—-དཀོན་མཆོག་རྒྱ་མཚོ།
གྲྭ་ས་ཁག་དང་ཡང་ན་དགོན་སྡེ་ཁག་གི་གྲྭ་པ་སྲིད་ལ་དགའ་ཞིང་སྲིད་དོན་ལ་ངེས་ཤེས་མ་འདྲོངས་པ་དག་གིས་བོད་ཀྱི་ཆབ་སྲིད་ལ་བྱུས་གཏོགས་བྱེད་པ་ནི། བོད་ལ་གྱོང་ལས་ཁེ་ཞིག་རྩ་བ་ཉིད་ནས་བྱུང་མེད།
ཕྱིས་ཀྱང་གྱོང་ལས་ཁེ་མེད་པ་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ན་ཤེས། བཙན་པོའི་རྒྱལ་རབས་རབ་བྱུང་བས་གཏོར་བ་རེད་ལ། རྒྱལ་བ་བཅུ་གསུམ་པའི་དགོངས་གཞིར་གྱུར་པའི་མང་གཙོའི་ཀ་བ་གསུམ་ཡང་རབ་བྱུང་བ་དག་གིས་ཆོས་རའི་རིགས་ལམ་ཁུར་ནས་འཛུགས་མ་བཅུག་པ་རེད།
བོད་ཀྱི་སྤྱི་འཐུས་ནང་ལ་ཉོག་གླེང་འབྱུང་དུས་ཀྱང་གྲྭ་པ་དག་གིས་དཔུང་ཤ་ངོམ་པ་ལ་བརྟེན་ནས་བྱུང་བ་རེད། མདོར་ན། གྲྭ་པ་སྲིད་ལ་དགའ་བ་དག་ལ་དོགས་ཟོན་མཛོད་ཅིག
སྲིད་ལ་དགའ་ཞིང་བཤད་ལ་དགའ་བའི་གྲྭ་པ་ཆབ་སྲིད་པ་བཅོས་མ་དག་གིས་སྐད་ཆ་གང་བཤད་ཀྱང་ཚོར་བ་གཙོ་བོ་བྱེད་པ་ལས། གནས་ལུགས་ལ་གཞི་བཅོལ་བ་ཕ་རིའི་སྤང་རྒྱན་རེད།
ཚོར་བའི་དབང་དུ་སོང་བའི་མི་ཞིག་ལ་མཚོན་ན། རང་ཉིད་ལ་དངོས་ཡོད་ལ་བསམ་གཞིགས་བྱེད་པའི་འདུན་པ་མེད་ལ། གཞན་གྱིས་བཤད་པའི་དོན་དངོས་ལ་ཉན་པའི་སྤྲོ་སྣང་མེད།
མདོར་ན་རང་གིས་གང་བྱས་ཡང་དག་པ་དང་། རང་གིས་གང་འདོད་པ་ཚད་མ་ཡིན་པ་ལས་དེ་ལས་གཞན་ཞིག་ཡོད་པར་ཁས་མི་ལེན།
ཚོར་སྣང་ཙམ་པོ་སྨྲ་བའི་མི་དག་ལ་གཤིས་ཀ་མེད་པས། གཞན་གྱིས་གང་བཤད་ལ་མི་དཔྱོད་པར་ལྒང་ཕུག་ལ་དབྱིངས་རླུང་བརྒྱབ་པ་བཞིན་ཁ་ཡག་དང་ངོ་བསྟོད་འགའ་ཤས་ཀྱིས་གནམ་ལ་ལྡིང་ས་ལ་སྣུར་བ་སོགས་བྱེད།
དེ་ནི་གྲྭ་པ་སྲིད་ལ་དགའ་བ་དག་ལ་ཡོངས་སུ་ཚང་། གྲྭ་པ་སྲིད་ལ་དགའ་བ་དག་ལ་རྩ་མི་ཚང་བའི་ཞད་ཡོད་པས་ཆབ་སྲིད་བཤད་ལ། རྩོམ་རིག་བཤད། སློབ་གསོ་བཤད། མ་ཟད་ཕོ་མོའི་བརྩེ་དུང་སྐོར་དང་། འཁྲིག་སྤྱོད་ཚུན་ཆད་བཤད་ངེས་པས་འདི་དག་གི་བྱ་སྤྱོད་དང་། སྐད་ཆ་ལ་རིན་ཐང་མེད་པས་ཡིད་ཟོན་མཛོད་ཅིག
