སེར་ཤུལ་རིན་ཆེན་དོན་གྲུབ།
ཁུ་བྱུག་གྲག་པའི་ནམ་ཚོད་ཅིག་ལ།།
ཁྭ་ཏ་ནག་ཆུང་ཀུ་ཅོ་འདོན་འདུག །
སྐད་ནི་འཇམ་པར་ཚོད་ཅིག་མེད་མོད།།
དུས་ཀྱི་སྤྱོད་ཚུལ་སོལ་ལ་མཚུངས་ཨང་།།
མང་གཙོའི་རང་དབང་གསེར་གྱི་གླིང་བུ།།
སྙན་པས་སྒྲོག་པ་རྦད་ཀྱིས་བཅད་དེ།།
ཕྱོགས་དང་རིས་ཀྱི་ཁ་ཡིས་འབུད་ནས།།
རྣ་བའི་རྒྱལ་མོ་སུན་པར་སྐུལ་སོང་།།
གནས་ལུགས་གཏན་ཚིགས་བཀྱེ་བའི་དོད་ལ།།
ལོག་བཤད་དཔུང་སྒྲིག་ཚུལ་ལ་སྙེག་པ།།
བཀའ་གསུང་ཐོད་བཀུར་སྒྲོག་མཁན་ཡིན་པས།།
ད་ནི་འཁྲབ་སྟོན་ཙམ་ལ་ངེས་སོ།།
རྩ་དོན་ཚིག་རིས་འབོད་ཚིག་བྱས་ཤིང་།།
བཀའ་དགོངས་གསེར་ནག་ཚུལ་མིན་སྤྱོད་བཞིན།།
ཡོད་ཚད་གཞན་ཞིག་ཕམ་ཆེད་འབུངས་པ།།
བསམ་པའི་ཡུལ་ལས་འགོང་བར་བྱས་སོ།།
ཆོལ་ཁའི་རྒྱབ་ལ་ཆོལ་ཁ་ལངས་ཤིང་།།
བཀའ་རྒྱའི་སྒང་ལ་བཀའ་རྒྱ་ཕབ་སྟེ།།
སྒྲོ་སྐུར་ཐོག་ལ་སྒྲོ་སྐུར་བསྣན་ནས།།
མང་གཙོའི་རྒྱུད་རིམ་རིས་ཀྱིས་བརྫད་སོང་།།
སེང་གེའི་ཟིལ་ལ་བདེན་པས་མ་གནོན།།
ལེགས་པའི་བྱས་ལ་ནུས་པས་མ་འགྲན།།
རྫུན་གྱི་རྒྱབ་ལ་རྫུན་གྱིས་འགྲེལ་ནས།།
རྒྱུད་ལམ་ཡོངས་ལ་ནག་རྩིས་བྱུགས་སོ།།
རྣམ་དཔྱོད་ལྡན་པའི་མི་མང་ཕལ་ཆེར།།
ལེགས་ཉེས་འབྱེད་ལ་སྤོབས་པས་བཟི་འདུག །
རྫུན་པའི་དྲིིལ་སྒྲོག་ཁྲོམ་ལ་བཀྲམས་ཀྱང་།།
དང་བས་ལེན་མཁན་གཅིག་རེ་གཉིས་རེ།།
རེབ་འདིའི་ནག་ཉེས་རི་མོ་འབྲི་མཁན།།
ཚོགས་པའི་མགོ་འཛིན་རེ་ཟུང་རེ་ཟུང་།།
དམངས་ལ་ལྡན་པའི་རྣམ་དཔྱོད་བློ་ཡིས།།
རྐུན་མ་ཉིན་མོའི་ཁྲོམ་ལ་བཤམས་སོང་།།
འདིའི་ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོ་དང་འབྲེལ་ཚོགས་པ་དང་མི་སྒེར་རེ་ཟུང་གི་མ་འོས་པའི་སྤྱོད་ཚུལ་ལ་བལྟས་ཏེ་ ༢༠༡༦/༢/༢༤/ ཉིན་ཟ་ཁང་ཞིག་ཏུ་བྲིས།
མཉམ་མཉམ་འགྲན་འདོད་བསམ་ངན་འཆང་བ་དང་།།
ཕྱོགས་ཕྱོགས་ཆགས་སྡང་རུས་ཞེན་འཐེན་པ་ཡང་།།
རང་རང་སྡུག་བསྔལ་རྒྱུ་རུ་མི་འདུག་གམ།།
ཡང་ཡང་ལེགས་པར་སོམས་དང་ཤེས་ལྡན་རྣམས།།།
——ཤར་ཙོང་ཁ་བས།