིམ་ཚང་དང་བརྩེ་དུངས་ཀྱི་དཀའ་རྙོག་སྟེང་དཀྲིས་ཏེ་གསལ་ཐག་ཆོད་པ་ཞིག་ཤེས་དཀའ་ཚུལ་ནི་ཁོང་གིས་དེ་དུས་ནས་ཤེས་ཏེ་འཆི་ཁར་བཤད་འདུག་པ་དེ་རེད་ལ། ད་ལྟ་ད་དུང་ཡང་ང་ཚོ་ཁག་ཅིག་སྔར་བཞིན་གནས་པ་དེའོ།། དོན་གྲུབ་རྒྱལ་གྱི་འཆི་ལམ་དེ་ནི་ཁོང་གིས་ཤེས་ནས་བདམས་པ་ཞིག་རེད། དེ་ལྟར་ཡིན་དོན་ཁ་ཆེམས་ཡི་གེར་གསལ་ཡོད། ཁ་ཆེམས་ཡི་གེ་ལ་ཁག་མི་འདྲ་བ་གསུམ་ཡོད། <<རང་གྲོལ་ཞིབ་འཇུག>>འདོན་ཐེངས་གཉིས་པའི་སྟེང་པར་སློག་བརྒྱབ་ནས་བཀོད་ཡོད། རྒྱ་ཡིག་ནས་བསྒྱུར་པའི་འགྱུར་ལ་ཆོས་སྐྱོང་གིས་བསྒྱུར་པ་གཅིག་དང་བྱང་སྐར་གྱིས་བསྒྱུར་པ་གཅིག་སྟེ་མི་འདྲ་བ་གཉིས་ཡོད།
གཞུང་ཕྱོགས་ནས་ཉར་བའི་དོན་གྲུབ་རྒྱལ་གྱི་ཡིག་ཚགས་ཁྲོད་དུ་ཁོང་གི་ཁ་ཆེམས་ཡི་གེ་དེ་དག་ཁང་མིག་གང་དུ་བཞག་པའི་གནས་དང་ཅོག་ཙེ། ད་དུང་ཡི་གེ་དེ་དག་རེ་རེར་པར་བརྒྱབ་ནས་ཉར་ཡོད་ཅིང་། སྐབས་དེའི་མཚོ་ལྷོ་ཁུལ་གོང་ཧོ་རྫོང་རྟོག་ཞིབ་ཅུའུ་ཡིས་ཁོང་གི་ཁང་པའི་ནང་རོལ་དང་དཔེ་སྒྲོམ། ཉལ་ཁྲི། ལྕགས་ཐབ། ལྕགས་རྟ། སྒྲ་སྡུད་འཕྲུལ་འཁོར། ཐང་ལ་གཏོར་བའི་ཐ་མག་རྐང་ཐུར། ཕུང་པོ། གང་དེའི་འཁྲིས་སུ་བཞག་པའི་ཆང་དུམ་ཞིག་བཅས་ནང་དུ་ཅི་ཡོད་སོགས་པར་བརྒྱབ་ནས་ཉར་ཡོད་འདུག ད་དུང་མལ་ཆས་ནང་འཛུལ་བའི་ཁོང་གི་ཕུང་པོ་པར་བརྒྱབ་སྟེ་ངོ་གདོང་གསལ་པོར་བབས་ཡོད་འདུག འགོ་དང་སྣ་ནང་ནས་ཁྲག་ཐོན་པ་སོགས་ཀྱི་བཤད་སྒྲོས་དེ་ནི་རྫུན་རེད་འདུག དེ་འདྲ་ཡེ་ནས་མི་འདུག ཁོང་གི་ཕུང་པོ་ཟི་ལིང་ནས་བསྲེགས་འདུག རུས་ཐལ་ཁྲོད་ནས་ལྕགས་འཛེར་ལྟ་བུ་ཞིག་ཐོན་འདུག དེ་ནི་དོར་མའི་སྐེད་ཆིངས་རྒྱུ་ཆས་གླང་གོ་ཅན་ཞིག་ཡོད་པ་དེའི་སྦྲེལ་འགོ་ལྕགས་ཅན་དེའི་གཟུང་ཐག་གཟེར་བུ་འདྲ་ཞིག་ཡོད་པ་དེ་རེད། ཁོང་གི་ཕུང་པོ་སྨན་ཁང་དུ་འཁྱེར་རྗེས་ཁོང་ཉིད་ཀྱི་ཁང་པའི་ནང་མ་བཞག་པར་སློབ་གྲྭའི་ཁང་པ་ཞིག་ཏུ་བཞག་འདུག དེ་ནས་དོར་མ་སོགས་ཅི་ཡང་བཤུས་མི་འདུག་ལ་བོད་ཀྱི་འགྲོ་སྟངས་ལྟར་གྱི་རོ་ལས་སོགས་ཀྱང་ཅི་ཡང་མ་བྱས་པར་ཟི་ལིང་དུ་འཁྱེར་ནས་བསྲེགས་འདུག དེ་བས། རུས་ཐལ་ནང་ཐོན་པའི་ལྕགས་གཟེར་དེ་ནི་དེ་ལྟར་བྱུང་འདུག ཡིག་ཚགས་དེའི་ཁོངས་སུ་ཁོང་གིས་རང་སྲོག་མ་བཅད་པའི་སྔོན་ལ་སྨན་ཁང་དུ་ཕྱིན་ནས་བརྟག་དཔྱད་གནང་བའི་སྨན་ཁང་གི་བཅད་ཤོག་ཅིག་འདུག་ཀྱང་། དེའི་སྟེང་ཁོང་གི་ཕོ་བ་མི་བཟང་བའི་ནད་རྟགས་བཀོད་ཡོད་པ་ལས་སྙིང་ཁམས་མ་བདེ་བའི་བརྟག་འབྲས་ཤིག་མི་འདུག
