མི་ཉག་སྐལ་བཟང་།
བལྟས་ན་མིག་ལ་ཧ་ཅང་མི་མཛེས་པར།།
བསམས་ན་སྙིང་ལ་ན་ཟུག་ལྡང་བ་ཡིས།།
ཆོལ་ཁ་ཆོས་ལུགས་རྩོད་མཁན་ར་ལུག་ཚོས།།
དཀོན་མཆོག་རྣམ་གསུམ་ཁ་ཡི་རྩེད་ཆས་རེད།།
བླུན་པོས་རང་མཚང་བརྟོལ་བ་ལྷན་ཅིག་མིན།།
མཁས་པས་ཁེངས་རློམ་བྱེད་པ་ད་རེས་མིན།།
རང་གཞན་གཉིས་ཀ་ཕུང་པའི་དུག་སྦྲུལ་ཚོས།།
དཀོན་མཆོག་རྣམ་གསུམ་ཁ་ཡི་རྩེད་ཆས་རེད།།
ཚོགས་པ་རེ་རེའི་མགོ་ན་འགོ་དཔོན་རེ།།
འགོ་དཔོན་རེ་རེའི་སེམས་ན་ཕྱོགས་ཞེན་རེ།།
ཁྲེལ་དང་ངོ་ཚ་མེད་པའི་ཁྱི་སྤྱང་ཚོས།།
དཀོན་མཆོག་རྣམ་གསུམ་ཁ་ཡི་རྩེད་ཆས་རེད།།
མང་གིས་བདེ་སྡུག་བཤད་མཁན་ཇེ་མང་རེད།།
ལག་ལེན་དོན་ལ་འཁྱོལ་མཁན་ཇེ་ཉུང་རེད།།
ཁ་དང་ཁོག་པ་མི་མཚུངས་སྤྲེལ་རྒན་ཚོས།།
དཀོན་མཆོག་རྣམ་གསུམ་ཁ་ཡི་རྩེད་ཆས་རེད།།
རྡ་ས་ནགས་ཀྱི་བསྐོར་བའི་ར་བ་འདི།།
གྲྭ་ལོག་ལྟ་ལོག་གསོག་སའི་རྟ་ར་བཞིན།།
སྲིད་དང་ཆོས་ལ་རྨོངས་པའི་འབྲི་གཡག་ཚོས།།
དཀོན་མཆོག་རྣམ་གསུམ་ཁ་ཡི་རྩེད་ཆས་རེད།།
ཆོས་དང་ཆབ་སྲིད་འདྲེས་མའི་གཡུལ་ས་འདིར།།
དགྲར་དགའ་གཉེན་སྡུག་སྐྱོང་བའི་འཁྲུག་རྩོད་མང་།།
གར་འགྲོ་གཏད་སོ་མེད་པའི་བྱ་རོག་ཚོས།།
དཀོན་མཆོག་རྣམ་གསུམ་ཁ་ཡི་རྩེད་ཆས་རེད།།
འཕྱ་སྨོད་མཆེ་སོ་བགྲད་པའི་སྐྱོ་གར་འདི།།
ཆོལ་གསུམ་ཆིག་སྒྲིལ་འཐོར་བའི་སྔ་ལྟས་ཡིན།།
ངར་སྐད་ཐན་སྐད་སྒྲོག་མཁན་འུག་པ་ཚོས།།
དཀོན་མཆོག་རྣམ་གསུམ་ཁ་ཡི་རྩེད་ཆས་རེད།།
སྐྱབས་བཅོལ་རི་མོ་ཡུན་རིང་ཐོད་ལ་བཀོད།།
མི་རབས་ཤིག་གི་ལས་དབང་རླུང་གིས་བསྐྱོད།།
ཐུར་ནས་ཐུར་དུ་འགྲོ་བའི་བོང་བུ་ཚོས།།
དཀོན་མཆོག་རྣམ་གསུམ་ཁ་ཡི་རྩེད་ཆས་རེད།།
མིག་ཆུས་ཤོག་བུ་བརླན་པའི་ཡིག་ཆུང་ཞིག།
