༢༠༡༦ ལོའི་སྤྱི་ཟླ་ ༢ པའི་ཚེས་ ༢༨ ཉིན་གུས་མོས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་གྱི་ལས་གནས་ནས་རྩ་དགོངས་ཞུས་པ་ཡིན། དེ་ལྟར་བྱེད་དོན་ནི་ ༢༠༡༦ ལོའི་སྤྱི་ཟླ་ ༣ པའི་ཚེས་ ༢༠ ཉིན་ལ་བྱེད་རྒྱུའི་འོས་བསྡུ་ཆེ་མོའི་བགྲོ་གླེང་གི་ནང་ལ་ཞུགས་བདེ་བའི་ཆེད་དུ་ཡིན། བཀའ་བློན་ལས་ཐོག་གི་སྐབས་སུ་ང་རང་སྒེར་གྱི་བསམ་ཚུལ་སྤྱི་ཚོགས་སྟེང་ལ་བཤད་ཆོག་གི་མ་རེད།
ངས་རྩ་དགོངས་ཞུས་པ་ནི་ཕྱི་ལོགས་ཀྱི་གནོན་ཤུགས་གང་རུང་ཞིག་ལས་བྱུང་བ་མིན་ལ། སྐབས་རྗེས་མའི་བཀའ་ཤག་ཏུ་བསྐོ་བཞག་བྱེད་དང་མི་བྱེད་ལ་ཡང་འབྲེལ་བ་མེད། ངས་ད་དུང་མུ་མཐུད་ནས་བོད་ཀྱི་རྩ་དོན་དང་དབུས་བོད་མིའི་སྒྲིག་འཛུགས་ལ་ནུས་ཤུགས་ཅི་ཡོད་འདོན་རྒྱུ་ཡིན།
སྐྱབས་མགོན་༧གོང་ས་ཆེན་པོ་མཆོག་དགུང་ལོ་བརྒྱད་ཅུར་ཕེབས་ཚར་ཞིང་། སྐུ་ཚེ་གང་པོར་བོད་མིའི་ཕན་བདེའི་ཆེད་དུ་སྐུ་ངལ་བསྐྱོན་དང་སྐྱོན་བཞིན་པ་རེད། ལོ་རྒྱུས་ཀྱི་སྟེང་ནས་གཉན་འཕྲང་གི་དུས་འཚམས་འདི་འདྲ་ཞིག་ལ་༧གོང་ས་མཆོག་ང་ཚོའི་མགོན་དུ་ཕེབས་པ་ནི་ང་ཚོའི་བསོད་ནམས་ཡིན་པ་ནི་སྨོས་ཅི་དགོས། ཡིན་ན་ཡང་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཆེན་པོ་རྣམས་ང་ཚོའི་མདུན་ཕྱོགས་ན་ཡོད། ང་ཚོས་ངེས་པར་དུ་གདོང་ལེན་གྱི་གྲ་སྒྲིག་ཚགས་སུ་ཚུད་དགོས། དུས་ཚོད་འཕྲོ་བརླག་ཏུ་གཏོང་རྒྱུ་མེད། སྲིད་སྐྱོང་རྗེས་མ་ནི་ང་ཚོའི་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་བའི་གནད་འགག་ཅིག་ཡིན། སྲིད་སྐྱོང་གི་གོ་གནས་ནི་གང་ཟག་བྱེ་བྲག་པ་ཞིག་བོད་མི་དམངས་ཀྱིས་ཆབ་སྲིད་ཀྱི་དབང་ཆ་མཐོ་ཤོས་ལ་དབང་བསྐུར་བ་ཞིག་ཡིན། གཤམ་གསལ་ནི་ང་རང་གི་བསམ་ངོར་གོ་གནས་འདིའི་མི་ལ་འཛོམས་དགོས་པའི་མི་གཞིའི་ཡོན་ཏན་འགའ་ཡིན།
• ཐུན་མོང་གི་ཁེ་ཕན་ལ་ནུས་ཤུགས་འདོན་པ། སྲིད་སྐྱོང་ནི་གང་ཟག་གང་ཞིག་གི་ཀུན་སློང་དང་འབད་བརྩོན་ཚང་མ་ཐུན་མོང་གི་ཁེ་ཕན་ཆེད་ནུས་ཤུགས་འདོན་མཁན་ཞིག་དགོས།
