–ཚེ་བརྟན་བཀྲ་ཤིས་ཀྱིས་བསྒྱུར།
ང་ཚོ་མང་ཆེ་བས་ས་རྡུལ་ནི་ང་ཚོ་ལ་གནོད་པ་སྐྱེལ་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ནའང་དེ་ནི་ས་རྡུལ་གྱི་ཕྱོགས་གཅིག་ཁོ་ན་ལ་ལྟ་བའི་བསམ་ཚུལ་རེད། ས་རྡུལ་ནི་ང་ཚོ་ལ་བེད་སྤྱོད་ཆེན་པོ་ཡོད། འོན་ཀྱང་ས་རྡུལ་བེད་སྤྱོད་ཡོད་པའི་ཕྱོགས་ལ་རྟགས་དཔྱད་མ་བྱས་པའི་སྔོན་དུ་ང་ཚོས་ས་རྡུལ་ནི་ཅི་ཞིག་ཡིན་པ་དང་དེ་ཇི་ལྟར་གྲུབ་པར་འཚོལ་ཞིབ་བྱེད། སྲ་གཟུགས་ཀྱི་དངོས་བོ་ཡོད་ཚད་ཆ་ཤས་མང་པོས་གྲུབ་པ་ཡིན་པས་དངོས་པོ་ཞིག་ཐོར་འཇིགས་བྱེད་བའི་སྐབས་སུ་དངོས་པོ་དེའི་ཆ་ཤས་རྣམས་སོ་སོར་ཐོར་འགྲོ་ལ། ཆ་ཤས་དེ་དག་ཀྱང་ས་རྡུལ་གྱི་ཆ་ཤས་ཆུང་ཆུང་དུ་མས་གྲུབ་པ་ཞིག་ཡིན།
དཔེར་ན། གལ་སྲིད་ང་ཚོས་ས་ཕག་ཅིག་བཅག་པར་ཆ་བཞག་ན། ས་ཕག་དེ་ནི་ས་རྡུལ་ཆ་ཤས་ཀྱིས་བསྐྱེད་པའི་ཆ་ཤས་ཆུང་ཆུང་མང་པོ་ཞིག་ཏུ་འགྱུར་གྱི་ཡོད་པ་ལྟ་བུ་རེད། མེ་སྦར་ནས་དུ་བ་སྐྱེད་བྱེད་ཀྱི་རྡོ་སོལ། ཤིང་། ས་སྣུམ་སོགས་ཀྱིས་ས་རྡུལ་སྐྱེད་ཀྱི་ཡོད་པ་མ་ཟད། རྩི་ཤིང་སྐམ་པོ། སེམས་ཅན་གྱི་བེམ་པོ། རྒྱ་མཚོའི་ཚྭ། བྱེ་ཐང་གི་བྱེ་མ།མེ་རིའི་ཐ་ལ་སོགས་ཀྱིས་ཀྱང་ས་རྡུལ་ཆ་ཤས་དག་སྐྱེད་ཀྱི་ཡོད་པས། ས་རྡུལ་ལ་གྲུབ་སྟངས་མི་འདྲ་བ་མང་པོ་ཡོད་པ་རེད། ས་རྡུལ་ཆ་ཤས་དེ་དག་རླུང་དང་བསྲེས་ནས་ས་ཕྱོགས་གཅིག་ནས་ས་ཕྱོགས་གཞན་དུ་བསྐྱོད་ཀྱི་ཡོད།
རྒྱུ་མཚན་དེ་ལ་བརྟེན་ནས། སའི་གོ་ལའི་ཕྱི་ངོས་སུ་ས་རྡུལ་ལས་གྲུབ་པའི་ཆ་ཤས་ཆུང་ཆུང་དག་བར་སྣང་དུ་འཕུར་གྱི་ཡོད། ས་རྡུལ་གྱིས་ཇི་ལྟར་ཆར་བ་འབབ་པར་རོགས་བྱེད་པ་ཁྱེད་ཀྱིས་ཤེས་ཡོད་དམ། སྤྲིན་ནང་དུ་ཡོད་པའི་ཆུའི་རླངས་པ་ས་རྡུལ་ཆ་ཤས་ཀྱི་སྟེང་དུ་ཆུ་ཐིགས་ཀྱི་ངོར་འགྱུར་གྱི་ཡོད་ལ། ཆུ་ཐིགས་དེ་དག་སའི་གོ་ལའི་སྟེང་དུ་མར་བབ་པ་ན་ང་ཚོས་ཆར་བ་རུ་ངོས་འཛིན་བྱེད་ཀྱི་ཡོད་པས། ས་རྡུལ་ཆ་ཤས་དག་མེད་ན་ཆར་བ་འབབ་པ་ཧ་ཅང་དཀོོན་པོ་ཆགས་ཡོད། དེ་བཞིན་སའི་གོ་ལའི་རླུང་ཁམས་ན་ཡོད་པའི་ས་རྡུལ་ལ་བརྟེན་ནས་ན་བུན་དང་སྨུག་པ་ཡང་གྲུབ་གྱི་ཡོད་པས་། ས་རྡུལ་མེད་ན་དེ་དག་ཀྱང་གྲུབ་མི་ཐུབ་པ་རེད།
སའི་གོ་ལའི་རླུང་ཁམས་ན་ཡོད་པའི་ས་རྡུལ་ཆ་ཤས་དག་གིས་ཉི་འོད་ཕྱོགས་བཞི་མཚམས་བརྒྱད་དུ་གཏོར་བར་བྱེད། ཆོས་ཉིད་དེས་ཕྱི་དྲོ་ཉི་མ་ནུབ་རྗེས་སུ་ཆུ་ཚོད་གཅིག་གཉིས་ཙམ་རིང་ཉི་འོད་ཡོད་པ་ཡིན། ཉི་མ་འཆར་ནུབ་ཀྱི་སྐབས་སུ་ཡིད་དུ་འོང་པའི་མཚམས་སྤྲིན་མཐོང་ཐུབ་པ་ཡང་ས་རྡུལ་ཆ་ཤས་དང་ཆུ་རླངས་བར་སྣང་དུ་ཡོད་པས་རེད།
ས་རྡུལ་ཆ་ཤས་ཀྱིས་གཏོར་བའི་འོད་སྣང་ཡོད་པས་ཉི་མ་ནུབ་མ་ཐག་ཏུ་སྣང་ངོར་མཛེས་པའི་ཉི་མའི་འོད་མདངས་དེ་ང་ཚོས་གཞན་ལ་སྟོན་ཐུབ། རྒྱུ་མཚན་འདི་དག་ལ་བརྟེན་ནས། ང་ཚོས་ནམ་རྒྱུན་གནོད་པ་སྐྱེལ་པར་ངོས་འཛིན་བྱེད་པའི་ས་རྡུལ་ནི་དོན་དངོས་སུ་ཧ་ཅང་དགོས་གལ་ཆེན་པོ་ཡིན།
Dust- ས་རྡུལ།
Dust particle- ས་རྡུལ་ཆ་ཤས།
Particle- ཆ་ཤས། Fog- སྨུག་པ།
Mist- ན་བུན།
Solid substance- སྲ་གཟུགས།
Disintegrate- ཐོར་འཇིགས།
Watervapour- ཆུ་རླངས།