སྨན་གྱི་རྡོ་རྗེ།
རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཁང་ནི་སྨན་པ་ཉི་ཟླས་སྤྱི་ལོ་༢༠༠༦ ལོར་ཡོ་རོབ་གླིང་དུ་བཙུགས་པ་དང་། དེང་སྐབས་རྒྱལ་ཁབ་བཞི་བཅུ་ལྷག་ལ་བོད་ཀྱི་གསོ་རིག་ཁང་གི་ཡན་ལག་ཆགས་ཡོད། དེ་ལས་བལ་ཡུལ་རྒྱལ་སྤྱིའི་གསོ་རིག་ཁང་ (Sorig Khang International Nepal ) གིས་སྤྱི་ལོ་༢༠༡༦ ལོའི་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་རྒྱལ་སྤྱིའི་གསོ་རིག་གཙུག་ལག་མཐོ་སློབ་ (Sowa Rigpa International Collage ) སྒོ་འབྱེད་བྱས། དེ་ནི་བལ་ཡུལ་རྒྱལ་ཁབ་གྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པ་བཞིན། ལུམ་བུ་ནི་ནང་པའི་སློབ་གྲྭ་ཆེན་མོའི་Lumbini Buddhist University ཡན་ལག་གི་བོད་ལུགས་གསོ་རིག་གི་མཐོ་སློབ་ནམ་གསོ་རིག་སློབ་གླིང་དང་པོ་ཡིན་པ་དང་། བོད་ཀྱི་གསོ་རིག་མཐོ་སློབ་ལག་ཁྱེར་Bachelors degree བལ་ཡུལ་གཞུང་གིས་གནང་རྒྱུ་ཡིན་པས། བལ་ཡུལ་གྱི་ལོ་རྒྱུས་སྟེང་གི་ཁྲིམས་མཐུན་ཁས་ལེན་བྱས་པའི་གསོ་རིག་སློབ་གླིང་ཐོག་མ་ཡིན་པ་དང་། འདི་ནི་མ་འོངས་པར་བོད་ལུགས་གསོ་རིག་བལ་ཡུལ་རྒྱལ་ཡོངས་ལ་ཁྲིམས་མཐུན་གྱིས་དར་སྤེལ་བྱེད་སའི་གཞི་ཡིན་པས་མ་ཟད། བལ་ཡུལ་གྱི་མཐོ་སློབ་ལག་ཁྱེར་ཁས་ལེན་བྱེད་པའི་རྒྱལ་ཁབ་གཞན་དག་གི་ཁྲིམས་ལའང་མཐུན་པ་ཡིན་ནོ།།
བལ་ཡུལ་གཞུང་གི་རྩ་ཁྲིམས་བཞིན་སློབ་གླིང་འདི་རུ་དབྱིན་སྐད་དང་ནེ་པལ་སྐད་དང་བོད་སྐད་བཅས་སྐད་ཡིག་གསུམ་གྱི་སློབ་ཁྲིད་དང་། མཐོ་སློབ་འདིར་ལོ་ཕྱེད་དང་དྲུག་རིང་གི་གསོ་རིག་གཞུང་ལུགས་སློབ་སྦྱོང་དང་ནད་ཐོག་ལག་ལེན་ཟབ་སྦྱོང་བྱེད་རྒྱུ་དང་། སློབ་གླིང་འདིར་ཞུགས་རྒྱུར་བལ་ཡུལ་གྱི་འཛིན་གྲྭ་བཅུ་གཉིས་ཐོན་པའི་གཞུང་གི་སློབ་གྲྭའི་སློབ་ཐོན་ལག་འཁྱེར་ཐོབ་ཐང་ཡོད་དགོས་པ་དང་། སྐད་ཡིག་གསུམ་གྱི་རྨང་གཞི་དང་ཚན་རིག་ཤེས་བྱའི་རྨང་གཞིའི་ཡིག་རྒྱུགས་ལེན་རྒྱུ་དང་། ལོ་རེར་སློབ་མ་སུམ་བཅུ་ཙམ་བསྡུ་ཆོག་པའི་ཆོག་མཆན་ཐོབ་ཡོད། སློབ་གཉེར་གྱི་གཙོ་བོ་ནི་གསོ་རིག་རྒྱུད་བཞི་དང་དེའི་འགྲེལ་བ་མེས་ཞལ་དང་བེ་སྔོན་སོགས་ཀྱི་རྨང་གཞི་བྱས་པའི་སྟེང་། སྨན་དཔྱད་ཟླ་བའི་རྒྱལ་པོ་དང་ཀོང་སྤྲུལ་ཟིན་ཏིག་སོགས་བོད་ཀྱི་སྨན་གཞུང་ཚད་ལྡན་ཁག་དང་། དེ་མིན་དེང་རབས་གསོ་རིག་གི་རོ་བཀྲ་དང་ནད་ཁམས་རིག་པ་སོགས་རྨང་གཞི་མེད་ཐབས་མེད་པ་འགའ་དང་། ས་ཁུལ་སྐྱེ་དངོས་དང་སྨན་རྩྭ་སློབ་གཉེར་བཅས་ཁྱོན་བསྡོམས་ལོ་ལྔ་དང་ཕྱེད་ཀའི་སློབ་ཁྲིད་གོ་སྒྲིག་ཡོད་ལ། དམིགས་བསལ་གྱི་ཆེད་ལས་མཁས་པ་གདན་འདྲེན་གྱིས་བོད་ཀྱི་གསོ་བ་རིག་པ་དང་གཞན་བལ་ཡུལ་གྱི་སྐྱེ་དངོས་རིག་པ་སོགས་ཀྱི་དམིགས་བསལ་གྱི་སློབ་ཁྲིད་དང་། བོད་ཀྱི་ནང་ཆོས་གཙོ་བྱས་པའི་གཡུ་ཐོག་སྙིང་ཐིག་གི་ཁྲིད་དང་སྨན་སྒྲུབ་དང་། ནད་ཐོག་ལག་ལེན་དང་གཞུང་ལུགས་ཀྱི་ཞིབ་འཇུག་འཆར་གཞིའང་མི་དམན་པ་ཡོད་ལ། གཞན་ཡང་རྒྱལ་ཁབ་ཕྱི་ནང་གི་སློབ་མ་རྣམས་ལ་བོད་སྨན་དང་བོད་ཀྱི་དཔྱད་བཅོས་བསྐུ་མཉེ་དང་དུགས་ལུམས་སོགས་ཀྱི་ཟབ་སྦྱོང་སྣ་མང་བྱ་རྒྱུ་ཡིན་ནོ།།
གསོ་རིག་ཁང་དང་མཐོ་སློབ་གྱི་མི་སྣ་ཁག་ནི། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཁང་གི་ཚོགས་གཙོ་ནི་བོད་སྨན་པ་ཉི་ཟླ་ལྕེ་ནག་ཚང་དང་ཕྱི་ལུགས་སྨན་པ་ཏམ་ལྷ་མོ་Dr.Tam Nguen གཉིས་ཡིན་པ་དང་། བལ་ཡུལ་གསོ་རིག་ཁང་གི་ཚོགས་གཙོ་ནི་སྐུ་ཞབས་ར་ཇི་Raj Kumar Shreshta དང་། གསོ་རིག་མཐོ་སློབ་གྱི་འགན་འཛིན་པ་སྨན་པ་བསྟན་འཛིན་དར་རྒྱས་དང་། སློབ་སྤྱི་ནི་སྨན་པ་ཉི་མ་ཚེ་རིང་། རིག་གཞུང་དགེ་རྒན་ཆེན་མོའོ་གཙོ་བོ་ནི་པ་ཉ་པ་ར་སད Professor Punya Prasad Parajuli་བཅས་ཡིན་ལ། སྨན་སྦྱོར་འགན་འཛིན་སྨན་པ་ཤེལ་དཀར་བློ་བཟང་། སློབ་དེབ་གྱི་གཙོ་འགན་པ་སྨན་པ་ལེགས་ཚོགས་དང་། གཞན་ས་གནས་དང་གདན་ཞུས་ཀྱི་སྨན་གྱི་དགེ་རྒན་རྣམ་པས་སློབ་ཁྲིད་དང་། ཟླ་རེར་རིན་མེད་ནད་པ་བལྟ་རྒྱུ་དང་སྨན་སྦྱིན་གྱི་འཆར་གཞིའང་ཡོད་པ་ཡིན་ནོ།།