• ཕྱོགས་ཡོངས་དང་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག་དགོས།
• ཟོལ་མེད། དོན་དངོས་རྗོད་མཁན་དང་། དྲི་ལན་དྲེང་པོར་འདེབས་མཁན། ཕྱི་གསལ་ནང་གསལ་ཅན་ཞིག་ཡིན་དགོས།
• ལས་དོན་མཉམ་རུབ་ཀྱིས་སྒྲུབ་མཁན། མཉམ་ལས་དང་། ཕན་ཚུན་རྒྱབ་སྐྱོར། ལམ་སྟོན་དང་སྐུལ་འདེབས་བཅས་ལ་བརྟེན་ནས་གཞན་པའི་ནུས་པ་ཆ་ཚང་འདོན་དུ་འཇུག་མཁན་ཞིག་དགོས།
• ཕྱིའི་མཐོང་སྣང་ལས་དོན་དངོས་རྩ་ཆེན་དུ་བརྩི་མཁན། ཕྱིའི་མཐོང་སྣང་ལས་ནང་གི་ལྗིད་ཁོག་གི་རིན་ཐང་ཤེས་མཁན་ཞིག་དགོས།
• གཞན་པ་ལ་བརྩི་བཀུར་ཡོད་པ། རང་གི་སྐབས་ཐོག་གི་ལས་གྲོགས་དང་ལས་ཀྱི་སྣེ་མོ་བ་སྔོན་མ་རྣམས་ཀྱི་མཛད་རྗེས་མཐོང་མཁན་ཞིག་དགོས།
• ཁེངས་སྐྱུང་། རང་བསྟོད་མི་བྱེད་པར། མི་ཞིག་གི་ཤེས་ཚད་དང་འཇོན་ཐང་ལ་ཚད་བཀག་ཡོད་པ་ཤེས་མཁན་ཞིག་དང་། གཞན་པ་ལ་བློ་འདྲི་བྱེད་ཅིང་གཞན་པའི་བསླབ་སྟོན་ལ་ཉན་ཐུབ་མཁན་ཞིག་དགོས།
• གདེངས་ཚོད། རང་གི་ཡོན་ཏན་གྱི་སྟེང་ལ་རྐང་པ་བཙུགས་ནས་ལངས་པ་མ་གཏོགས་༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་ལྟ་བུའི་སྐྱེས་ཆེན་དམ་པ་རྣམས་ཀྱི་བསྟོད་པ་རྣམས་སྤྱི་ཚོགས་ཀྱི་གུས་བརྩི་འཐོབ་བྱེད་ལ་བེད་སྤྱོད་མི་བྱེད་མཁན་ཞིག་དགོས།
• ཆོལ་ཁའི་ཕྱོགས་ཞེན་ལས་བརྒལ་བ། སྲོལ་རྒྱུན་གྱི་ལུང་ཚན་གྱི་འཐེན་འཁྱེར་ལྟ་བུ་ལས་བརྒལ་ནས་ལུང་ཚན་གྱི་ཕྱོགས་ཞེན་དེ་སྒེར་གྱི་འོས་ཤོག་ཐོབ་བྱེད་དུ་བེད་སྤྱོད་མི་བྱེད་མཁན་ཞིག་དགོས།
དོན་གནད་མཐའ་མ་དེའི་སྟེང་ངས་ད་དུང་ཚིག་ཁ་ཤས་བཤད་ན་འདོད། འདས་པའི་དུས་དང་བསྡུར་ན་ང་ཚོ་ཡར་རྒྱས་སུ་སོང་ཡོད་ན་ཡང་། ད་ལྟ་སྤེལ་བཞིན་པའི་འོས་འདེམས་འདི་ལ་ཆོལ་ཁའི་ཕྱོགས་ཞེན་ཤུགས་ཆེན་པོར་ཐོན་ཡོད། འདི་ནི་གཏོར་བཤིག་ཅན་ཞིག་ཡིན། ང་ཚོས་ང་ཚོའི་བུ་གུ་རྣམས་ལ་ཁོང་ཚོ་དང་པོ་བོད་པ་ཡིན་པའི་ངོས་ནས་དམངས་གཙོའི་ཁེ་དབང་བེད་སྤྱོད་བྱེད་དགོས་པ་དང་། འོས་ཤོག་འཕེན་དུས་དོན་རྩ་ལ་བལྟས་ནས་འཕེན་པ་མ་གཏོགས་ཆོལ་ཁའི་ངོས་ནས་མི་འཕེན་པའི་བསླབ་བྱ་རྒྱག་དགོས། ང་ཚོས་སྐབས་རྗེས་མ་ ༢༠༢༡ ལོར་ང་ཚོ་ཐུན་མོང་ངོས་ནས་ནར་སོན་བྱུང་བ་མཐོང་རྒྱུའི་རེ་སྨོན་བྱེད།
ད་རེས་ཀྱི་འོས་འདེམས་ཀྱི་རིང་ལ། བགྲོ་གླེང་བྱས་པའི་དོན་དག་རྣམས་བོད་ནང་གི་ད་ལྟའི་གནས་སྟངས་དང་ང་ཚོའི་ཆབ་སྲིད་ཀྱི་ལས་འགུལ་ལ་འབྲེལ་བ་མེད་པ་ནི་བློ་ཕམ་དགོས་པའི་གནས་ཤིག་ཡིན། བརྒྱ་ཆ་གོ་བརྒྱད་ཟིན་པའི་གཞིས་བཞུགས་བོད་མིའི་བདེ་དོན་གལ་ཆེན་བརྩི་རྒྱུ་ནི་ང་ཚོའི་བཟང་སྤྱོད་ཀྱི་འགན་འཁུར་ཡིན། བོད་ལ་བྱུང་བའི་རང་སྲེག་དང་། ཉེ་ཆར་ཡང་རྒྱ་གར་ནང་ལོ་ ༡༦ ཅན་གྱི་རྡོ་རྗེ་ཚེ་རིང་དང་། བོད་ནང་དཀར་མཛེས་ཁུལ་དུ་ལོ་ ༡༨ ཅན་གྱི་གྲྭ་པ་སྐལ་བཟང་དབང་འདུས་གཉིས་ཀྱིས་རང་སྲེག་བྱས་པ་ནི་ང་ཚོའི་སྙིང་ལ་གཟན་པའི་དྲན་གསོ་ཞིག་ཡིན།
༢༠༡༦ ལོའི་སྤྱི་ཟླ་ ༣ ཚེས་ ༢༠ ཉིན་བོད་མི་ཚོས་རང་རང་གི་ཁེ་དབང་དང་རྣམ་དཔྱོད་བེད་སྤྱོད་དེ་འོས་ཤོག་འཕེན་དུ་འགྲོ་གི་ཡོད་དུས། ཚང་མས་རང་འགན་གཟབ་ནན་གྱི་ཁྱེར་རྒྱུ་དང་། གཞིས་ལུས་བོད་མི་རྣམས་ཀྱི་ཆེད་དུ་རྒྱུ་མཚན་དང་ལྡན་པའི་འདེམས་བསྐོ་ཞིག་བྱེད་རོགས་ཞེས་འབོད་སྐུལ་ཞུ་གི་ཡོད། ང་ཚོས་མ་འོངས་པའི་དཀའ་ངལ་གདོང་བྱེད་ཐུབ་པ་ལ་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཡིན་ན་ཡང་ང་ཚོས་ངེས་པར་དུ་ང་ཚོ་ལ་འགོ་འདྲེན་བྱེད་མཁན་གྱི་གང་ཟག་མ་ནོར་བ་ཞིག་འདེམས་དགོས།
མཐའ་སྡོམ་དུ། ངས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་དང་། ལྷག་པར་དུ་ལོ་བཞི་དང་ཕྱེད་ཀའི་རིང་ང་དང་མཉམ་དུ་ལས་དོན་སྒྲུབ་མཁན་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་རྣམས་ལ་བླ་ན་མེད་པའི་གུས་བརྩི་ཞུ་གི་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་ཡང་དག་གི་འགོ་ཁྲིད་འོག་ཏུ་བོད་དང་བོད་མིའི་ཕུགས་རྒྱང་རིང་བའི་ཁེ་ཕན་མཚོན་ཐུབ་པ་ངས་སེམས་གཏིང་ཡིད་ཆེས་བྱེད་ཀྱི་ཡོད།
