-མི་ཉག་ཀུན་དགའ་བཀྲ་ཤིས།
མཁས་དབང་བློ་བཟང་སེང་གེས་དབུ་ཁྲིད་པའི་སྐབས་བཅུ་བཞི་པའི་བཀའ་ཤག་གི་དངོས་ཡོད་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཁག་ལ་སེམས་གཏིང་ནས་བསྔགས་བརྗོད་ཞུ་པ་དང་མཉམ་དུ། གྲུབ་འབྲས་ཆེན་པོ་དེ་དག་གི་མཐའ་དང་ཟུར་ན་ཆེ་ཆུང་ལ་མ་ལྟོས་པའི་འཐུས་ཤོར་ཡང་འགྲོ་ཡི་ཡོད་པ་སྤྱི་ཚོགས་ཡོངས་དང་། འཛིན་སྐྱོང་གི་སྡེ་ཚན་ཀུན་གྱི་ཆོས་ཉིད་ཡིན་པས་ངས་དངོས་ཡོད་གཞིར་བཞག་པའི་ཐོག་ནས་ལོ་བཞི་དང་ཕྱེད་ཀའི་ནང་གི་འཐུས་ཤོར་ལྔ་པོ་རྒྱུ་མཚན་དང་བཅས་ཏེ་འོག་ཏུ་རེ་རེ་བཞིན་དགོད་པར་བྱ།
གཅིག
ཡུ་རོབ་ཀྱི་རྒྱལ་ས་བྷ་ར་སལ་ནི་རྒྱལ་སྤྱིའི་ཆབ་སྲིད་སྡིངས་ཆ་ཐམས་ཅད་ཀྱི་ནང་ནས་ས་གནས་ཧ་ཅང་གལ་ཆེ་ཞིག་ཏུ་གྱུར་པར་སོང་། བོད་ཀྱི་ཆབ་སྲིད་ལས་འགུལ་ཐོག་ལ་ཡང་གལ་འགངས་ཤིན་ཏུ་ཆེ། སྟབས་མ་ལེགས་པ་ཞིག་ལ། དེ་གའི་དོན་གཅོད་ཁང་དུ་འཇོན་ཐང་དང་། ཤེས་ཡོན། དེ་བཞིན་ཀུན་སྤྱོད་ལྡན་པའི་སྐུ་ཚབ་ཚད་ལྡན་ཞིག་བཀོད་མ་ཐུབ་པར་བརྟེན། ཡུལ་དེ་དག་གི་ནང་བོད་ཀྱི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཐད་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པ་གདོན་མི་ཟ། དེས་ན་འདི་དངོས་ཡོད་ཀྱི་འཐུས་ཤོར་དང་པོ་དེ་རེད།
གཉིས།
ད་ལྟའི་བཀའ་ཤག་གིས་གསར་འབྱོར་བ་རྣམས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་ཁ་ཤས་བཏང་ནས་ས་ཁང་ཉོས་པ་རྗེས་སུ་ཡི་རངས་ཞུ་འོས་ན་ཡང་། གསར་འབྱོར་གྱི་གཞིས་ཆགས་དང་། གཞིས་ཆགས་ཀྱི་གཞིས་ཆགས་སོགས་སྐྱབས་བཅོལ་བའི་ལས་དབང་གཅིག་པ་དང་། ཤ་ཁྲག་གཅིག་པའི་མི་རིགས་འདིར་གསར་རྙིང་གི་དབྱེ་འབྱེད་ཐོག་ཤ་དང་རུས་པ་ལྟར་སོ་སོར་བཞག་པ་འདི་མི་རིགས་ཀྱི་གཅིག་སྒྲིལ་དང་གསར་རྙིང་འབྲེལ་འགྲིག་ལ་གནོད་པ་ཆེ། དེས་ན་འདི་དངོས་ཡོད་ཀྱི་འཐུས་ཤོར་གཉིས་པ་དེ་རེད།
