ཨེ་མ་ཧོ།
སྙིང་རྗེའི་ལྷ་གཅིག་འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། རང་བཞན་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། བདེ་བ་འབྱུང་བའི་རྒྱུ་མ་ནོར་བ་ནི་དཀར་པོ་དགེ་བ་བཅུའི་ལམ་ལ་ལོངས་སུ་སྤྱོད་པར་གྱུར་ཅིག། སྡུག་བསྔལ་རྣམ་པ་གསུམ་མི་མྱོང་བ་དང་། སྡུག་བསྔལ་འབྱུང་བའི་རྒྱུ་མ་ནོར་བ་ནི་ནག་པོ་མི་དགེ་བ་བཅུའི་དྲི་ཙམ་ཡང་མི་གོས་པར་གྱུར་ཅིག། སྡུག་བསྔལ་མེད་པའི་བདེ་བ་དམ་པ་ནི་མ་གྱུར་འགྲོ་བ་སེམས་ཅན་ཡོངས་ལ་ནམ་ཡང་འབྲལ་བ་མེད་པར་གྱུར་ཅིག། དགྲ་གཉེན་ཉེ་རིང་ཆགས་སྡང་རྨོངས་པའི་ཚོགས་དང་བྲལ་ནས་ཕྱོགས་དང་རིས་སུ་མ་ཆད་པའི་བཏང་སྙོམས་པའི་དགའ་བདེ་ལ་རྟག་ཏུ་ལོངས་སྤྱོད་ནུས་པར་གྱུར་ཅིག ཅེས་ཚད་མེད་བཞིའི་སྨོན་གསོལ་སྔོན་དུ་སོང་ནས་དེ་རིང་འདི་ནས་རང་ཅག་མི་ཞིག་སྐྱེས་ནས་བཟུང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ར་བ་ལས་མ་འདས་ཀྱང་། སྙིང་པོ་དོན་དང་ལྡན་པའི་ཚེ་སྲོག་ནི་མི་ལུས་འདི་ཁོ་ན་ལས་འགྲོ་བ་གཞན་ལ་དཀོན་པ་ནི་དལ་བརྒྱད་འབྱོར་བཅུ་དང་འཕྲལ་བྱུང་དང་རིས་ཆད་བཅོ་བརྒྱད་ལ་དཔྱོད་ན་ཧ་གོ་དོན་རྟོགས་ངེས་པ་གསལ་བོ་རེད།
ཡིན་ན་ཡང་མི་ལུས་རིན་པོ་ཆེ་འདི་ཁྱབ་སྲིད་པ་འགའ་ཞིག་གི་ལག་ཆ་འམ་བེད་སྤྱོད་དང་། སོ་སོའི་འུར་སྒྲོག་དང་གྲགས་པའི་རྗེས་སུ་རྒྱུགས་ནས་མིང་ཙམ་གྱིས་མི་ལུས་རིན་པོ་ཆེ་མེ་སྲེག་ཏུ་བཏང་ན་ཤིན་ཏུ་འཕང་པ་རེད། དེ་ལ་མཁས་པས་ལེགས་བཅོས་གླེང་བ་དང་བཙུན་པས་ཚུལ་འཆོས་བཤད་པ་དང་གྲུབ་པས་གཏེར་ཆོས་སོགས་ཡོད་པར་བཤད་ན་རང་ལུགས་དམ་པའི་ཆོས་ནི་མི་འཚེ་བ་ཞེས་པའི་གཞུང་དང་། སྔོན་འགྲོའི་དལ་འབྱོར་རྙེད་དཀའ་ཤེས་པ་ལྟ་ཅི། དྲིན་ཆེན་ཕ་མའི་བརྩེ་དུང་སྣང་མེད་དུ་བཞག་ནས་འདི་ཕྱི་གཉིས་ཀ་མེད་པའི་ལས་ངན་རང་གིས་བསགས་ནས་ལུས་ངན་མེ་ཡིས་ཚིག་པའི་དམྱལ་བ་དངོས་སུ་ལག་ཏུ་ལེན་པ་ལ་གོང་གི་བླ་མ་ནས་འོག་གི་འབངས་མི་ཡན་གྱིས་དོན་འབྲས་མེད་པའི་མིང་ཆེན་པོ་དག་མི་འདོགས་པར་ཚུལ་བཞིན་དུ་སྡུག་བསྔལ་གྱི་རྒྱུ་འབྲས་བཤད་པར་མཁྱེན། དེ་དག་རྒྱ་ལ་ཁག་དཀྲི་རྒྱུ་དང་བོད་ལ་དཔུང་ངོམ་རྒྱུ་ཞིག་མིན་པར་སྐྱེ་བོ་ཐ་མ་ཞིག་གི་ལས་ཀ་ཡིན་པར་གསལ་བཤད་གནང་ན་ཅི་མ་རུང་སྙམ།
བདག་གིས་སྙིང་རྗེས་ཀུན་ནས་སློང་དེ་རང་ཅག་གངས་ཅན་བོད་པ་ཡོངས་ལ་རང་བསྲེག་འདི་མཚམས་འཇོག་རོགས་ཉིས་སྟོང་དགུ་ནས་བཤད་པ་ཡིན། ད་སྔོན་ཡན་ཆོད་ལ་བླ་སྤྲུལ་སྐྱ་སེར་ཡོངས་ཀྱིས་རྒྱལ་གཅེས་དང་དཔའ་བོའི་ཐ་སྙད་སྦྱར་བ་དེ་དག་ཐ་སྙད་སྒྲོ་བཏགས་ཞིག་ལས་དོན་དང་མཐུན་པའི་མིང་ཞིག་མིན་པས་གསལ་བོ་རེད།
དཔེར་མདོར་བསྡུས་ནས་བཤད་ན་ནང་པ་ཞིག་གི་ལས་ཀ་མིན་པར་ཕྱི་རོལ་མི་སྟེགས་པའི་གཞུང་ཞིག་གམ་འཇིག་རྟེན་པའི་ཆགས་སྡང་རྨོངས་པའི་གཞན་དབང་དུ་སོང་བ་གསལ་བོ་ཤེས་ཐུབ། ཉམ་ཐག་གི་སྡུག་བསྔལ་མྱོང་བའི་གང་ཟག་དེ་དང་ཁྱི་མི་ཉེ་འཁོར་ཡུལ་ཁམས་རྒྱལ་ཁབ་དང་མི་རིགས་ཡོངས་ལ་ཁ་སྨྲས་ངན་པ་འདིས་ཁྱབ་ཡོད། རྒྱལ་བའི་བཀའ་བསྟན་འགྱུར་དང་། བོད་དུ་དར་བའི་སྔ་འགྱུར་རྙིང་མའི་བཀའ་གཏེར་མན་ངག་དང་། བཀའ་བརྒྱུད་པའི་ཕྱག་སྦྱོར། ས་སྐྱ་ལམ་རིམ། དགེ་ལུགས་པའི་ལམ་རིམ་སོགས་སུ་དེ་ལྟར་བཤད་མེད་པར་མ་ཟད་དེ་ལས་ལྡོག་དེ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཞེས་རྩ་ཆེན་པོ་དང་དོན་ལྡན་པར་དགོས་ཚུལ་གསུངས་ཡོད།
གལ་ཏེ་སྙིང་པོ་མ་ལོན་ན་དུད་འགྲོ་དང་ཁྱད་པར་མེད་པས་མི་ལུས་སྐད་འབོད་ཆེད་དུ་གསོན་བསྲེག་དགོས་པར་གཏན་ནས་བཤད་མེད། གལ་ཏེ་བཤད་ཡོད་འདོགས་དང་འུར་ཆོས་འདིས་ན་ཆུང་མང་པོས་ཚེ་སྲོག་གཅོད་པ་འདི་གཉིས་སྨན་དབུ་མའི་གཞུང་དང་། རང་བཙན་གྱི་ལྟ་བའི་ལོང་ཕྱོགས་ལ་རྒྱབ་འགལ་ཡིན་པས་སྐུ་གཅེས་སྙིང་གྲོགས་ཀྱི་དྭངས་