༢༠༡༦ ལོའི་སྤྱི་ཟླ་ ༣ པའི་ཚེས་ ༦ ལ།
ཡག་པོ་གསུངས་འདུག སྐུ་ངོ་སྲིད་སྐྱོང་ལ་རྒྱང་མདའ་དུག་ཅན་ཞིག་འཕངས་འདུག་པས། གཟབ་རོགས་གནང་ཞུ་བ་ཡིན། ད་དུང་མུ་མཐུད་ནས་སྨྱོ་མཆོངས་བརྒྱབས་ན། དཔལ་འབྱོར་བཀའ་བློན་དང་བདེ་སྲུང་བཀའ་བློན་གཉིས་ཀྱང་ཕེབས་ངེས་ཡིན།
འཕྲོད་བསྟེན་བཀའ་བློན་མི་ཡོང་བ་བདེན་པ་རེད་དེ། ལས་བྱེད་སྐོར་ཞིག་གིས་གྲ་སྒྲིག་གནང་བཞིན་འདུག ཟས་བཅད་ངོ་རྒོལ་ཞིག་མི་འགྱང་བར་ཡོང་རྒྱུ་ཡིན་པ་གསལ་པོ་རེད། བདེན་པ་ཡོད་ན། དེ་ག་རང་བཞག་དང་དེ་ནས་ཤེས་ཡོང།
བཀའ་ཟུར་མཆོག་གིས་བཏོན་གནང་བའི་ཆ་རྐྱེན་ཁག་ནི་མི་དབང་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུང་བཞིན་པའི་རིགས་ལམ་བཞི་དང་གཅིག་མཚུངས་སུ་འདུག་པས། བཀའ་ཟུར་མཆོག་གིས་གང་ཞིག་གསལ་སྟོན་བྱེད་བཞིན་པ་ཧ་ཅང་གསལ་བོ་འདུག དངོས་གནས་སྤྱི་ཚོགས་ལ་འགན་ཁུར་བའི་མཛངས་མ་ཁྱད་དུ་འཕགས་པ་ཞིག་རེད་འདུག ལྷག་པར་དུ།
(མཐའ་སྡོམ་དུ། ངས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་དང་། ལྷག་པར་དུ་ལོ་བཞི་དང་ཕྱེད་ཀའི་རིང་ང་དང་མཉམ་དུ་ལས་དོན་སྒྲུབ་མཁན་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་རྣམས་ལ་བླ་ན་མེད་པའི་གུས་བརྩི་ཞུ་གི་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་ཡང་དག་གི་འགོ་ཁྲིད་འོག་ཏུ་བོད་དང་བོད་མིའི་ཕུགས་རྒྱང་རིང་བའི་ཁེ་ཕན་མཚོན་ཐུབ་པ་ངས་སེམས་གཏིང་ཡིད་ཆེས་བྱེད་ཀྱི་ཡོད།) ཅེས་གསལ་བ་འདིས་ད་ལྟའི་བཀའ་ཤག་ལ་བཟུང་བའི་ཁོང་གིས་ལྟ་ཚུལ་གསལ་བོར་བརྗོད་འདུག་ན། རྣམ་པ་ཚང་མས་རྩ་དོན་སེམས་ལ་བཅངས་ཏེ། མི་སྒེར་གྱི་མ་འོངས་པའི་མིང་གནས་དང་ནུབ་ཕྱོགས་སྤྱི་ཚོགས་སུ་མགོ་བོ་མཐོན་པོ་བྱེད་ཐབས་ཙམ་ལ་བོད་མིའི་རང་དབང་རྩོད་ལེན་གྱི་སྒྲིག་འཛུགསa་རྐང་སྟེགས་སུ་བེད་སྤྱོད་གཏོང་བའི་བློ་སེང་གི་སྐོར་ལ་ཚང་མས་བསམ་གཞིག་ཡག་པོ་གནང་རོགས་ཞུ་རྒྱུ་ཡིན། བོད་མི་དམངས་དངོས་གནས་སད་རན་ཡིན་ལ། ལྷག་པར་དུ་ཁམས་པ་མི་དམངས་སད་རན་ཡིན།