གྲྭ་པ་སྲིད་ལ་དགའ་བ་ཚོའི་ཁ་ནང་གི་མི་རིགས་དང་། མཐུན་སྒྲིལ། བདེན་པ་ཟེར་བ་ནི་ཁ་གཡང་ཙམ་ལས་། དོན་དམ་པར་རང་གི་སེམས་འདུན་ཁྲོད་གནས་པའི་ཆོལ་ཁ་དང་། ཆོས་ལུགས། གང་ཟག་སྒེར་མི་ཡིན་པས་དེ་དག་གི་བྱ་སྤྱོད་ཀྱི་རྗེས་ལ་ཁྱི་བཞིན་འདུར། ཝ་བཞིན་བརྒྱལ་ན་སྤྱིའི་ཁེ་ཕན་ལ་གནོད་ངེས།
སྲིད་དགའི་གྲྭ་པ་དག་གིས་ཆབ་སྲིད་མི་ཤེས་པ་ནི། ཁོང་ཅག་གིས་གླེང་སློང་ཁྲོད་ཀྱི་སྐད་ཆ་ལ་བལྟས་ན་ཤེས་ཏེ། སྲིད་སྐྱོང་འོས་མིའི་ཁྲོད་དུ་ང་ཚོ་ལ་དགོས་པ་ནི། སྐྱོན་བརྗོད་དང་། ལེགས་ཆ་ཡིན་པ་ལས། བསྙོན་འཛུགས་དང་། ཕན་ནུས་མེད་པའི་སྐད་ཆ་ག་ལ་ཡིན་མོད། དྲ་ཐོག་གི་ཡི་གེ་ཤེས་པའི་གྲྭ་པ་དག་གི་སྐད་ཆ་ལ་སྐྱོན་བརྗོད་མེད་ལ། ལེགས་ཆ་ཡང་མེད་པར་བསྙོན་འཛུགས་དང་ཕན་ནུས་མེད་པའི་སྐད་ཆ་ལབ་ལོབ་དག་གིས་ཁེངས་པར་བྱས་འདུག་པ་འདིས་ཤེས་སོ།།
ཡི་གེ་མི་ཤེས་པའི་གྲྭ་ལོག་དང་མི་ནག་འགའ་ལ་དཔྱོད་པའི་ཤེས་རབ་མེད། བསམ་པའི་འདུ་ཤེས་མེད། སྨྲ་བའི་ལྕེ་རྩལ་མེད་པས་སྲིད་དགའི་གྲྭ་པ་འགའ་ཞིག་གི་བདེན་མེད་ཚོར་སྣང་ཙམ་གྱི་སྐད་ཆ་ཐན་ཐུན་ལ་ཡིད་བཅོལ། ཞེ་དུང་ནས་ཡོད་པ་འདི་དག་ནི་ངོ་མ་སྙིང་རེ་རྗེ་ཨང་།
ཡིག་ནོར་འབྲི། བསྙོན་འཛུགས་བྱེད། དཀྲུགས་ཤིང་རྒྱག པར་རྫུན་བཟོ། བཙན་བཀའ་གཏོང་། འཇིགས་སྐུལ་བྱེད། འདི་དག་ཚང་མ་སྲིད་དགའི་གྲྭ་པ་འགའ་དང་། ཤེས་མེད་གྲྭ་ལོག་དང་མི་ནག་འགའ་ཞིག་གི་བྱེད་ལས་སོ།།