ནོར་ཝེའི་རྒྱ་མཚོའི་གྲུ་ཁར་འབྲི་དགོས་བྱུང་།།
ཆོལ་ཁའི་ན་ཚ་ཡོད་མཁན་དྲ་འབུ་ཚོས།།
དཀོན་མཆོག་རྣམ་གསུམ་ཁ་ཡི་རྩེད་ཆས་རེད།།
བོད་མི་ས་ཡ་དྲུག་གི་འཆར་སྒོའི་སྐོར།
དངོས་དང་རྒྱུད་ནས་བཤད་མཁན་ཕལ་ཆེར་མེད།
དུས་དབང་ལ་སོགས་སྒེར་འཛིན་ཡོང་བའི་ཆེད།
དཀོན་མཆོག་རྣམ་གསུམ་ཁ་ཡི་རྩེད་ཆས་རེད།
ཚོགས་གཙོ་སྤེན་ཚེས་ཀླད་པ་ཡོད་ཟེར་གི
བློ་བཟང་སེངྒེས་ཡོན་ཏན་ཡོད་ཟེར་གི
ཀླད་དང་ཡོན་ཏན་བར་ནས་བོད་རིགས་ཚོའི།
གཏན་གྱི་འདུན་མ་རླག་ཉེན་འདུག་པའི་གཟོབས།
ཚོགས་གཙོ་སྤེན་ཚེའི་རྒྱབ་རྩ་ཟམ་གདོང་རེད།
བློ་བཟང་སེངྒེའང་ཟམ་གདོང་ཡིན་རབས་བཤད།
མདོར་ན་ཟམ་གདོང་བཀའ་ཁྲི་འཁྱུར་ནའང་།
དགའ་ལྡན་ཕོ་བྲང་དབང་ཆས་བསྒྱུར་བཀོད་བྱེད།
རྡ་སའི་གཞུང་ལ་དམངས་གཙོ་ཡོད་རབས་བཤད།
རྒྱ་དམར་གཞུང་འདི་མི་གཅིག་དབང་འཛིན་གླེང་།
བརྟག་ཅིང་དཔྱད་ན་རྣམ་དབྱེར་མ་མཆིས་པས།
དམངས་གཙོ་ཞེས་བྱ་ཁ་ཡི་མཛེས་ཆོས་ཙམ།
རང་གིས་བྱས་པ་མིག་གིས་མི་མཐོང་བར།།
གཞན་གྱིས་བྱས་པ་སེམས་ཀྱིས་མི་བཟོད་པའི།།
ལྟས་ངན་ངན་དགུ་ཚང་བའི་འདྲེ་ཕྲུག་ཁྱོད།།
གངས་ཅན་བོད་པ་ཚང་གི་གད་སྙིགས་རེད།།
རང་ཕྱོགས་མེ་ལྕེ་འབར་བ་མི་མཐོང་བར།།
རང་བྱས་ཕྱོགས་ཞེན་སེམས་ལ་མི་འཁོར་བར།།
གཞན་ལ་འཛུབ་མོ་ཀེར་བའི་ཅོལ་ཆུང་ཁྱོད།།
མི་ཉག་ཕ་རབས་བུ་ཡི་ཞབས་འདྲེན་རེད།།
བླ་མས་སྡོམ་ཁྲིམས་ཁས་ལེན་རྩྭ་བཞིན་དོར།།
རིགས་ཞེན་ལ་རྒྱའི་ཤོག་བུ་རླུང་ལ་བསྐུར།།
ངར་རྒྱལ་རང་མཐོང་ཅན་གྱི་སྣ་ནག་མ།།
ཁྱོད་ལ་སེམས་ཤུགས་ཡོད་མེད་ཚང་མས་ཤེས།།
སོག་དང་རྒྱ་མོས་འདོད་པ་མི་ཁེངས་པར།།
དབྱིན་མོའི་རྐུབ་ལ་འབྱར་བའི་དྲྭ་འབུ་ཁྱོད།།