ཆོལ་ཁའི་ཞེན་གོག་མ་གཏོགས་ལྷག་བསམ་རྨ་མེད་ཀྱི་སྐད་ཆ་གང་ཡང་མི་འདུག་བློ་སེང་གི་བཀའ་བློན་ལ་བསྐོས་པའི་དྲིན་ལན་ལོག་མཇལ་རང་རེད་ཚེ་འདི་ཕྱི་ལས་རྒྱུ་འབྲས་འཕྲེལ་ངོ་ཚ་གང་ལའང་བརྩི་མི་དགོས་པ་རྗེས་མ་སྤེན་པ་སྲིད་སྐྱོང་ལ་ཐོབ་ན་བཀའ་བློན་ལ་རག་ཐབས་རང་རེད་དོ་།
བཀའ་ཟར་བདེ་སྐྱིད་ཆོས་དབྱངས་ཀྱིས། རང་ཉིད་ད་ལྟའི་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀའི་མཉམ་དུམགཞུང་སོན་སྒྲུབ་མྱོང་བ་དང་། རྒྱུས་ཡོད་ཀྱི་ཆ་ནས། སྲིད་སྐྱོང་གི་འོས་དེ་སྤེན་པ་ཚེ་རིང་ལ་འཕེན་རྒྱུ་ཡིན། དེ་ཡང་། ངས་བཏོན་པའི་སྲིད་སྐྱོང་གི་ཆ་རྐྱེན་དེ་གཞི་ལ་བཞབ་ནས་ཡིན་ལབ་འདུག འབྲེལ་ཐག་འདི་ནས་ཉོནད།
https://www.facebook.com/lobsang.n.gyatso/posts/1032556253470955
གཤམ་གྱི་དྲ་ཐག་ན་བདེ་སྐྱིད་ཆོས་དབྱངས་ཀྱི་ལྟ་ཚུལ་བགྲོ་གླེང་བྱས་པ་འདུག
http://www.rfa.org/tibetan/exile/diki-choeyang-to-support-penpa-tsering-03082016112854.html/f66fb2f72f51f0bf66f90fb1f7cf44f0bf60f7cf66f0bf58f72f0bf66fa4f7af53f0bf54f0bf5af7af0bf62f72f44f0bf63f0bf60f7cf66f0bf60f55f7af53f0bf61f42f0bf61f72f53f0bf42f66f74f44f66f0bf66f7cf44f0bf0d
ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུའི་བར་དུ་ནང་ཁྲོམ་བསྟན་རྒྱུ་མེད་ན་མ་གཏོགས་བསྟན་དགོས། དེ་ནས་ཁྲོམ་གཟིགས་པ་ཚོས་རིན་ཐང་སྤྲོད་ཀྱི་རེད།
དེང་སང་སྐད་ཆ་ཁ་ཐུག་ཤོད་པའི་དུས་ཚོད་རེད།ཡར་ཀྱོག་མར་ཀྱོག་གིས་སྤྱི་ཚོགས་ནང་དུ་འཐོམ་འཇུག་གི་རེད། དེ་ལས་དངོས་གཞི་འོས་བསྡུ་མ་བྱས་གོང་གི་ཉིན་གསུམ་སྔོན་བཀའ་ཟུར་ལགས་ཀྱིས་རྒྱས་བཤད་གནང་རོགས། དེ་མིན་འོས་བསྡུ་རྗེས་རྒྱས་བཤད་ག་ཚོད་བྱས་ཀྱང་ཕན་འབྲས་ཡོང་གི་མ་རེད།