མི་མང་བྱིངས་ཀྱིས་རེ་བ་རྒྱག་ས་ནི། མཐུན་སྒྲིལ་ཡིན། རིགས་ཀྱི་འདུ་ཤེས་ཡིན། དཀའ་སྡུག་མཉམ་མྱོང་ཡིན། བདེ་སྐྱིད་ལྷན་རོལ་ཡིན་པ་ལས། ཁྱེད་ཅག་ལྟར་བསམ་བློ་གཏོང་མཁས་པོ། སྨྲ་མཁས་པོ་མེད་པས་ཁྱེད་ཅག་གི་སྐད་ཆ་ཞེན་སྣང་ཚ་བོ་དེ་ཚོ་ང་ཚོ་མང་ཚོགས་ནང་མ་འཕེན་རོགས། ང་ཚོ་བསུན་སྣང་སྐྱེ། ཉོབ་སྣང་ཡོང་།
གནས་ལུགས་ལྡན་པའི་གསུང་དུམ་འདིས་བྱེད་ལས་རྩོག་པའི་གྲྭ་གཟུགས་དག་གི་ལུས་ཀྱི་གདོན་ཞི་བར་བྱེད་པར་གྱུར་ཅིག སྙིང་གི་ནད་སངས་པར་གྱུར་ཅིག
གྲྭ་བ་དང་གྲྭ་ལོག་ཚོས་ཆབ་སྲིད་མ་ཤེས་མཁན། སྤྱི་ཚོགས་དཀྲུགས་མཁན་ཆགས་ས་རེད།
གྲྭ་བ་དང་གྲྭ་ལོག་ཚོར་ལས་ཀ་གཞན་མེད་སོང་བ་ཡིན་ནམ།
གྲྭ་བས་སྲིད་ལ་ཇུས་གཏོགས་བྱེད་མ་ཉན་ན་ཤྭཀྱའི་དགེ་སློང་ཏྭ་ལའི་བླ་མ་དང་ཟམ་གདོང་བླ་མ་གཉིས་ལ་ལབ། ཁོང་གཉིས་ཀྱིས་སྲིད་ལ་ཇུས་གཏོགས་མ་བྱས་ན་གྲྭ་པ་ཆུང་ཆུང་དེ་ཚོ་རང་བཞིན་གྱི་འགག་འགྲོ་གི་རེད། སྟག་བཞག་ནས་ཞི་མིའི་ཐོག་ཏུ་ཀི་ཤ་བརྒྱབ་ནས་ཅི་ཕན་ནམ།
རྩོམ་ཐུང་འདི་ནི་ངོ་མ་སྨན་ཞིག་ཀྱང་།།
སྨན་འདི་མཁོ་སའི་གྲྭ་རྒན་མགོ་སྟོང་ཚོས།།
རང་ཉིད་ཤི་སར་མ་བསྐྱལ་བར་དུ་ནི།།
ཤི་རྐྱེན་ན་ཚ་ཤེས་ཐབས་མི་བྱེད་ཚོད།།
གང་ལ་ཤེས་རྟོག་ཉམས་མྱོང་མེད་པ་ན།།
དེ་ལ་ཤིན་ཏུ་ཁ་སེམས་འཐོན་ལུགས་དེ།།
ལྡོག་ཕྱོགས་བྱ་བར་ངང་གིས་ཡིད་སྨོན་འདི།།
ལང་ཤོར་གྲྭ་རྒན་ཚོ་ཡི་གཤིས་ཀ་ཞིག།
དབེན་པའི་དགོན་ན་བསྟན་པ་འཛིན་གྱིན་དུ།།
འཕགས་ནོར་གང་ལ་གཞོལ་བའི་འདུས་སྡེ་ཡི།།
མཚན་དོན་གཉིས་པོ་བར་སྣང་ལ་སྐྱེལ་བ།།
བསྟན་བཤིག་གྲྭ་རྒན་འགའ་ཡི་འགྲོ་སྟངས་ཨང་།།
ཐེ་ལན་ལ་སོགས་ནང་པའི་རྒྱལ་ཁབ་འགའི།།
གྲྭ་བར་གཟས་པའི་ཁྲིམས་དང་སྲོལ་བཟང་དག།
མི་འགྱང་རང་རེའི་རབ་དུ་བྱུང་བ་ཚོར།།
ཡོད་པའི་སྨོན་ལམ་དཀོན་མཆོག་གསུམ་པོར་འདེབས།།