ལྗང་བུ་སོགས་ཀྱིས་རང་གི་རྟོག་ཞིབ་ཀྱི་མྱོང་བ་མ་བརྗོད་པར་རྣ་ཐོས་ཀྱི་ཅ་ཅོ་བསྒྲགས་པ་འདི་ཅི་འདྲའི་ཨ་ཙ་མ། ལྗང་བུ་སོགས་ཀྱིས་དོན་གྲུབ་རྒྱལ་གྱི་འཆི་རྐྱེན་དེ་སྒེར་གྱི་གནད་དོན་ཞིག་གི་སྟེང་དུ་ཕར་འདེད་བྱས་པའི་དམིགས་ཡུལ་ག་རེ་ཡིན་ནམ་མི་ཤེས། དོན་གྲུབ་རྒྱལ་གྱིས་རང་གི་འཆི་རྐྱེན་ཁ་ཆེམས་ཡི་གེར་གསལ་པོར་བཤད་ཡོད་པ་འདི་རེད།
“ངས་བསམ་གཞིག་ཡུན་རིང་བཏང་བ་ན། འུ་ཅག་གི་མི་རིགས་འདི་སྔར་བཞིན་བླུན་རྨོངས་དང་རྗེས་ལུས་ཀྱི་ངང་དུ་གནས་ཤིང་། འདིའི་དོན་དུ་བདག་གིས་ཀྱང་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་ཏེ། ཁོ་པ་ཚོར་གོ་རྟོགས་སད་ན་སྙམ་ཡང་། ཕམ་ཁ་ནི་རང་གིས་ཉོ་དགོས་སོང་། དེའི་ཕྱིར། ངས་རང་ཉིད་ཀྱི་ཚེ་སྲོག་གིས་ཁོ་པ་ཚོར་ཐ་ཚིག་བསྒྲག་རྒྱུ་ཡིན།”ཅེས་པ་འདི་ནི་ཁོང་གིས་རང་ཉིད་ཀྱི་འཆི་རྐྱེན་བཤད་པའི་མཐའ་འཇུག་གི་སྐད་ཆ་རེད། མདོར་བཤད་ན། ཁོང་གིས་འོ་ཅག་གི་བློ་འབྱེད་དོན་དུ་རང་སྲོག་བཏང་བ་རེད། ཁོང་གི་འཆི་རྐྱེན་ནི་འོ་ཅག་གི་བློ་འབྱེད་དོན་དུ་རེད། དེའི་ཕྱིར། ཁོང་ཉིད་གཤེགས་ནས་མི་ལོ30འགོར་བའི་2015ལོར་བོད་ཀྱི་གཞོན་སྐྱེས་ཕྱི་རབས་པ་རྣམས་ཀྱིས་ཁོང་ཉིད་བོད་ཀྱི་བློ་འབྱེད་དོན་དུ་ཤེས་བཞིན་དུ་སྐུ་གཤེགས་པར་ངོ་འཕྲོད་པ་རེད། ཁོང་གི་འཆི་རྐྱེན་གསལ་ཐག་ཆོད་པ་ཞིག་ཤེས་བྱུང་བ་རེད། དེ་བས། ཁོང་གི་གཏན་བྲལ་ལ་རྒྱུ་མཚན་ཆེན་པོ་ཡོད་པ་དེར་ཡིད་འཇོག་བྱས་པ་རེད། སྐད་ཆ་གཞན་ཞིག་གིས་བཤད་ན། ད་ལོའི་དོན་གྲུབ་རྒྱལ་གྱི་རྗེས་དྲན་དེ”དོན་གྲུབ་རྒྱལ་གྱི་བསམ་བློའི་ལས་འགུལ”ཞིག་རེད།
ཡིད་སྐྱོ་བ་ཞིག་ལ་ལྗང་བུ་སོགས་ཀྱིས་དོན་གྲུབ་རྒྱལ་གྱི་ཆེམས་སུ་བཞག་སྟེ་རང་གི་འཆི་རྐྱེན་བཤད་པ་དེ་གོ་མ་ཐུབ་པའམ། ཡང་ན། མ་གོ་ཁུལ་བྱས་པ་གང་ལྟར་ཀྱང་ཁོ་ཚོར་དམིགས་ཡུལ་ཞིག་ཡོད་པ་འདྲ། མི་བུ་ཤེས་རབ་ཅན་དང་མི་བུ་དཔའ་གདེང་ཅན་ཞོགས་དུང་སོགས་ཀྱིས་སྔར་ནས་གོ་སྟེ་དོན་གྲུབ་རྒྱལ་ནི་བློ་འབྱེད་བསམ་བློ་པར་བསྔགས། དེ་ལྟར་བསྔགས་དོན་ཡང་ཁོང་གི་འཆི་རྐྱེན་གསལ་ཐག་ཆོད་པ་ཞིག་ཤེས་ཏེ2005ལོར་དཔའ་དར་རིང་མོ་ཞིན་འཐེན་འདུག
ལྗང་བུས་དོན་གྲུབ་རྒྱལ་གྱི་སྙན་ངག”འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག”ཅེས་པའི་ཐད་ཀྱི་སྐད་ཆ་དེ་དག་སྔར་ཟི་ལིང་ནས་ངེད་ལ་བཤད་པ་དང་ཡེ་ནས་མི་འདྲ་བས་ང་ཟི་ལིང་ལ་བསླེབ་མ་ཐག་སྔར་གྱི་ཟིན་ཐོ་བསྔོགས་ཏེ་ཁོང་གིས་ངེད་ལ་བཤད་པ་ཇི་བཞིན་ཡིག་ཐོག་ལ་དབབ་རྒྱུ་ཡིན།
རི་རྒྱབ་ན་རི། མྱི་རྒྱབ་ན་མྱི་ཟེར་བ་རེད། དགུ་རོང་སྤུན་གྲོལ། ལྗང་བུ་ཟེར་བས་ལོག་བཤད་བྱས་རིགས་ལ་ཤན་འབྱེད་དོན་གནས་གནང་སྟེ་འདུག གནས་སྟངས་ངོ་མ་དག་བསྟར་ནས་འདུག
དགུ་རོང་སྤུན་གྲོལ། ཡོན་ཏན་ཆུང་ལ་ང་རྒྱལ་ཆེ་ཟེར་བ་ལྟར། མི་འདི་སྔོན་མ་ནས་རིག་ཚད་ཐོས་ཚད་ལ་དབྱུག་པ་ལེབ་རྡུང་བྱས་ཏེ་སྐྱོན་རྒྱག་མཁན་ཞིག་ཡིན། ལྷག་པར་དུ་བཙན་བྱོལ་ནང་གི་ཤེས་ཡོན་ཅན་ཆེ་ཚད་གྲགས་ཚད་ཚང་མར་རྙེད་བསྐོ་མཁན་ཞིག་ཡིན།
བོད་ནང་གི་ཤེས་ཡོན་པའི་སྡེ་ན་བོང་རྫི་དང་དགུ་རོང་སྤུན་གྲོལ་གཉིས་ལ་ཚང་མ་ཉོབ་ཡོད་པ་རེད།
གང་ན་བོང་རྫི་དང་དགུ་རོང་སྤུན་གྲོལ་ཡོད་ན། དེ་ན་འཁྲུག་རྩོད་དང་འཐབ་འཛིང་ཡོད།
ད་རེས་དགུ་རོང་སྤུན་གྲོལ་གྱིས་སྤེལ་བ་འདི། གསེད་བཀྲོལ་རེད་འདུག ཤན་འབྱེད་རེད་འདུག འཁྲུག་རྩོད་མ་རེད། འཐབ་འཛིང་མ་རེད། ལྗང་བུས་འདི་ལ་ལན་འདི་ཡིན་ཟེར་བ་ཞིག་སྤེལ་རྒྱུ་ཡོད་ན་སྤེལ་དགོས་པ་རེད། དེ་ནས་སུ་བདེན་སུ་རྫུན་གསལ་ཡོང་གི་རེད།
དཔྱད་གཏམ་ལེགས་སོ། བདེན་པར་སྣང་ངོ་།
བལྟས་ཡོང་དུས། བོང་རྫི་དང་དགུ་རོང་གཉིས་ཀས་སུན་པོ་བཟོས་ཡོད་ས་མང་ཚོད་རེད། ཧ་ཧ་ཧ། གང་ལྟར་ཁོང་གཉིས་ལ་ནུས་པ་ཆེན་པོ་ཡོད་པ་འདྲ།
ལྗང་བུས་འཆད་པའི་སྐད་ཆ་ལ་དགུ་རོང་གིས་ཤན་འབྱེད་བྱས་ཁུལ་དང་ཁོང་གིས་གསེད་བཀྲོལ་གཙང་དག་ཡིན་མིན་ལ། ལྗང་བུའི་ཁུངས་ལུང་འགའ་བཤད་ན་ང་ཚོའི་སུ་བདེན་མིན་ཐད་དབྱེ་འབྱེད་ནུས། དེ་མིན་ཁ་མཁས་གང་བྱུང་བྲིས་ཚད་ལ་བཟང་མིན་གང་ཡིན་ར་སྤྲོད་མི་ཐུབ།