་་་་་སྦྲ་རིགས་པ་ཐོགས་མེད།
ཆེ་ཚུགས་སྦམ་རྫུ་བྲལ་བའི་འབྲོག་གཤིས་དང་།།
གསལ་དག་སྙན་གསུམ་འཛོམས་པའི་གླུ་སྐད་ཀྱིས།།
མཐོ་སྒང་སྒྱུ་རྩལ་གསོན་པོར་སྐྲུན་མཁན་ཁྱེད།།
རྒྱུད་དྲུག་པི་ལྦང་བཞག་ནས་གང་དུ་ཕེབས།།
འབྲོག་པའི་རྩྭ་ཐང་རོང་པའི་ཞིང་ཁ་དང་།།
དགོན་པའི་ཆོས་ར་སློབ་གྲྭའི་འཛིན་ཁང་སོགས།།
གླུ་སྐད་ཁྲོད་ནས་གཅིག་ཏུ་སྦྲེལ་མཁན་ཞིག།
ཁྱེད་ཉིད་མ་གཏོགས་བོད་ན་མེད་ཅེས་ཐོས།།
ཁྱེད་ཀྱི་དབྱངས་རྟ་རྐུ་མཁན་གླུ་བ་དང་།།
ཁྱེད་ཀྱི་མཚན་ཉན་བཀོལ་མཁན་མཁན་སྤྲུལ་སོགས།།
ཁྱེད་ལ་བརྟེན་ནས་མཚན་སྙན་རྒྱས་མཁན་མང་།།
ཁྱེད་ཀྱི་ངག་འདི་དགོས་འདོད་ཀུན་འབྱུང་འདྲ།།
ང་ཚོ་ཁྱེད་ཀྱི་གླུ་སྐད་ཁྲོད་ནས་སྐྱེས།།
ང་ཚོ་ཁྱེད་ཀྱི་གླུ་སྐད་ཁྲོད་ནས་དར།།
ཁྱེད་ཀྱི་གླུ་སྐད་ང་ཚོའི་ལང་ཚོ་ཡིན།།
ལང་ཚོ་འདི་ལས་ང་ཚོས་ཁྱེད་ཉིད་རྙེད།།
གཞིས་ཀྱི་སྡུག་བསྔལ་ཁྱེད་ཀྱི་གླུ་ཡིས་གླེང་།།
བྱེས་ཀྱི་དྲན་གདུང་ཁྱེད་ཀྱི་གླུ་ཡིས་གསོས།།
རི་ཆུ་སྟོང་གིས་ཆོད་པའི་གཞིས་བྱེས་གཉིས།།
འདི་ལྟར་ཁྱེད་ཀྱི་གླུ་སྐད་ཁྲོད་ནས་འཛོམས།།
བོད་ཀྱི་དེང་རབས་སྒྱུ་རྩལ་གྱི་རྒྱལ་བོ་བདུད་བྷེ་ལགས་སྐུ་གཤེགས་པ་ཐོས་རྗེས་ནུབ་ཕྱོགས་ཀྱི་སློབ་གླིང་ག་གེ་མོ་ཞིག་ཏུ་ཤར་མར་བྲིས།་་
གཤིན་པོར་བསྔོ་བ་དང་ནང་མིར་གདུང་སེམས་ཡོད།