བཀའ་ཟུར་བདེ་ཆེན་ཆོས་དབྱངས་ཀྱིས་བོད་སྤྱི་ལ་ཕན་པའི་སྡུག་སྐད་ཁ་ཐུག་ལ་བཤད་པ་དེ་ཡི། གསུངས་སྒྱུར་བ་གནམ་གྱིས་ཕུལ་ལོ།
• ཐུན་མོང་གི་ཁེ་ཕན་ལ་ནུས་ཤུགས་མི་འདོན་མཁན་གྱི་དབུ་ཁྲིད། སྲིད་སྐྱོང་བློ་བཟང་ནི་ཀུན་སློང་དང་འབད་བརྩོན་ཆ་ཚང་ཐུན་མོང་གི་ཁེ་ཕན་ཆེད་ནུས་ཤུགས་འདོན་མཁན་ཞིག་མིན།
• ཕྱོགས་ཡོངས་དང་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག་དགོས་བའི་ཆ་རྐྱེན་དེ་བློ་སེང་ལ་མེད།
• ཟོལ་ཡོད་མིན་པ། དོན་དངོས་མི་རྗོད་མཁན་དང་། དྲི་ལན་དྲེང་པོར་མི་འདེབས་མཁན། ཕྱི་གསལ་ནང་གསལ་ཅན་ཞིག་རྩ་བ་ནས་མིན་པ་ནི་བློ་སེང་ཡིན།
• ལས་དོན་མཉམ་རུབ་ཀྱིས་མི་སྒྲུབ་མཁན། མཉམ་ལས་དང་། ཕན་ཚུན་རྒྱབ་སྐྱོར། ལམ་སྟོན་དང་སྐུལ་འདེབས་བཅས་ལ་བརྟེན་ནས་གཞན་པའི་ནུས་པ་ཆ་ཚང་འདོན་དུ་འཇུག་པ་ལ་སྐྲག་སྣང་དང་ཕྲག་དོག་ཡོད་མཁན་ནི་བློ་སེང་ཡིན།
• ཕྱིའི་མཐོང་སྣང་ཙམ་ལས་དོན་དངོས་རྩ་ཆེན་དུ་མི་བརྩི་མཁན། ཕྱིའི་མཐོང་སྣང་ཁོ་ན་ལས་ནང་གི་ལྗིད་ཁོག་གི་རིན་ཐང་མི་ཤེས་མཁན་ནི་བློ་སེང་ཡིན།
• གཞན་པ་ལ་བརྩི་བཀུར་མེད་པ། རང་གི་སྐབས་ཐོག་གི་ལས་གྲོགས་དང་ལས་ཀྱི་སྣེ་མོ་བ་སྔོན་མ་རྣམས་ཀྱི་མཛད་རྗེས་མི་མཐོང་མཁན་ནི་བློ་སེང་ཡིན།
• ཁེངས་དྲགས་ཆེ་བ་། རང་བསྟོད་རྐྱང་རྐྱང་བྱེད་པ། གཞན་པ་ལ་བློ་འདྲི་མི་བྱེད་ཅིང་གཞན་པའི་བསླབ་སྟོན་ལ་ཉན་མི་ཐུབ་མཁན་གྱི་མི་ནི་བློ་སེང་ཡིན།
• དམངས་མགོ་སྐོར་བའི་གདེངས་ཚོད་འཚོལ་བ་ལ། ༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་ལྟ་བུའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ངོ་བསྟོད་ཙམ་མ་ཙིག་པོ་རྣམས་སྤྱི་ཚོགས་ཀྱི་གུས་བརྩི་འཐོབ་བྱེད་ལ་བེད་སྤྱོད་བྱེད་པའི་རང་དོན་ཁེ་ཕན་ལེན་མཁན་ནི་བློ་སེང་ཡིན།