གསུམ།
བཀའ་ཤག་འདིས་བོད་ཀྱི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་བའི་ལས་གཞི་ཞིག་གོ་སྒྲིག་གནང་བཞིན་ཡོད་པ་དགའ་འོས་པའི་གནས་སུ་གྱུར། འོན་ཀྱང་ནང་ཆོས་ངོ་སྤྲོད་བྱ་ཡུལ་དགེ་ལུགས་ཀྱི་དགོན་པ་དང་། ངོ་སྤྲོད་བྱེད་མཁན་དགེ་ལུགས་ཀྱི་དགེ་བཤེས་དང་བླ་མ་རྐྱང་རྐྱང་ཡིན་པས། ས་སྐྱ་དང་བཀའ་བརྒྱུད། རྙིང་མ་དང་ཇོ་ནང་། དེ་བཞིན་བོན་པོ་སོགས་ཟུར་དུ་འཕུད་པ་ལྟ་བུ་འདུག་པས་ཆོས་ལུགས་མཐུན་སྒྲིལ་དང་། གྲུབ་མཐའ་རིས་མེད་ཀྱི་ནང་ཆོས་ངོ་སྤྲོད་ཡོང་ཐབས་མེད་པའི་ལས་གཞིར་གྱུར། དེས་ན་འདི་དངོས་ཡོད་ཀྱི་འཐུས་ཤོར་གསུམ་པ་དེ་རེད།
བཞི།
ཕྱི་སྡོད་བོད་ཀྱི་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་དང་། རིག་གཞུང་སོགས་སློབ་པར་བཀའ་ཤག་གི་བཏང་འཛིན་འོག་ཡོད་པའི་དོན་གཅོད་ཁག་གིས་སོ་སོའི་ཐེབས་རྩ་ནས་ཁ་ཤས་ལ་རོགས་དངུལ་གནང་བ་དང་། ཡང་རེ་འགའ་ལ་ནི་རོགས་དངུལ་གནང་གི་མེད་པར་ནམ་ཡང་སྣང་མེད་དུ་བཞག་པའི་གནས་སྟངས་འོག་བོད་རིགས་གཅིག་པ་ཡིན་ན་ཡང་ཐོབ་ཐང་ཁ་ཁ་ཡིན་པའི་རྣམ་པ་ཞིག་ཏུ་གྱུར། དེས་ན་འདི་དངོས་ཡོད་ཀྱི་འཐུས་ཤོར་བཞི་པ་དེ་རེད།
ལྔ།
རྒྱ་གར་ནང་ལ་དཀའ་ངལ་ཆེ་ཤོས་འཕྲད་མཁན་གྱི་བོད་མིའི་གྲས་ནི་ནང་མི་བོད་ལ་བཞག་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་ནས་རྒྱ་གར་དུ་གནས་ངེས་མེད་ལ་ཉུལ་བསྡད་མཁན་གྱི་གསར་འབྱོར་བ་རྣམས་ཡིན་པས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཉམ་ཐག་བོད་མི་རྣམས་ཕྱི་རྒྱལ་དུ་སྐྱབས་བཅོལ་དུ་གཏོང་བའི་ལས་གཞིའི་ཁོངས་སུ་གསར་འབྱོར་རྣམས་ཚུད་མེད་པ་འདི་ནི་འདྲ་མཉམ་མེད་པའི་གནང་སྟངས་ཤིག་ཏུ་གྱུར། དེས་ན་འདི་དངོས་ཡོད་ཀྱི་འཐུས་ཤོར་ལྔ་པ་དེ་རེད།