ད་ལེན་ད་གནད་ལ་ཁེལ་བ་ཞིག་ལབ་འདུག ཡར་དགོན་པའི་ཁྲིམས་ལ་མི་གནས་་་་མར་གྲོང་བའི་སྲིད་ལ་ཇུས་གཏོགས། དགོས་པའི་ཆོས་མི་སྦྱང་་་་མི་དགོས་པའི་སྲིད་སྦྱང་། འདིའི་རིགས་ལ་ངེས་པར་དོག་ཟོན་བྱེད་དགོས།
གྲྭ་གཟུགས་སྲིད་གཉེར་བ་དག་ནི་སྤྱི་ཚོགས་དཀྲུག་མཁན་གཏེ་བོ་དག་རེད། དངོས་ནས་བོད་ཀྱི་དགོན་སྡེ་ཁག་གིས་འདིའི་རིགས་ལ་དག་ཐེར་ཞིག་བྱ་རན་འདུག བྱ་ལས་བྱེད་ལས་མི་མཚུངས་བའི་གྲྭ་གཟུགས་འཛིན་པ་མང་པོ་ཞིག་ལ། ཆབ་སྲིད་ཀྱི་ལྟ་རྒྱ་མཐོང་རྒྱ་ཅི་ཡང་མེད་པར། ཕྱོགས་ཞེན་གྱི་གནོག་ལས་ཁོ་ན་ལ་འབད་པས། མི་དམངས་རྨོངས་ཞེན་པ་ཁག་ཅིག་གིས་དེ་དོན་མ་ཤེས་པར་མིག་མེད་གཡང་མཆོང་ལྟར་འགྲོ་བཞིན་པ་དེས། ང་ཚོའི་དམངས་གཙོ་ལ་བཀག་རྒྱ་ཆེ་ཆེར་བཟོ་བཞིན་ཡོད། བོད་ཀྱི་གྲྭ་བ་སྲིད་དགའ་བ་མང་ཆེ་བ་ཞིག་ནི་ཕྱོགས་ཞེན་དང་ཆོལ་ཞེན་རྐྱང་ལས་དོན་དངོས་ལ་ལྟ་མཁན་ཧ་ཅང་ཉུང་། དེ་ཡང་བསམ་ཞིང་བསམ་ན་ཁག་མེད་པ་ཞིག་འདུག མ་གཞི་ཁོ་བ་ཚོས་སྦྱང་གཞིའི་སློབ་གསོ་ཡང་དེ་འདྲ་ཞིག་གི་རྒྱ་ལས་ཐར་ཐུབ་ཀི་མེད་པ་ལྟར། ཀུན་མཁྱེན་ཡིག་ཆ་ཟེར་བ་འདྲ་བོ། པཎ་ཆེན་ཡིག་ཆ་ཟེར་བ་འདྲ་བོ། དེ་ལས་བརྒལ་སོང་ན་རིགས་ཡིན་པར་ཁས་མི་ལེན་པ་འདྲ་བོ་རྐྱང་གིས། ཁོ་ཚོ་དེ་འདྲ་བའི་བཟོ་གྲྭ་ཅ་ལག་ཡིན་དུས་ཁོ་ཚོ་སྲིད་ལ་ཞུགས་ན་འཐེན་འཁྱེར་དང་ཕྱོགས་ཞེན་ལས་ཅི་ཡང་ཤེས་མི་སྲིད། དེ་བས་ངས་ནི་ནམ་ཞིག་ལ་གྲྭ་གཟུགས་འཛིན་པ་ཚོས་སྲིད་ཀྱི་འཇིག་རྟེན་ནས་ཚར་གཅོད་ཐུབ་བམ་འདོད་ནས་ཡོད།
བདེན་པ་རེད། ང་ཚོ་བླ་རྒན་སྲིད་དགའ་ཁ་ཤས་ཤིག་གི་ལག་ཆ་ཆགས་བསྡད་ཡོད་པ་ཤེས་ན་ཡག་པོ་འདུག
ངོ་མ་རེད་ཡ། ཕྱོགས་རིས་ཀྱིས་འཚོས་པའི་གྲྭ་གཟུགས་ཀྱི་ནང་ན་མཁན་པོ་དང་དགེ་བཤེས། བླ་སྤྲུལ་གྱི་མིང་འཁུར་མཁན་ཡང་མང་པོ་ཞིག་འདུག ཆབ་སྲིད་དང་ཕྱོགས་རིས་ཀྱི་ནད་དུག་གིས་ཟིན་པ་འདི་ཚོ་སངས་རྒྱས་ཆོས་ཀྱིས་འདུལ་མི་ཐུབ་པ་ཐག་ཆོད་རེད་འདུག