བལ་ཡུལ་ནི་རི་བོ་ཧི་མ་ལ་ཡའི་ལྷོ་རྒྱུད་དུ་ཡོད་པ་དང་། གློ་མོན་ཐང་དང་། དོལ་པོ་དང་ཤར་པ་སོགས་ཧི་མ་ལ་ཡའི་བོད་ཀྱི་མི་རིགས་རྣམས་ཀྱིས་བོད་ལུགས་གསོ་རིག་གི་ཉམས་ལེན་གནང་ཡོད་པ། དུས་རབས་བརྒྱད་པ་གཡུ་ཐོག་རྙིང་མའི་དུས་སུ་བྱུང་པའི་དོལ་པོའི་སྨན་པ་ཁྱུང་པོ་ཁྱོལ་མ་རུ་ཙེ་ཡིས་མཚོན་པ་དང་། དེ་ནས་ལྷ་རྗེ་དམ་པ་མང་པོའི་སྐུ་དྲིན་གྱིས་སྨན་རྒྱུད་ཀྱི་རྒྱུན་མ་ཆད་པ་དང་མ་ཉམས་པར་ད་བར་དུ་རྒྱུད་འཛིན་མི་དམན་པ་བྱུང་ཡོད་ལ།
སྤྱིར་དེང་སྐབས་བལ་ཡུལ་དུ་བོད་སྨན་ཁང་ཉེར་དྲུག་ཙམ་དང་། སྨན་པའམ་ཨེམ་ཆི་ཉིས་བརྒྱ་ལྷག་ཡོད་པ་དང་། དེ་ལས་སྨན་ཁང་རྙིང་ཤོས་དང་རྒྱ་ཆེ་ཤོས་ནི་ལྷ་རྗེ་ཀུན་བཟང་ལགས་ནས་༡༩༧༤ ལོ་ལ་བཙུགས་པའི་ཀུན་ཕན་སྨན་ཁང་ཡིན་པ་དང་། གཞན་སྨན་རྩིས་ཁང་གི་ཡན་ལག་དང་། སྒེར་གཉེར་དང་དགོན་པའི་གཉེར་བའི་སྨན་ཁང་སོགས་ཡིན། དོལ་པོ་ཨེམ་ཆི་ཚོགས་པ་དང་ཧི་མ་ལ་ཡའི་སྨན་པའི་ལྷན་ཚོགས་བཅས་སྨན་ཀྱི་ཚོགས་པ་ཆེ་བའང་འགའ་ཤས་ཡོད། བལ་ཡུལ་གཞུང་གི་ཁྲིམས་མཐུན་གྱིས་གསོ་བ་རིག་པ་ལ་ངོས་ལེན་དང་དེ་ལ་རྒྱབ་སྐྱོར་ཚད་ལྡན་ཡོང་རྒྱུ་ནི་ཤིན་ཏུ་གལ་ཆེ་བས། ཐེངས་འདིར་གསོ་རིག་སློབ་ཆེན་བལ་ཡུལ་གཞུང་གིས་ཁས་བླངས་པ་ནི་ལོ་རྒྱུས་ཐོག་གི་དཀྱོགས་མཚམས་ཤིག་ཆགས་ཡོད་པས། སྐུ་ངལ་ལ་མ་འཛེམས་པར་ལས་དོན་འདིར་ཕྱག་ལས་གནང་མཁན་དང་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མུ་མཐུད་བྱ་བཞག་ལ་བར་ཆད་མེད་པར་བསམ་དོན་ལྷུན་གྱིས་འགྲུབ་པ་དང་། གསོ་བ་རིག་པའི་བསྟན་པ་དར་ནས་འགྲོ་བ་ནད་པ་ཀུན་གྱི་སྡུག་བསྔལ་སེལ་ཐུབ་པའི་སྨོན་ལམ་དང་བཅས། །