རྒྱུ་མཚན་ལྔ་པོ་འདི་བཞིན་འབྲི་པ་པོ་དང་ཀློག་པ་པོ་གཉིས་ཀའི་སྣང་ངོར་བདེན་རྫུན་ཤན་འབྱེད་ཀྱི་ཁྱད་པར་ཆེན་པོ་ཡོད་སྲིད་ཀྱང་། དངོས་ཡོད་ཀྱི་གནས་ལུགས་ལ་གཞི་བཅོལ་པ་དང་། རང་ཉིད་ཀྱི་བློ་གཟུར་བོར་གནས་པའི་ཐོག་ནས་དཔྱད་པ་གཏོང་དགོས་པ་ལས། སྐྱོན་བརྗོད་ཀྱི་རྣམ་པར་མངོན་པའི་ཡི་གེ་ཐམས་ཅད་གང་བྱུང་དུ་འགྲེམས་ནས་རང་གི་ཁ་གཏད་ནག་པོར་བསྒྱུར་བའི་ལག་ཆ་རུ་བེད་སྤྱོད་བཏང་བ་ནི་མིག་བཙུམ་ནས་གཡང་གཟར་པོར་འགྲོ་བ་དང་མཚུངས།
ལར་ནས་ཡི་གེ་འདི་བྲིས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་གོང་སོང་གི་དོན་ཚན་ལྔ་པོ་དངོས་ཡོད་ཀྱི་འཐུས་ཤོར་ཡིན་ན། མ་འོངས་པའི་བཀའ་ཤག་གིས་དེ་དག་དམིགས་སུ་བཀར་ནས་ལས་དོན་བྱེད་ཕྱོགས་ཐད་སྐྱར་ཞིབ་ཡང་ཞིབ་གནང་ནས་ཛ་དྲག་ངང་ལེགས་བཅོས་བྱེད་དགོས་པའི་སྐུལ་མ་གཏོང་ཐབས་ཙམ་དང་དྲན་གསོ་ཞུ་པ་ཙམ་དུ་ཟད།།
སྤྱི་ལོ་༢༠༡༦ ལོའི་ཟླ་བ་༠༣ པའི་ཚེས་༠༣ ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནས་བྲིས་སོ།།
རྒྱུ་མཚན་འདུག་ངོ་མ་ཡག་དེ།།
མི་ཉག་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། དོན་གནད་ལྔ་ག སྲིད་སྐྱོང་གི འཐུས་ཤོར་ཡིན་མིན་མི་ཤེས་ཀྱང་། དེ་དག་ལག་ལེན་དུ་འཁེལ་དགོས་པ་ནི། དངོས་པོའི་གནས་ཚོད་རེད་སྙམ་ལགས།
མི་ཉག་ཀུན་དགའ་ལགས་བདེན་པ་བདེན་ཀྱང་ ད་དུང་གཞན་པ་མང་པོ་ཡོད་རེད་
ཕྱོགས་ལྷུང་གི་དབང་དུ་མ་ཤོར་བའི་སྐྱེས་བུ་ཞིག
ཟིན་བྲིས་འདེབས་མཁན་གང་མང་ཞིག་གིས་མི་ཉག་ཀུན་དགའ་བཀྲ་ཤིས་ལ་བསྟོད་བསྔགས་དང་། བདེན་པ་དང་། རྒྱུ་མཚན་ཡོད་པའི་སྐད་ཆ་ཞིག་ཡིན་ལུགས་བཤད་འདུག་ཀྱང་། དེ་ནི་ཚིག་གི་ངོ་ཐད་ནས་གོ་བ་བླངས་ཏེ་རྩོམ་ལན་ཞིག་བྲིས་པ་ལས་དོན་གནད་ལ་ཞིབ་བསྡུར་བྱས་མེད་པའི་སྐད་ཆ་ཞིག་རེད།