བྱས་ན་འདི་ཚོ་འདུལ་བར་ཐབས་ལམ་གཞན་པ་ག་རེ་ཡོད་པ་རེད་དམ། མོའོ་ཚེ་ཐུང་དང་གུང་ཁྲན་ཏང་གི་དྲག་ལས་དེ་ལྟ་བུ་ཞིག་དགོས་པ་རེད་དམ། གྲྭ་བ་གྲྭ་བས་སར་བསྡད་ན་ཅི་མ་རུང་་་ཨ་ཁ་ཁ
རེད་རེད་ང་ཚོ་ཚང་མ་སྲིད་ལ་དགའ་བའི་བླ་མའི་སློབ་བུ་ཤ་སྟག་རེད། ད་ཚོགས་གཙོ་ཆང་གིས་བཟི། སྲིད་སྐྱོང་ཆགས་པས་བཟི། བླ་གྲྭ་སྲིད་ཀྱིས་བཟི། མང་ཚོགས་རྨོངས་དད་ཀྱིས་བཟི། དྲ་འབུ་ཕྲག་དོག་གིས་བཟི། རྒྱལ་འབང་ཐམས་ཅད་བཟི་འདུག
བདེན་པ་འདྲ་ལབ་འདུག་ཡིན་ན་ཡང་གྲྭ་བ་ཀུན་འདི་ལྟར་ཡིན་པའི་ངེས་བ་མེད་དེར་བརྟེན་གྲྭ་བ་ཀུན་གྱིས་འདི་བདག་དབང་མི་བྱེད་པའི་རེ་བ་ཡོད།
བློ་སེང་དང་སྤེན་ཚེ་ཕྱོགས་གཏོགས་ཀྱིས་ཆོལ་ཞེན་ལྟ་བ་ཐབས་རྡུགས་འདི་དང་གདན་ས་ཁག་གི་གྲྭ་གཟུགས་ཚོས་སྲིད་དོན་ལ་འདྲེ་ལག་བརྐྱང་སྟངས་འདིའི་ཐོག་ནས་བཙན་བྱོལ་གྱི་ནུས་པ་དང་ལོ་རྒྱུས་མཇུག་སྒྲིལ་ངེས་རེེད།
མཁས་དབང་ཟབ་གདོང་རིན་པོ་ཆེ་ནས། ཁ་སང་དེ་རིང་གི་ཆབ་སྲིད་པའི་གནས་སྟངས་ལ་ཞིབ་ན་གདན་ས་ཁག་གི་དགེ་འདུན་པ་གཙོ་བའི་གྲ་བརྩུན་རྣམ་པའི་གཟབ་གཟབ་མ་གནང་ན་ཆབ་སྲིད་པའི་ལག་ཆ་འགྱུར་བའི་ཉེན་ཁ་ཆེན་པོ་ཡོད་པ་རེད་ཟེར་བའི་གསུང་འདི་ལ་ལྟས་ནས་གྲ་བརྩུན་ཚོས་བསམ་བློ་སྔོན་ལ་གཏང་མ་ཐུབ་ན་རྗེས་ལ་གྱོང་རག་མཁན་ཁྱོད་ཚོ་ཡིན་པ་ལས་གཞན་སུ་ཡང་མེད།།
བདེན་པ་རེད། སྲིད་ལ་དགའ་བའི་དེང་གི་གྲྭ་བ་མང་དག་ཅིག་དེ་ལྟར་རེད་འདོད། དེ་ཚོས་ཉོག་དཀྲུགས་ཏེ་དཀའ་ཉོག་བཟོས་པར་ཚོད་ཅིག་མི་འདུག དཔེ་མཚོན་ཙམ་ལ། བེ་རི་འཇིགས་མེད། སེར་སྨད་བློ་དགའ། ཡུང་གྲུང་རྒྱལ་མཚན། བསྟན་པ་ཡར་འཕེལ་ལ་སོགས་པའི་གྲྭ་གཟུགས་འཛིན་པ་ཚོ་བཞག་ན་མ་འགྲིག་པ་ཨེ་འདུག