རྩོམ་པ་པོ། ཟླ་སྨུག་པོ།
ད་ལམ་ཁོ་བོ་གནས་འདིར་ཡུལ་སྐོར་སྤྲོ་འཁྱམས་ཀྱི་ཟོལ་དུ་འོང་སྟེ་འབྲས་ལྗོངས་སྣོད་བཅུད་གཉིས་ཀར་རྒྱུས་ལོན་ཡིད་ཚིམ་པ་ཞིག་མ་བྱུང་ཡང་། ས་གར་སོང་ཟེར་ན་འདིར་སོང་དང་། ཟས་ཅི་རག་ཟེར་ན་འདི་རག་ཟེར་བ་ཞིག་སྙིང་ཉེ་བའི་ཀློག་པ་པོ་དག་ལ་སྟོན་རྒྱུ་མེད་ན་ཅུང་འོས་འཚམས་མེད་པར་ཚོར་ཏེ། ཡུལ་དེའི་ཟ་ཟུར་ནས་བཏུས་པའི་གནས་ཚུལ་རགས་བསྡུས་ཤིག་ལྷན་རྒྱས་ལ་རྔམ་པ་ཆུང་ཆུང་ཞིག་གི་དོད་དུ་འབུལ་སྙིང་སྤྲོ། རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལ་ནས་སྤྱི་ལེ་༢༠༨༥ མཚམས་སུ་སྦས་ཡུལ་འབྲས་མོ་ལྗོངས་ཞེས་རང་བྱུང་ཁོར་ཡུག་གི་བཀོད་པ་རབ་ཏུ་དང་ཤིན་ཏུ་མཛེས་ཤིང་། ཡུལ་དེའི་འགྲོ་བ་ཡོངས་ཀྱིས་ཁ་མིན་ཞེ་དང་ཞེ་མིན་གཏིང་ནས་གནས་དེར་དག་པའི་ཞིང་ཁམས་ཞེས་མཚན་སྙན་གྱི་ཆོ་ལོ་གསོལ་མྱོང་ཡོད་པར་མ་ཟད། སངས་རྒྱས་གཉིས་པ་པདྨ་ཀ་རས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་མཆོག་ཁྱད་པར་ཅན་ཞིག་ཀྱང་ཡིན་པར་བཞེད་དོ།།
ཡུལ་འདིའི་མིང་ཐོགས་སྟངས། ཡོངས་ཁྱབ་ཀྱིས་གནས་འདིར་སི་ཀེམ་(Sikkim)ཞེས་འབོད་མུས་ཡོད་པ་དེ་ནི་སྤྱི་ལོ་༡༦༤༢ ལོར་ཡུལ་དེའི་རྒྱལ་པོའི་ལམ་ལུགས་སྲོལ་འབྱེད་པ་ཐོག་མ་ཆོས་རྒྱལ་ཕུན་ཚོགས་རྣམ་རྒྱལ་གྱི་ཕོ་བྲང་ལ་བཏགས་པའི་མཚན་ཡིན་པ་དང་། དེ་ཡང་Sikkim ཞེས་པའི་ཐ་སྙད་དེ་སོའུ་ཁེམ་(Sukhyim) ཞེས་པ་ལས་བྱུང་བར་གྲགས་ལ། Su-ཞེས་པ་ནི་གསར་པ་ཞེས་པའི་དོན་དང་། Khyim-ཞེས་པ་ནི་རྒྱལ་པོའི་ཕོ་བྲང་ལ་འགྲེལ་བས་རྒྱལ་པོའི་ཕོ་བྲང་གསར་པ་ཞེས་བཏགས་སྐད་འདུག གནས་དེའི་བྷོ་ཏྲི་ཡ་མི་རིགས་ཀྱིས་འབྲས་རྫོང་(Dezong)ཞེས་འབོད་སྲོལ་འདུག་ལ། སི་ཀེམ་རྒྱུན་ཤེས་(Sikkim General Knowedge) ལོ་དེབ་ལས་ཀྱང་སྦས་ཡུལ་འབྲས་མང་རྫོང་(Beyul Demazong) ཞེས་བྲིས་འདུག་པས། བོད་རྣམས་ཀྱི་ཞལ་ལ་གོམས་པའི་འབྲས་ལྗོངས་ཞེས་པའི་ཐ་སྙད་དེ་གོང་གི་ཡིག་འབྲུ་དེ་གཉིས་ལས་བྱུང་བ་མིན་ནམ་སྙམ།
ད་དུང་ཡུལ་དེའི་མི་རིགས་ཀྱི་ཐོག་མ་ལེབ་ཆའི་(Lepcha)སྐད་དུ་ཡུལ་དེར་ནཱི་མེ་ཨེལ(Nye-mael-el)ཞེས་ཟེར་ཞིང་། དེ་ནི་དག་པའི་ཞིང་ཁམས་ཞེས་པའི་དོན་དུ་འགྲེལ་འདུག་པས། ས་སྒང་རིལ་བོ་འདིར་འཇིག་རྟེན་ཐུན་མོང་གི་ལྟ་བྱར་གྱུར་བའི་དག་ཞིང་ཞིག་ཡོད་སྲིད་ན་གནས་འདི་ལ་ལྷ་ཡི་ཡུལ་དང་དག་པའི་ཞིང་ཞེས་ཞུས་ཀྱང་ཅི་ལ་མི་ཆོག་སྙམ་པ་ཞིག་ཀྱང་བྱུང་།
སྣ་མང་འགྱུར་ལྡོག་གི་ཁྲོད་ཀྱི་སི་ཀེམ། སྤྱི་ལོ་༡༦༤༢ ལོ་ནས་རྒྱལ་ཐོག་དང་པོ་ཕུན་ཚོགས་རྣམ་རྒྱལ་སི་ཀེམ་གྱི་བདག་པོར་བཞེངས་ཏེ། རྒྱལ་རྒྱུད་རིམ་བྱོན་གྱིས་ཕ་ཤུལ་བུས་འཛིན་གྱི་ལམ་སྲོལ་རྒྱུན་བསྐྱངས་ཏེ་དུས་ཡུན་གང་འཚམས་འགོར། སྐབས་དེ་ཤད་དུ་གཡས་གཡོན་གྱི་རྒྱལ་ཁབ་ཁག་གིས་ཡུལ་དེའི་བདག་དབང་ལ་ཐེ་ཇུས་འདྲ་མིན་བྱས་པས་མ་ཚད། སྐབས་འགའ་ཞིག་ཏུ་བོད་པའི་རོགས་རམ་ལ་བརྟེན་ནས་ཕྱིའི་བཙན་འཛུལ་བ་མཐའ་སྐྲོད་བཏང་བའི་དོན་དངོས་ཀྱི་ལོ་རྒྱུས་ཀྱང་བཤད་དུ་ཡོད། དཔེར་ན་སྤྱི་ལོ་༡༧༠༠ལོར་ཆོས་རྒྱལ་མཆོག་གི་སྲང་མོའི་མཚན་སྣེ་རྗེས་འབྲེལ་ཐོག་འབྲུག་པས་སི་ཀེམ་ལ་བཙན་རྒོལ་བྱེད་སྐབས། བོད་དམག་གིས་དཔུང་རོགས་བྱས་ཏེ་འབྲུག་དམག་ཕྱིར་སྐྲོད་བཏང་བ་ལྟ་བུ་རེད།
དེ་བཞིན་དུ་༡༧༡༧ ནས་༡༧༣༣ བར་འབྲུག་དང་བལ་བོས་ཡང་ཡང་སི་ཀེམ་ལ་བཙན་འཛུལ་ཐེངས་མང་བྱས་རབས་འདུག་ཀྱང་། སྤྱི་ལོ་༡༧༩༡ལོར་རྒྱ་དམག་ཚོ་ཁག་ཅིག་སི་ཀེམ་ལ་དཔུང་རོགས་ཏུ་བཏང་སྟེ་ཀོར་དམག་ཕམ་ཉེས་བཏང་བ་དང་དུས་མཚུངས། ཆིང་རྒྱལ་རབས་ཀྱིས་དུས་ཡུན་ངེས་ཅན་ཞིག་ལ་ཡུལ་དེ་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཀྱང་འདུག ད་དུང་དབྱིན་ཇི་བས་དབང་བསྒྱུར་བྱས་པའི་བྱུང་རིམ་རིང་མོ་ཞིག་བཤད་དུ་ཡོད་ཀྱང་རྒྱས་སྤྲོས་མ་བྱས། སྤྱི་ལོ་༡༩༤༧ སྔོན་ཏེ་རྒྱ་གར་དབྱིན་ཇིའི་འོག་ལས་རང་བཙན་མ་ཐོབ་པའི་ཡར་སྔོན་དུ་ཡུལ་འདི་རྒྱལ་པོའི་ལམ་ལུགས་ཀྱིས་བསྐྱངས་པའི་རྒྱལ་ཁབ་བམ། བོད་ཀྱི་བདག་དབང་དུ་གཏོགས་པའི་ས་ཁུལ་དམིགས་བསལ་བ་ཞིག་ཆགས་རབས་འདུག་ཀྱང་། དབྱིན་ཇི་བཙན་འཛུལ་བས་ཡུལ་འདི་སྟོབས་ཤུགས་ཀྱིས་ཆམ་ལ་ཕབ་པ་དང་བསྟུན། སྤྱི་ལོ་༡༩༤༧ ལོ་སྟེ་རྒྱ་གར་རང་བཙན་ཐོབ་རྗེས་ཡུལ་འདི་རྒྱ་གར་གཞུང་གི་དམིགས་བསལ་གྱི་ལྟ་རྟོག་འོག་ཏུ་ཚུད་ཅིང་། སྤྱི་ལོ་༡༩༧༥ལོར་དངོས་སུ་རྒྱ་གར་གྱི་མངའ་སྡེ་ཉེར་གཉིས་པར་བགྲང་བར་གྲགས་སོ།།
ས་ཁྱོན་དང་མི་འབོར་གྱི་གྲངས་ཚད། སི་ཀེམ་ལུང་པ་འདི་ས་ཁྱོན་དང་མི་འབོར་གཉིས་ཀའི་ཐད་ནས་རྒྱ་གར་གྱི་མངའ་སྡེ་ཆུང་ཤོས་ཨང་གཉིས་པ་དེ་ཆགས་ཡོད་པ་ལྟར། མངའ་སྡེ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༧༠༩༦ ཙམ་ལས་མེད་ཅིང་། ལྷོ་ནས་བྱང་དབར་དུ་སྤྱི་ལེ་༡༡༤དང་། ཤར་ནས་ནུབ་དབར་དུ་སྤྱི་ལེ་༦༤ ཙམ་ལས་མེད་སྐད་འདུག མངའ་སྡེ་འདི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་གཞིས་ཆགས་ཏེ་རི་བྲག་གཅོང་གསུམ་གྱིས་ཡུལ་དེའི་གནས་བབས་ངེས་ཅན་བཟུང་ཡོད་པར་བརྟེན། ས་ཁུལ་ཚང་མ་ཡུལ་མི་བྱིངས་ཀྱིས་བཀོལ་སྤྱོད་བྱེད་པའི་གནས་སྟངས་ཆགས་མེད་པ་རེད། ཡིན་ན་ཡང་མི་འབོར་གྱི་གྲངས་ཚད་དང་བསྡུར་ནས་བལྟས་ན་སའི་རྒྱ་ཁྱོན་དེས་ཡུལ་མིའི་གནས་བབ་དང་ཏག་ཏག་ཆགས་བསྡད་པ་ལྟ་བུ་ཞིག་ཀྱང་འདུག་སྟེ། སྤྱི་ལོ་༢༠༡༡ལོའི་སི་ཀེམ་མི་འབོར་ཞིབ་གཤེར་གྱི་སྙན་སྒྲོན་དུ་མི་འབོར་༦༠༧༦༨༨ཡིན་པ་དང་། སྤྱི་ལོ་༢༠༠༡ལོའི་མི་འབོར་དེ་༥༤༠༨༥༡ཡིན་སྟབས། འདས་པའི་མི་ལོ་བཅུའི་ཡུན་ལ་མི་འབོར་བརྒྱ་ཆ་༡༢.༣༦ཙམ་ཡར་འཕརཡོད་རབས་བཤད་ལ། སྐྱེས་པའི་གྲངས་༣༢༡,༦༦༡དང་བུད་མེད་ཀྱི་གྲངས་༢༨༦,༠༢༧ཙམ་ཞེས་བུད་མེད་ལས་སྐྱེས་པ་མང་བའི་སྐད་ཆ་ཡང་འདུག་གོ།