་་་་་་་་་་་་ སློབ་གཉེར་གྱི་གཙོ་བོ་ནི་གསོ་རིག་རྒྱུད་བཞི་དང་དེའི་འགྲེལ་བ་མེས་ཞལ་དང་བེ་སྔོན་སོགས་ཀྱི་རྨང་གཞི་བྱས་པའི་སྟེང་། སྨན་དཔྱད་ཟླ་བའི་རྒྱལ་པོ་དང་ཀོང་སྤྲུལ་ཟིན་ཏིག་སོགས་བོད་ཀྱི་སྨན་གཞུང་ཚད་ལྡན་ཁག་དང་། དེ་མིན་དེང་རབས་གསོ་རིག་གི་རོ་བཀྲ་དང་ནད་ཁམས་རིག་པ་སོགས་རྨང་གཞི་མེད་ཐབས་མེད་པ་འགའ་དང་། ས་ཁུལ་སྐྱེ་དངོས་དང་སྨན་རྩྭ་སློབ་གཉེར་བཅས་ཁྱོན་བསྡོམས་ལོ་ལྔ་དང་ཕྱེད་ཀའི་སློབ་ཁྲིད་གོ་སྒྲིག་ཡོད་ལ། ་་་་་་་་
ནེ་པལ་ལའི་རྒྱ་མཚོ་འགྲམ་ནས་བཞག་ནས་ཀོ་ཅོང་མཆི་མས་སྤངས་པ་མ་ཡིན་ནམ།
རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གཙུག་ལག་སློབ་ཆེན་དང་རྒྱལ་སྤྱིའི་གསོ་བ་རིག་པའི་གཙུག་ལག་མཐོ་སློབ་གཉིས་ལ་ཁྱད་པར་ཡོད་དམ།
གསོ་བ་རིག་པའི་སྨན་པ་བྱས་པ་ལ། བརྒྱུད་བཞི་བློ་འཛིན་བྱ་ཡ་བགྱི་སྲོལ་རྒྱུན་བཟང་པོ་འདི། མ་ཉམས་པར་ཉར་ཚགས་ཐུབ་ན་དགེ་མཚན་ཆེ་བར་མཐོང་ལགས། དེ་མིན་སྨན་པ་ཚོང་པ་ཅིག་ལས་མ་འོངས་ན་དགེ་མཚན་དེ་ཙམ་མེད་པ་རེད་དོ།།
ཡི་རངས་བསྟོད་དོ།
ཇ་མ་ལགས། ནེ་པལ་ལའི་རྒྱ་མཚོ་འགྲམ་ནས་བཞག་ནས་ཀོ་ཅོང་མཆི་མས་སྤངས་པ་མ་ཡིན་ནམ། ཟེར་བར་དོན་དག་གོ་རྒྱུ་ཅི་གང་མིན་འདུག
ཀརྡོ་ལགས། གསོ་བ་རིག་པའི་སྨན་པ་བྱས་པ་ལ། བརྒྱུད་བཞི་བློ་འཛིན་བྱ་ཡ་བགྱི་སྲོལ་རྒྱུན་བཟང་པོ་འདི། མ་ཉམས་པར་ཉར་ཚགས་ཐུབ་ན་དགེ་མཚན་ཆེ་བར་མཐོང་ལགས། དེ་མིན་སྨན་པ་ཚོང་པ་ཅིག་ལས་མ་འོངས་ན་དགེ་མཚན་དེ་ཙམ་མེད་པ་རེད་དོ།། ༠༠༠༠༠༠༠༠༠
ཞེས་བརྗོད་པ་ནི་སྤྱི་ཚོགས་དང་བག་ཆགས་རྙིང་པའི་ནང་རུལ་གྱི་སྐད་ཆ་ཁོ་ནར་འདོད་དོ། དེང་དུས་ཀྱི་བོད་ཀྱི་སྨན་པ་ནི་རྒྱུད་བཞི་ནེ་ཙོ་བཞིན་དུ་ངག་སྐྱོར་ཐུབ་ཙམ་གྱིས་གཏན་ནས་མི་ཕལ། དེང་རབས་ཚན་རིག་པ་དང་དཔུང་པ་མཉམ་བཤིག་གིས་ནང་དོན་འགྲེལ་བརྗོད་ཐུབ་པ་རྒྱུ་གལ་ཆེ་ཤོས་རེད། དེ་བཞིན་གྲྭ་ཚང་ཁག་གི་གྲྭ་པ་ངག་སྐྱོར་བཟང་བ་ཤ་སྟག་བསྡུས་ན་འགྲིགས་ཀྱི་རེད་པ།
་་་་་་་་་་ དེང་དུས་ཀྱི་བོད་ཀྱི་སྨན་པ་ནི་རྒྱུད་བཞི་ནེ་ཙོ་བཞིན་དུ་ངག་སྐྱོར་ཐུབ་ཙམ་གྱིས་གཏན་ནས་མི་༼ཕན་༽ཕལ། ་་་་་་་་་་ ཟེར།