མ་གངས་ཅན་བོད་མི་ཡོངས་ཀྱིས་དེ་རིགས་རྩ་ཆེན་མི་གནང་བར་མཁྱེན་ཞུ་རྒྱུ་དང་། ལ་རྒྱ་དང་བོད་དོན་ལ་ཤ་ཞེན་ཆེན་པོ་ཀུན་གཟིགས་པན་ཆེན་དང་ཆོས་རྗེ་ཡིད་བཞིན་ནོར་བུའི་ལྷག་གཅིག་མེད་ན་དེ་ལྟར་མ་གནང་བར་དཀའ་ངལ་ཡོངས་ངོ་རྒོལ་བྱས་ནས་གངས་ཅན་རྒྱ་ཆ་དགུ་ཅུའི་བསཏན་སྲིད་ཟིན་ཡོད་པ་འདི་དག ཕྲིན་ལས་ཤར་ནུབ་འཛམ་གླིང་ཡོངས་ལ་ཁྱབ་པ་འདི་དག་གཟིགས་དང་དཔྱོད་ལྡན་ཡོངས་ཀྱིས་ཅིས་མི་དགོངས།
༡ ཕ་མ་ཉེ་འཁོར་ཡུལ་ཕྱོགས་གངས་ཅན་སྤྱི་དམངས་ལ་དགོངས་ནས་ལས་འགུལ་གཞན་གནང་བ་དང་།
༢ རང་བཙན་དང་དབུ་མའི་ལྟ་གྲུབ་ལ་བསམ་ནས་རང་ལུས་རང་སྲོག་བདག་གཅེས་མཛད་པ་དང་།
༣ སོར་བྱང་སྔགས་ཀྱི་གཞི་ལས་འབྲས་བུའི་ཆོས་ལ་བསམ་ནས་ཆོས་ལྡན་རྒྱལ་ཁམས་མིང་དོན་མཚུངས་པ་གནང་བར་མཁྱེན་ནོ།
ཕྱི་ཡི་སྒྱུ་ལུས་སྙིང་པོར་ལྷ་ཆོས་འགྲུབ།།
ནང་གི་རྣམ་རྟོག་བདེ་བ་ཆེན་པོས་ཁྱབ།།
གསང་བའི་བཀའ་གཏེར་གདམས་པའི་དོན་མཐོང་ནས།།
ཡང་གསང་རྫོགས་ཆེན་དགོངས་པ་མངོན་གྱུར་ཤོག།
བོད་ཕྱི་ནང་གི་མེ་མཆོད་གནང་བ་ལ་སྙིང་ནས་ཤ་ཚའི་བསྔོ་སྨོན་དང་སྐྱོ་གདུང་ཅན་ཤྲྰིས་བགྱིས་པར་དགེའོ།། ཕྱི་ལོ་ཉིས་སྟོང་བཅུ་དྲུག་པའི་ཟླ་གསུམ་པའི་ཚེས་གཉིས་ལའོ།། །།
་་་་་་་་་་་མི་ལུས་རིན་པོ་ཆེ་འདི་ཁྱབ་སྲིད་པ་འགའ་ཞིག་གི་ལག་ཆ་འམ་བེད་སྤྱོད་དང་། སོ་སོའི་འུར་སྒྲོག་དང་གྲགས་པའི་རྗེས་སུ་རྒྱུགས་ནས་མིང་ཙམ་གྱིས་མི་ལུས་རིན་པོ་ཆེ་མེ་སྲེག་ཏུ་བཏང་ན་ཤིན་ཏུ་འཕང་པ་རེད། ་་་་་་་་་་་་
ཞི་བའི་སྒོ་ནས་ངོ་རྒོལ་གྱིས། དྲག་པོའི་སྒོ་ནས་རང་བསྲེག་ཀྱང་མ་གཏོང་། ཐུགས་རྗེས་གཟིགས།། །།
ཨེ་མ་ཧོ། ཁྱེད་ཀྱི་ཡག་པོ་གསུང་འདུག་དེ་དེ་བཞིན་ནོ།
མི་ལུས་རིན་ཆེན་དོན་དང་ལྡན་པ་ཞིག་གནང་བ་ཞུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་ཉིད་དང་བྲལ་བའི་གཏང་སྙོམས་ལ་གནས་པར་གྱུར་ཅིག། །།