ཟླ་སྨུག་པོས་བསྒྱུར།
འགྲོ་བ་མིའི་རིགས་ལ་མི་གཞི་་ཟེར་བ་ཞིག་ཡོད་མེད་དང་། གལ་ཏེ་ཡོད་ན་གང་འདྲ་ཞིག་ཡིན་མིན་སྐོར་གནའ་བོའི་བསམ་བློ་པ་དག་གིས་དུས་རབས་གང་མང་ཞིག་གི་རིང་ལ་འོ་བརྒྱལ་རིག་པ་རེད། ཡེ་ཤུའི་ཆོས་ལུགས་ལྟར་ན་ཨེ་ཏྲམ་དང་ཨེབ་གཉིས་དཀོན་མཆོག་གི་བཀའ་དང་འགལ་ཏེ། ཁོང་གཉིས་ཨེ་ཏྲམ་སྡུམ་ར་ནས་ཕྱིར་ཕུད་བཏང་བར་བརྟེན། དེ་ནས་བཟུང་མི་ཚང་མ་ཉེས་པ་དང་བཅས་ཏེ་སྐྱེས་པར་བཤད། ལྟ་ཚུལ་འདི་གཞིར་བཟུང་ནས་བཤད་ན་མིའི་འགྲོ་བ་ཡོངས་ལྷན་སྐྱེས་ནས་ཉེས་པ་དང་བཅས་པ་ཡིན་ལ། ཉེས་པ་དེ་ལས་ཐར་ཐུབ་ཀྱང་ཡེ་ཤུའི་ཆོས་བླའི་བར་འདུམ་ཁོ་ན་བརྒྱུད་དགོས་པ་དང་། བྱ་བ་བཟང་པོ་སྒྲུབ་རྒྱུ་དང་དཀོན་མཆོག་ལ་དད་པ་བྱེད་རྒྱུ་ལྷག་ཏུ་གལ་ཆེ་བར་བཞེད།
དབྱིན་ཇི་མཚན་ཉིད་རིག་པ་བ་སྐུ་ཞབས་ཐོ་མ་ཧོབསི་(Thomas Hobbes ) (1588-1679) ལགས་ཀྱིས་མིའི་རང་བཞིན་ལ་གོང་དང་འདྲ་མཚུངས་ཀྱི་ལྟ་ཚུལ་རབ་རིབ་ཅིག་སྟེ། སྔོ་མོའི་མི་རྣམས་ནི་ཆེས་དམུ་རྒོད་དང་། ཡིད་དུ་མི་འོང་པ། ཚེ་ཐུང་བ་ཡིན་པར་གླེང་སྟེ་ནུས་ཤུགས་ལྡན་པའི་དབང་འཛིན་པ་ཞིག་གིས་སྤྱི་ཚོགས་ཀྱི་སྣེ་ཁྲིད་དགོས་ལ། དེ་ལྟར་ཁྲིད་པས་མི་རྣམས་འཆི་བའི་ཉེན་འཚབ་དང་འཇིག་སྣང་ལས་སྐྱོབ་ཐུབ་པརབཤད།
དེང་གི་རྙིང་ཞེན་ཅན་གྱི་ཆབ་སྲིད་པ་དག་གིས་རྒྱུད་པ་དང་དབང་ཆ་གལ་ཆེན་དུ་བརྩི་བཞིན་ཡོད་ལ། འགྲོ་བ་མི་རྣམས་ནི་རང་བཞིན་གྱི་ལེ་ལོ་དང་འདོད་རྔམ་ཅན་ཞིག་ཡིན་པར་བརྟེན། ཉམ་ཐག་ཕོན་ཆེན་ཞིག་ཡར་རྒྱས་ཀྱི་གནས་སུ་ཕྱིན་མ་བཏུབ་པ་གནད་འདི་ལ་ཐུག་པར་བཞེད།
དུས་རབས་བཅོ་བརྒྱད་པའི་ནང་དུ་བྱོན་པའི་ཕི་རན་སིའི་མཚན་ཉིད་རིག་པ་བ་སྐུ་ཞབས་ཇེན་ཇེག་ཁོ་རོ་ས྄ེ་(Jean Jacques Rousseeau 1712-78) ལགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་རང་བཞིན་ལ་ཟློག་ཕྱོགས་ཀྱི་ལྟ་ཚུལ་ཞིག་བཟུང་སྟེ། གནས་བབ་ངེས་ཅན་ཞིག་ཏུ་ཡོད་པའི་མི་རྣམས་ཀྱི་རང་བཞིན་ནི་དཔལ་ཡོན་གྱིས་ཕོངས་པ་ཞིག་ཡིན་ལ། བཟང་ཕྱོགས་ཀྱི་རང་བཞིན་དེ་ཡང་སྤྱི་ཚོགས་ཀྱིས་ལྷད་ཞུགས་ཡོད་པར་འདོད།
སྐུ་ཞབས་ཧོ་བྷོ་སི་དང་དེ་མིན་དབྱིན་ཇིའི་མཚན་ཉིད་རིག་པ་བ་རྣམས་ཀྱི་མི་རབས་རྗེས་མ་སྟེ་སྐུ་ཞབས་ཇོན་ལོཀ་ལགས་ཀྱིས་འགྲོ་བ་མིའི་རང་བཞིན་གོང་སྨྲོས་ལྟར་ཁས་ལེན་མི་མཛད་པར། མི་རྣམས་ནི་ཐོག་མར་གཡའ་ཤོག་སྟོང་པ་བཞིན་བྱུང་ཡོད་པར་སོང་། ཁོར་ཡུག་དང་གསོ་སྐྱོང་འོག་ནས་མི་རྣམས་ལ་བཟོ་བཀོད་བྱེད་ཆོག་པར་འདོད་ལ། དེ་དག་གི་ཁྲོད་ནས་ཤེས་ཡོན་རིག་གནས་ནི་ཆེས་གལ་ཆེ་ཤོས་ཡིན་པར་ནན་བཤད་གནངས་ཡོད།
ཆབ་སྲིད་པ་དང་། སྤྱི་ཚོགས་རིང་ལུགས་པ། མི་སྡེ་རིང་ལུགས་པ། གཞུང་མེད་རིང་ལུགས་པ་རྣམས་ཀྱིས་གལ་སྲིད་སྤྱི་ཚོགས་འདི་ཡང་དག་པའི་ལམ་ཕྱོགས་སུ་བསྒྱུར་བ་ཡིན་ན། མི་རྣམས་ཀྱི་ཀུན་སྤྱོད་ལེགས་པོ་འབྱུང་ལ། རང་དོན་བློས་བཏང་གིས་ཕན་ཚུན་མཉམ་སྦྲེལ་ཐོག་བདེ་སྐྱིད་ལྡན་པ་ཞིག་འབྱུང་བར་ཡིད་ཆེས་མཛད་ཡོད། འདི་ནི་གསོ་སྐྱོང་དང་རང་གཤིས་དབར་གྱི་ཆབ་སྲིད་ཀྱི་གླེང་གཞི་ཞིག་ཡིན་པ་རེད།
ཨེ་ཏྲམ་དང་ཨེབ་གཉིས་
འདི།
ཨ་དམ་དང་ཨེ་ཝ་གཉིས་