མི་ཉག་ལགས་ཀྱིས་ཚིག་གི་ངོ་ཐད་ལ་བལྟས་ནས་སྐད་ཆ་བཤད་ན་ཕྱོགས་སུ་མ་ལྷུང་བའི་བདེན་གཏམ་ཞིག་ཏུ་འཁུམས། འོན་ཏེ། དེ་འདྲ་ཞིག་གཏན་ནས་མ་རེད། རྒྱུ་མཚན། ཁོས་བྲིས་པའི་་་་་་(ལར་ནས་ཡི་གེ་འདི་བྲིས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་གོང་སོང་གི་དོན་ཚན་ལྔ་པོ་དངོས་ཡོད་ཀྱི་འཐུས་ཤོར་ཡིན་ན། མ་འོངས་པའི་བཀའ་ཤག་གིས་དེ་དག་དམིགས་སུ་བཀར་ནས་ལས་དོན་བྱེད་ཕྱོགས་ཐད་སྐྱར་ཞིབ་ཡང་ཞིབ་གནང་ནས་ཛ་དྲག་ངང་ལེགས་བཅོས་བྱེད་དགོས་པའི་སྐུལ་མ་གཏོང་ཐབས་ཙམ་དང་དྲན་གསོ་ཞུ་པ་ཙམ་དུ་ཟད།།)
འདི་ལ་ལྟོས་ན་མི་ཉག་གིས་བློ་སེང་ལ་འཐུས་ཤོར་ལྔ་བྲིས་ཀྱང་སེམས་སུ་བློ་སེང་ཡོད་པ་གསལ་བོ་བསྟན་ཡོད། རྒྱུ་མཚན། ཁོས་བྲིས་པའི་་་་་་་་་་་་་་་་་་་་་་མ་འོངས་པའི་བཀའ་ཤག་གིས་དེ་དག་དམིགས་སུ་བཀར་ནས་ལས་དོན་བྱེད་ཕྱོགས་ཐད་སྐྱར་ཞིབ་ཡང་ཞིབ་གནང་ནས་ཛ་དྲག་ངང་ལེགས་བཅོས་བྱེད་དགོས་པའི་སྐུལ་མ་གཏོང་ཐབས་ཙམ་དང་དྲན་གསོ་ཞུ་པ་ཙམ་དུ་ཟད།། ཅེས་པའི་ཚིག་དུམ་འདིས་གསལ་བོ་བསྟན་འདུག ཁོས་བློ་སེང་ལ་འཐུས་ཤོར་ལྔ་ཞེས་པ་འབྲི་ཁུལ་བྱས་ཀྱང་དོན་དངོས་སུ་ཁོ་བློ་སེང་རྒྱབ་ཏུ་ལངས་ནས་མ་འོངས་སྲིད་སྐྱོང་དེ་བློ་སེང་ཡིན་པའི་གདེང་ཚོད་རྙེད་པ་མ་ཟད། མ་འོངས་པ་ན་ཁྱེད་ཀྱིས་འདིའི་སྐོར་ཐུགས་བསམ་བཞེས་རོགས་ཞེས་ཞུ་འབུལ་བྱས་པ་ཙམ་ལས་གཞན་པ་གང་མ་རེད། གལ་ཏེ་མི་ཉག་མི་དྲང་མོ་ཞིག་ཡིན་ན་ཁོས་བློ་སེང་ལ་སྐྱོན་ཆ་འདི་རིགས་ཡོད་པ་ཤེས་བཞིན་དུ་ད་དུང་བློ་སེང་ལ་རྒྱབ་སྐྱོར་གནང་བ་འདིས་ཁོ་དྲང་མོ་ཞིག་མིན་པ་དེ་ག་རང་ནས་ཤེས་སོ།།
དགོངས་དག བྲིས་ནོར་ཐེབས་འདུག གལ་ཏེ་མི་ཉག་འདི་མི་དྲང་མོ་ཞིག་ཡིན་ན་ཁོས་བློ་སེང་ལ་སྐྱོན་ཆ་འདི་རིགས་ཡོད་པ་ཤེས་བཞིན་དུ་ད་དུང་བློ་སེང་ལ་རྒྱབ་སྐྱོར་གནང་དོན་ཅི། འདིས་ཁོ་མི་དྲང་མོ་ཞིག་མིན་པ་དེ་ག་རང་ནས་ཤེས་ཐུབ་བོ།།