ཤེས་ཡོན་སློབ་སྦྱོང་སྤྱིའི་གནས་བབས། ཡུལ་ལུང་རེ་འགའ་མ་གཏོགས་ས་ཕྱོགས་གང་དུའང་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་གོང་འཕེལ་ཡིན་པ་ལྟར། སྦས་ཡུལ་འབྲས་མོ་ལྗོངས་ཀྱི་ཤེས་ཡིན་གྱི་གནས་ཚད་ཀྱང་ལོ་རེ་ནས་ཡར་རྒྱས་ཡར་དར་ཡིན་པ་བཤད་མ་དགོས་པ་ཞིག་རེད། ལྷག་པར་དུ་བོད་ལྟ་བུའི་ཡིག་རྨོངས་པའི་སྡེ་ཁག་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། སྤྱི་ལོ་༢༠༡༡ལོའི་ཞིབ་གཤེར་ལས་ཤེས་པ་ལྟར་ན་མི་འབོར་གྱི་བརྒྱ་ཆ་༨༢.༩༨ཡིས་ཡི་གེ་འབྲི་ཀློག་ཐུབ་པས་ཡིག་རྨོངས་ལས་སེལ་ཡོད་པར་བཤད་འདུག་པས། འབྲས་ལྗོངས་ཀྱི་ཤེས་ཡོན་གནས་སྟངས་དེ་ལྟོས་འཇོག་གིས་བཤད་ན་གནས་རིམ་མཐོན་པོར་བསླེབས་ཡོད་པ་རེད་ཅེས་བཤད་སྤོབས། དཔེར་ན་དགོན་སྡེ་དང་། ཤེས་ཡོན་དང་འབྲེལ་བའི་ཚོགས་སྡེ(educational institute) སོགས་ཕུད་པའི་གཞུང་སྒེར་གཉིས་ཀྱི་སློབ་གྲྭ་གྲངས་༨༢༩ལྷག་ཅིག་ཡོད་པ་དང་། ཤེས་ཡོན་དང་འབྲེལ་བའི་ཚོགས་སྡེ་གྲངས་བརྒྱད་བརྒྱ་མ་ཟིན་ཙམ་ཡོད་སྐད་འདུག མདོར་ན་འབྲས་ལྗོངས་མི་མང་༣༧༧ཙམ་ལ་ཤེས་ཡོན་སློབ་སྦྱོང་དང་འབྲེལ་བའི་སྡེ་ཚན་རེ་ཐོབ་འདུག་པ་འདིས་ཀྱང་ཡུལ་དེའི་ཤེས་ཡོན་གྱི་གནས་རིམ་གང་འཚམས་སླེབས་ཡོད་པ་མཚོན་ཡོད།
དྲན་གསོའི་ཚུལ་དུ་མཇུག་བསྡུ་བ། སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གནའ་རབས་ད་འབྱུང་མ་ལག་དང་བཅས་པ་གླེང་བའི་ནུས་མཐུ་ང་ལ་མེད་ཅེས་ཐོག་མར་སྐད་ཆའི་འགོ་འཛུགས་དུས་ནས་ཞུས་ཟིན་པ་ལྟར། ཁྱེད་ཀྱིས་ཀྱང་དེ་ལུགས་ཀྱིས་བཀླགས་ཡོད་པའི་ཡིད་ཆེས་ཡོད། རེད་དེ་གོང་གི་རྩོམ་ཡིག་དེ་ཁུངས་ལུང་གཏན་ནས་མེད་པའི་སྲང་ལམ་གྱི་སྐད་ཆ་དག་བསྒྲུགས་ནས་བཤད་པ་མིན་པས། ཁྱེད་ལ་བསམ་བློའི་ས་བོན་གྱི་ཚུལ་དུ་ཕན་ཐོགས་ཕྲན་བུ་རེ་བྱུང་ཡོད་པའི་རེ་བ་ཆེ། ལྷག་པར་ཏུ་གོང་གི་གནས་ཚུལ་རགས་བསྡུས་རྣམས་བོད་རྣམས་ཀྱི་འདས་མ་ད་གསུམ་ལ་སྦྱར་ཏེ་རྒྱུ་ཆ་ཁག་ལས་ཁོལ་བྱུང་བྱས་ཁུལ་ཡིན་པས། གལ་ཏེ་ཁྱེད་ཀྱིས་དེའི་སྔོན་ཡུལ་ལུང་འདིའི་སྐོར་ལ་རྒྱས་ལོན་དེ་ཙམ་བྱས་མེད་ཚེ་རྩོམ་འདི་ཁྱེད་ལ་ལེགས་སྐྱེས་ཆུང་ཆུང་ཞིག་ཏུ་འགྱུར་བའི་ཡིད་ཆེས་ཡོད།།
ཟུར་བལྟའི་དཔེ་ཆ་འགའ།