གངས་ཅན་རྡ་རམ་ས་ལར་མི་འཛའ་བས།།
རྒྱ་མཚོའི་ཕ་མཐར་གླུད་བཞིན་དོར་བ་མཛེས།།
སྒྲོ་བ་སྟོང་པས་གཡབ་མོ་ལན་གསུམ་བྱས།
འདུན་ལམ་སྟོང་པས་ཆབ་སྲིད་ཕྱོགས་ཀུན་གྲགས།
གངས་ཀྱིས་སྟོང་པས་ནགས་ཀྱི་བོད་སེང་ཁྱོད།
ཀླད་པས་སྟོང་པས་ཁ་གཡང་སྟོང་སྒྲོག་བྱེད།
རྒྱལ་བའི་བཀའ་གསང་གཉེན་པོ་ངས་མ་སྒྲོག
མ་འོངས་བོད་མིའི་འདུན་ལམ་ངས་མ་བཏོར།
ད་ལྟའི་འཆར་སྒོ་སྟོང་སྒྲོག་བྱེད་པོ་ལ།
ལེགས་ཉེས་བླང་དོར་སྟོན་པ་ངའི་ལས་འགན།
བཤང་ལམ་སྙེག་ནས་འགྲོ་མཁན་ང་མ་ཡིན།
མཐོ་སར་སྤྲེ་ལད་བཤད་མཁན་ང་མ་ཡིན།
བོད་མིའི་ལ་རྒྱ་བཤོལ་མཁན་ང་མ་ཡིན།
ཁྱོག་པོ་ཡོ་སྲང་སྟོན་མཁས་ང་ཡིན་ནོ།
ཁྱི་ཕག་སོ་སོར་རང་ཁྱིམ་ཞལ་ཡས་ཁང་།།
ང་རྒྱལ་ཕག་ནས་རང་ཚུགས་སྐེད་པ་ཆག།
རང་ཉེས་གཞན་ལ་དཀྲི་བའི་གླེན་རྟགས་འདིས།།
བདེན་པའི་བུ་ཆུང་ལྐོག་ནས་མཆི་མ་ཟགས།།
སོ་སོའི་སྣང་བ་སེམས་ཀྱི་འཆར་སྒོ་ཡི་རང་བཞིན།
སོ་སོའི་དཔྱད་ན་དན་རྟགས་ཤིག་ཐོབ་ངེས་ཡིན་ཡང་།
བསྟད་བྲལ་འབྱུང་བྱའི་ཚོགས་ཀྱིས་འཁུན་སྒྲ་ཡི་ངར་སྐད།
བདེན་པའི་བུ་ཆུང་ང་ཡི་རྣ་བ་རུ་གཏད་བྱུང་། ཧ་ཧ།
མི་ཉག་སྐལ་ངན་ཅན་ལ་འཕངས་པས་མདས།།
སོག་ཚའི་གཡག་གི་བུ་ཡི་རྭ་རྩེ་བཅགས།།
འཁྱར་འཁྱོར་ཚིག་གི་གོ་བ་མི་ལོན་པའི།།
འབྲོང་བུ་སོག་ཚ་བདག་གི་གད་མོའི་ཡུལ།།
གཞན་གྱིས་བྱས་ཉེས་རང་གིས་ཁས་ལེན་པ།།
རྐུན་པོ་ལམ་དུ་འཇུས་པའི་རྣམ་ཐར་ཞིག།
སོག་ཚ་ཁྱོད་ཀྱང་མི་ངན་ཡིན་པ་ཞིག།
རང་ཉེས་ཁས་ལེན་འདི་ཡིས་གསལ་སོང་ངོ་།།
རང་རེ་བོད་ཀྱི་ཡུལ་ལས་གཞན་མེད་པའི།
སེམས་ཅན་འབྲོང་ཞེས་ཕྱོགས་ཀུན་གྲགས་པ་དང་།
བོད་ཡུལ་བོད་མིར་དབང་བ་སོག་པོའི་དྲིན།
མ་བརྗེད་སྙིང་ལ་སྟིམས་ཤིག་བོད་སེང་ཁྱོད།