སྤྱིར་བཏང་འདི་བློ་སེང་གི་གསར་གཏོད་ཅིག་མ་ཡིན་ཀྱང་། ཨོ་སི་ཁྲོ་ལི་ཡར་གཞུང་ནས་ཆབ་སྲིད་བཙོན་པ་བཏང་དང་གཏོང་བཞིན་པ་དེ་ཚོ་གསར་འབྱོར་ཡིན་པ་བརྗེད་པ་འདྲ།
ལུང་ཤོར། ཉོན་ཨང་། བོད་མི་རིགས་ཀྱི་དོན་དུ་གདུག་རྩུབ་རྒྱ་ནག་གི་བཙན་ཁྲིམས་འོག་ལ་སྡུག་སྦྱོར་མནར་གཅོད་མྱངས་མཁན་གྱི་ཆབ་སྲིད་བཙོན་ཟུར་རྣམས་གནད་དོན་འདིའི་ནང་ལ་ཁྲིད་མ་ཡོང་། ཁོང་ཚོ་ནི་དཔའ་བོ་དཔའ་མོ་ཤ་སྟག་རེད། གསར་འབྱོར་གཞན་དང་བསྡུར་ཐབས་མ་གྱིས།
Palden གང་ཞིག་གསུངས་འདོད་ཡོད་མ་ཤེས། མ་གཞི་རྣམ་རྟོག་ཅན་ཚོར་རྩོད་པ་རྒྱུར་དེ་ཙམ་མི་དགའ།
རྒྱུན་དུ་བོད་ལ་དུང་ཞེན་དཀར་པོ་རྨ་མེད་པ་ཞིག་ཡོད་བསམས་ཚེ། མི་ཉག་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བྲིས་པའི་དཔྱད་རྩོམ་རིན་ཐང་ཅན་འདི་ལྟ་བུ་ཞིག་འབྲི་དགོས། ཁོང་གིས་ད་བར་སྤེལ་བའི་དཔྱད་བརྗོད་དང་དགོངས་ཚུལ་ཁག་དྲང་ཚུགས་ལྡན་ཞིང་། རང་རེའི་རྩ་དོན་ལ་ཕན་ཞིང་དོན་སྙིང་ཆེན་པོ་ལྡན་པ་ཤ་སྟག་ཏུ་མཐོང་། གལ་སྲིད་ཁོང་ལྟར་འབྲི་མ་ཤེས་ནའང་། གང་ཡང་མེད། ཁོང་ལྟ་བུའི་མདུན་ནས་སློབ་སྦྱོང་བྱས་ན་འགྲིག ངོ་ཚ་དགོས་དོན་མེད་དོ།
སྲིད་སྐྱོང་བློ་སེང་གི་ཕྱག་ལས་གནང་སྟངས་ལས་འཐུས་ཤོར་གྱི་རྣམ་པ་གཞན་ཁག
༡། ལས་དོན་དངོས་སྒྲུབ་མཁན་གྱི་ལས་བྱེད་ཚོའི་སེམས་ཤུགས་བཅག་ནས། མདུན་ལ་སྤྲེལ་ལད་བཤད་མཁན་རྣམས་ལ་གནས་སྤར་དང་། ས་མིག་གསར་གཏོད་ཀྱི་བསྐོ་བཞག ལྷག་པར་དུ་ངོ་ཤེས་འབྲེལ་འདྲིས་རྣམས་གློ་བུར་དུ་གལ་ཆེའི་དོན་གཅོད་ལ་བསྐོ་བཞག་བྱས་པ། དཔེར་ན། སྤྱི་པའི་ལས་དོན་གྱི་ཉམས་མྱོང་གང་ཡང་མེད་མཁན་སྐལ་རྡོར་ཨ་རི་དོན་གཅོད་ལ་བསྐོ་བཞག་བྱས་པ་དང་། བོད་པ་མིན་པ་ཞིག་བོད་ཀྱི་དོན་གཅོད་ལ་བསྐོ་བཞག་བྱས་ནས་ལོ་རྒྱུས་ནག་པོའི་ལེའུ་དང་པོ་བརྩམས་པ་རུ་སུའི་དོན་གཅོད་སོག་རིགས་ཏེ་ལོ་སྤྲུལ་སྐུ་ལྟ་བུ་རེད། དེ་བཞིན་སྐུ་སྒེར་ཡིག་ཚང་ནས་སྤྱི་རྒྱུ་སྒེར་ཟས་ཀྱིས་ཕྱིར་འབུད་བཏང་བ་ཆོས་འཕེལ་ཐུབ་བསྟན་ལས་བྱེད་ལ་བསྐོ་བཞག་བྱས་པ་མ་ཟད། ༢༠༡༥ ལོ་འཇུག་ལ་ལྷོ་སྤྱིར་བསྐོ་བཞག་བྱས་ཀྱང་མང་ཚོགས་ནས་བསམ་འཆར་ཤུགས་ཆེ་ཕུལ་བར་བརྟེན་ཕྱིར་འཐེན་བྱེད་དགོས་པ་བྱུང་ཡོད། དེའི་ཐད་གྲོས་ཚོགས་ནང་ལ་ཡང་བསམ་འཆར་བགྲོ་གླེང་མང་པོ་གནང་ནས་སྤྱི་པའི་དུས་ཚོད་ཆུད་ཟོས་ལ་གཏོང་དགོས་པའི་གནས་སྟངས་བྱུང་ཡོད།
བསྟན་འཛིན་ནོར་བུ། ཁྱོད་ནི་དྲང་ཚུགས་མེད་པའི་མི་འཁྱོག་པོ་འཁྱོག་ནག་ཅིག་ཡིན་པ་ར་གསལ་པོ་འཕྲོད་སོང་། འཛམ་གླིང་ནང་དུ་བོད་པའི་དོན་གཅོད་ག་ཚོད་ཡོད་པ་ཧ་ཨེ་གོ དེ་དག་གི་ནང་ལ་ཕྱག་ལས་གནང་མཁན་ཚང་མ་མཁས་དབང་བློ་སེང་གི་གྲོགས་པོ་རེད་ཟེར་གྱི་ཡོད་པས། མ་གཞི་དེ་ལྟའི་དཀྲོག་གཏམ་སྤེལ་མཁན་ནི་བཅོས་ཐབས་མེད་པའི་ཆོལ་ཞེན་གྱི་ན་ཚ་ཕོག་པའི་མི་རྣམས་རེད། རི་བོང་ཅལ་འདྲོགས་བྱེད་ན་ཁྱེད་རང་དཀའ་ལས་ཁག་རོགས་རེད།
མི་ཉག་ཀུན་དགའ་ནི་བློ་སེང་གི་རྒྱབ་སྐྱོར་བ་ཞིག་ཡིན་པ་ཤེས་ཡོད།
མི་ཁག་ཅིག་གིས་སོ་སོས་རྒྱབ་སྐྱོར་བྱེད་ས་དེའི་བཟང་མ་གཏོགས་སྐྱོན་མི་མཐོང་བ་དང་། ཡང་ན་སྐྱོན་མཐོང་ཡང་དེ་འགེབ་སྲུང་བྱེད་པའི་རྣམ་པ་ཤུགས་ཆེན་པོ་འདུག ཡིན་ནའང་མི་ཉག་ཀུན་དགའ་ཡི་གོང་གི་རྩོམ་ཐུང་འདི་ནི་ཕྱོགས་ཞེན་དེའི་ར་སྐོར་ལས་བརྒལ་ཡོད་པར་མཐོང་བས་དགེ་སྤེལ་ཉེས་འགོག་གི་ཀུན་སློང་གིས་བསྐུལ་ཏེ་ཁོང་གི་རྩོམ་ཐུང་འདིར་རྗེས་སུ་ཡི་རངས་ཞུས་པ་ཡིན།
ནིའུ་ཡོག་བསོད་ནམས། ཁྱེད་ཀྱིས་འདི་ལྟར་གསུངས་པ་བཀའ་དྲིན་ཆེ། ད་ལྟ་ངས་བློ་སེང་ལ་རྒྱབ་སྐྱོར་ཞུ་ཡི་ཡོད། གལ་སྲིད་བློ་བཟང་སེང་གེ་སྲིད་སྐྱོང་མ་ཆགས་ན་ཁོང་རང་སྒེར་གྱི་སྐུ་ཚེར་མཚོན་ན་་དངུལ་གསོག་ཡག་སོགས་དགེ་མཚན་ཆེ་ན་ཡང་། བོད་མི་རིགས་ལ་གྱོང་གུན་ཆེན་པོ་ཕོག་ཡོང་བ་དངོས་ཡོད་རེད།