(1) “SikkimGeneral Knowledge” (2) “Sikkim History” (3) “History Culture And Custom Of Sikkim ” (4) “Economic History And Development” (5) “Sikkim-A Guide
ད་ལམ་ཞེས་པ་འདི་མཁས་པ་རྣམས་ཀྱིས་ཀྱང་། ད་ལན་ཞེས་པའི་དོན་དུ་བྲིས་པ་མཐོང་བས།་
་
དལ་འབྱོར་གྱི་མི་ལུས་འདི།
ད་ལན་ཙམ་ཐོབ་པ་ཡིན།
་
ཞེས་རྫོང་སྲས་སྐུ་གོང་མས་མཛད་པ་ཡིན་འདུག
ལྷན་རྒྱས་ལ་རྔམ་པ་ཆུང་ཆུང་ཞིག་
འདི།
ལྷན་རྒྱས་ལ་རྔན་པ་ཆུང་ཆུང་ཞིག་
་་་་་་་་་་ དེ་ཡང་Sikkim ཞེས་པའི་ཐ་སྙད་དེ་སོའུ་ཁེམ་(Sukhyim) ཞེས་པ་ལས་བྱུང་བར་གྲགས་ལ། Su-ཞེས་པ་ནི་གསར་པ་ཞེས་པའི་དོན་དང་། Khyim-ཞེས་པ་ནི་རྒྱལ་པོའི་ཕོ་བྲང་ལ་འགྲེལ་བས་རྒྱལ་པོའི་ཕོ་བྲང་གསར་པ་ཞེས་བཏགས་སྐད་འདུག ་་་་་་་་
རྩོམ་པ་པོར་ཐུགས་རྗེ་ཆེ་ཞུ།
་ཚང་བར་ཀློག་མ་ཐུབ་པས་རྗེས་སུ་ཞིབ་ཏུ་བཀླགས་ཏེ་བཀའ་འདྲི་ཞུ་ཆོག་པ་ཞུ།
ཀརྡོ་གཉེར་ཕྱག་པ་མཆོག་གིས་བཀོད་པ་ལས་གོ་བ་ལེགས་པ་ཞིག་བྱུང་། Sikkim ཞེས་པའི་མིང་ཚིག་བོད་སྐད་མི་ཤེས་པ་དག་གིས་བཀོལ་པ་དོན་དག་ཅི་ཡིན་པ་མ་ཤེས། ད་ལན་ཞིབ་པར་དཔྱད་ན། སོ་མའི་ཁྱིམ། ཞེས་པ་གྱུར་ནས་དེ་ལྟར་མིང་ཆགས་པ་ཡིན་འདུག འདི་ལ་འཐད་ལྡན་གྱི་རྩོད་པ་ཡོད་ན། བོད་ཀྱི་སྒྲ་རིག་པ་ལ་ཕན་ནོ།
ཟླ་སྨུག་པོ་མཆོག་གིས་ལེགས་པར་བྲིས་པར་དགའ་བསུ་ཞུ།
པདྨ་ཀ་ར། ཞེས་པ་བོད་སྒྲ་མ་ཡིན་པས་ནོར་པ་ལ་བོད་སྐད་ལ་གནོད་སྐྱོན་མེད། འོན་ཀྱང་དག་པར་འབྲི་ན། པདྨཱ་ཀ་ར། ཡིན་དགོས། དེ་ཡང་པདྨ་དང་ཨཱ་ཀ་ར། ཞེས་པ་འབྱུང་གནས་ཏེ། པདྨའི་སྲོག་གི་ཨ་ཐུང་ངུ་དང་ཨཱ་རིང་པོ་གཉིས་མཚམས་སྦྱོར་ན། པདྨཱ་ཀ་ར། ཞེས་སོ།
བྷོ་ཏྲི་ཡ། ཞེས་པ་དག་པར་འབྲི་ན། བྷོ་ཊཱི་ཡ། ཞེས་སོ།
ལེབ་ཆའི་(Lepcha) ཞེས་པའི་སྒྲ་བཤད་མ་ཤེས། འབྲས་ལྗོངས་ཀྱི་བོད་རིགས་དག་གིས་བོད་་སྒྲ་དག་གནའ་བོའི་སྒྲ་གདངས་སུ་འབོད། དཔེར་ན། འབྲི་ལྟ་བུ་ལ་འབ྄རི། ཞེས་པ་དངོས་སུ་ཐོས། བ་ཡིག་བ་ཡིག་སྲོག་མེད་པས་ཟུག་འཐོན་པ་ཙམ་དུ་ཀློག