• ཆོལ་ཁའི་ཕྱོགས་ཞེན་ལ་འཐུམ་པ། སྲོལ་རྒྱུན་གྱི་ལུང་ཚན་གྱི་འཐེན་འཁྱེར་ལྟ་བུ་ལ་རྐུབ་བཙུགས་ནས་ལུང་ཚན་གྱི་ཕྱོགས་ཞེན་དེ་སྒེར་གྱི་འོས་ཤོག་ཐོབ་བྱེད་དུ་བེད་སྤྱོད་བྱེད་མི་མཁན་མཁས་བ་དེ་ནི་བློ་བཟང་སེང་གེ་ཡིན།
བྱས་ཙང་ཁོ་ཡག་པོ་མི་འདུག། བོད་མིའི་དབུ་ཁྲིད་ལ་མི་འོས་སོ། སྐད་ཆ་དོན་ཆེན་འདི་མི་མང་ལ་བཤད་པའི་ཆེད་དུ། ང་བཀའ་བློན་བདེ་ཆོས་དབྱངས་ནས་འདི་དག་གལ་ཆེ་དོན་ཆེན་ལ་མཐོང་ནས། ཁོང་གི་རང་མཚང་མི་དམངས་ལ་བཤད་པའི་ཆེད་དུ་དགོངས་པ་ཞུས་བ་ཡིན།
འོས་བླུག་དང་མི་བླུག་རང་ཚོས་བོད་ཕྱི་ནང་གི་བདེ་སྡུག་གཙོར་མཐོང་གིས་བོད་མིའི་སྐབས་དང་དུས་ལ་མཐུན་པའི་བསམ་བློར་ཚད་བཅོལ་ནས། གང་གཟབ་གཟབ་དང་གང་ཡོང་ཡོང་གིས་འདེམས་མ་འཁྱུག་པ་བྱེད་པའི་དགེ་རྩ་ཅི་ཡོད་བོད་མི་ཡོངས་ལ་བསྔོས་སོ།
གང་ཡིན་ད་རུང་གསལ་བོ་མ་ཤེས་ཐ
མཁྲིས་ནད་ཅན་ལ་གངས་རི་སེར་པོ་མཐོང་། ཟེར་བ་ལྟར་རེད། གསུངས་རོགས་གནང་། ག་ཚོད་མང་བ་གསུངས་པ་ཙམ་གྱིས་གོ་རྟོགས་ཆེ་རུ་འགྲོ་གི་འདུག། ཐུགས་རྗེ་ཆེ། དོན་སྙིང་སྲིད་སྐྱོང་བློ་སེང་མཆོག་མཚན་སྙན་ཆེན་པོ་ཆགས་ན་ཁྱེད་ཚོ་དགའ་པོ་མེད་པ་དེ་རེད་འདུག་ག། ཕྲག་དོག་ཅན་ཚོ།
ད་ལོའི་སྲིད་སྐྱོང་དེ། སྲིད་སྐྱོང་དེ་རང་། མུ་མཐུད་བྱེད་དུ་བཅུག་ན། ཡག་བགྱིད་རེད། གཞན་ལ་སྒྲོ་བསྐུར་བྱེད་འདོད་མེད་ལ། བློ་སེང་ལགས་ཀྱི་ཡོན་ཏན་ཐོལ་པ་ཡང་བརྗོད་འདོད་མེད་དོ།།
ནང་སྲིད་དང་། ཤེས་རིག་བཀའ་བློན་གྱིས། བློ་སེང་ལགས་ལ། རྒྱབ་སྐྱོར་གནང་བ།
https://www.facebook.com/photo.php?fbid=199131700456767&set=a.120831648286773.1073741828.100010798146019&type=3&theater
བཀའ་བློན་གཅིག་གིས་རྒྱབ་སྐྱོར་མ་བྱས་པ་དང་། བཀའ་བློན་གཉིས་ཀྱིས་རྒྱབ་སྐྱོར་བྱས་པ་གཉིས་གང་དེ་ནུས་ཤུགས་ཆེ་བ་རེད་དམ། ལགས།
ཀ་རྡོ་འཁྲབ་སྟོན་འདྲ་བོ་བྱེད་ཀི་མ་འདུག་སུན་གི་ནམ་ཡིན་ན་
དོན་དངོས་མི་མཐོང་པའི་མིག་གཉིས་དེས་ཅི་བྱེད