ཉེ་དུས་བར་དུ་འབྲས་ལྗོངས་བོད་རིགས་རྒྱལ་པོས་སྐྱོང་ཡང་། བལ་ཡུལ་ནས་འོངས་པའི་བལ་རིགས་ཕྱི་རོལ་པ་མི་གྲངས་མང་བས་རྒྱ་གར་གྱིས་སྐྱོང་དགོས་བྱུང་ངོ་།
Sikkim གྱི་མིང་དེ་བོད་སྐད་ཡིན་པ་དང་། དེ་ཡང་འབྲས་ལྗོངས་ཡུལ་སྐད་དུ། སོ་འུ་ཁེམ་དང་། དེ་དང་ཉེ་བ་ལ་དྭགས་པའི་ཡུལ་སྐད་དུ་སོ་མའི་ཁྱིམ། དང་། བོད་རིགས་སྤྱི་སྐད་དུ། གསར་བཟོའི་ཁྱིམ་ཁང་ངམ། དོན་འགྱུར་བྱས་ན། ཕོ་བྲང་གསར་པ་ཞེས་པའི་དོན་དུ་ཡིན་པ་འདྲ།
འབྲས་ལྗོངས་ཀྱང་སྔ་དུས་སུ་བོན་ཁམས་གཙང་མ་ཞིག་རེད། དེང་གི་ཆར་ཡང་བོན་ལུགས་འཛིན་པ་མང་བར་གྲགས། ལྷག་པར་དུ་ཡུལ་འདིའི་རིགས་རུས་མཐོ་ཤོས་དེ་ལ་་་བོན་པོ་་་ཟེར། བོན་པོའི་རིགས་རུས་ཡིན་ན་ཡུལ་འདིར་ཆང་ས་རྒྱག་མཁན་ལ་དཀའ་ངལ་མེད། མི་མང་ཆེ་བས་བོན་པོའི་རིགས་རུས་འཚོལ་བར་གྲགས། ཡུལ་འདི་ནས་འཁྲུངས་པའི་རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་་་འབྲས་ནི་འབྲས་ལྗོངས་པ་་་ཡང་རིགས་རུས་བོན་པོ་རེད། འབྲས་ལྗོངས་སུ་སྔ་མའི་བོན་ལུགས་ཀྱི་་་བྱིས་པ་བཙས་མ་ཐག་གཏོ་ཆོག་་་ཐུན་མིན་ཞིག་བྱེད་རྒྱུ་ཡོད་པའི་ལམ་ལུགས་དེ་དེང་སང་ཡང་བསྡད་ཡོད་རབས་ཐོས་འདི་ཚོར་ཚང་མས་ཞིབ་དཔྱོད་གནང་རོགས། །
སྦོ་ལི་ཝུཌ་ གློག་བརྙན་ཁྲབ་སྟོན་པ། དེ་ནི་འབྲས་ལྗོངས་པའི་ནང་མིའི་པར།
https://www.google.hu/search?q=danny+denzongpa+family&tbm=isch&imgil=EuHLgmQDaWjVCM%253A%253BrU9Yp8HbeBtNKM%253Bhttp%25253A%25252F%25252Fwww.mungpoo.org%25252F2011%25252F05%25252Flook-at-family-behind-famous-star-danny.html&source=iu&pf=m&fir=EuHLgmQDaWjVCM%253A%252CrU9Yp8HbeBtNKM%252C_&usg=__ILKtjrNNKK9Hlp8Wq3iriFu4_mw%3D&biw=1111&bih=498&ved=0ahUKEwicmuuqi5PLAhWEJ5oKHXWCBnkQyjcIMA&ei=uArPVpzeMoTP6AT1hJrIBw#imgrc=w1kj-DV6WJOMSM%3A