—ཆུ་སྐྱེས་སྒྲོལ་མ།
ངོ་དེབ་དང་སྐད་འཕྲིན་གྱིས་མཚོན་པའི་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ནི། ཧ་ཅང་འཁྲུག་ཆ་དོད་པོ་ཞིག་དང་། དེའི་ནང་ཆ་ཤས་ལེན་མཁན་ལ་མཚོན་ནའང་དངོས་མིང་བཀོད་ནས་ཞུགས་མཁན་དང་། སྨྱུག་མིང་བཀོད་ནས་ཞུགས་མཁན་སྣ་ཚོགས་ཤིག་ཡོད་པ་ཚང་མར། སོ་སོའི་ངོས་འཛིན་དང་རྒྱབ་ལྗོངས་རེ་ཡོད་པ་རེད། ཡིན་ནའང་། སྤྱི་ཚོགས་བརྒྱུད་ལམ་ནང་། མིང་འདྲ་པོ་ཡོད་པ་དེ་ནི་མཚམས་རེར་མི་སྣ་ཕན་ཚུན་ནོར་གཞིའང་ཆགས་ཀྱི་ཡོད་སྟབས། དྲ་ལམ་ཁག་ནས་མིང་འདྲ་པོ་རེ་ཐོན་ཡོང་སྐབས་མིང་དེ་རིགས་མི་ནོར་བའི་ཐབས་སུ་གསལ་བཤད་ཡི་གེ་སྤེལ་གྱིན་ཡོད་པའང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཆགས་ཡོད།
ལོ་ཁ་ཤས་ཀྱི་སྔོན་ནས་ངའི་མིང་དང་གཅིག་པ་ཡིན་པའི་ངོ་དེབ་ཅིག་ཡོད་པ་མཐོང་མྱོང་། མི་ཁ་ཤས་ཀྱིས་དེ་ང་དང་ནོར་གྱིན་ཡོད་པའང་ཤེས་རྟོགས་ཡོད། ང་ལ་མཚོན་ན་རང་ཉིད་ཀྱི་དངོས་མིང་དང་རང་ཉིད་ཀྱི་པར་ངོ་མ་ངོ་དེབ་ཏུ་བཞག་ཡོད། ངོ་དེབ་ཏུ་སྐབས་ཐོག་གི་སེམས་ཚོར་དང་མཐོང་སྣང་གཞིར་བཞག་ནས་བྲིས་པའི་སྙན་ངག་འགོད་སྤེལ་གཙོ་བོར་བྱེད་པ་ལས། ངོ་དེབ་སྟེང་ལ་སྤྱི་ཚོགས་གནད་དོན་དཔྱད་གླེང་རིགས་འགོད་སྤེལ་བྱེད་ཀྱིན་མེད།
ཉེ་བའི་ཟླ་བ་ཁ་ཤས་རིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་སྲིང་སྐྱོང་འོས་མི་གླེང་བ་དེ་འཁྲུག་ཆ་ཆེན་པོ་ཆགས་ཡོད། དེ་བཞིན་དྲ་རྒྱའི་བརྒྱུད་ལམ་ཁག་ལའང་སྲིད་སྐྱོང་འོས་མི་གླེང་བའི་འཁྲུག་ཆ་དོད་པོ་ཆགས་ཡོད་ནའང་། ང་ལ་མཚོན་ན། འོས་མི་རྣམ་པ་གཉིས་ཀར་གུས་བརྩི་དང་འབྲེལ་ནས། ཁོང་གཉིས་ཀྱིས་གཏམ་བཤད་དང་བགྲོ་གླེང་སྐབས་ལ་གང་གསུང་བ་བསྡུར་ནས་མཐའ་མའི་འོས་ཤོག་དེ་སུ་ལ་འཕེན་དགོས་མིན་ཐག་ཆོད་བྱུང་བ་ལས། རང་ཉིད་ལ་བསམ་ཚུལ་དང་ལྟ་ཚུལ་ཅི་ཡོད་སྐོར་དྲ་ལམ་ལ་སྤེལ་བའི་འབད་བརྩོན་གང་ཡང་བྱས་མེད།
དྲ་རྒྱའི་བརྒྱུད་ལམ་དུ་དངོས་མིང་རིགས་འདྲ་དང་། སྨྱུག་མིང་རིགས་འདྲ་གཉིས་ཀ་ཡོང་ཆོག་པ་དང་། དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཀྱང་ཡིན་སྟབས། དེར་ངས་མ་འགྲིག་པ་རེད་ཅེས་ཞུ་ཡི་མེད་ལ། རྩོད་བཤད་བྱེད་དགོས་པ་ཞིག་ཏུའང་མཐོང་གི་མེད། ངས་ནན་གྱིས་ཞུ་འདོད་པ་ནི། གོང་དུ་ངེད་རང་གི་ངོ་དེབ་དེ་རྣམ་པ་ཇི་ལྟ་བུར་ཡོད་པའི་པར་རིས་བཀོད་ཡོད་པ་འདི་ལས་གཞན་ངའི་མིང་དང་རིགས་འདྲ་ག་ཚད་ཡོད་པ་ཡིན་ནའང་། དེ་དག་ནི་མིང་རིགས་འདྲ་ཙམ་ཡིན་པར་ངོས་འཛིན་གནང་རོགས་ཞུ་བ་ཡིན། ངོ་ཤེས་པ་ཁག་ཅིག་ནས་ངོ་དེབ་ནང་མིང་རིགས་འདྲ་གཉིས་ཡོད་པ་མཐོང་བས་རྐྱེན་བྱས་ཏེ། ང་རང་ལ་དེ་གང་འདྲ་རེད་ཅེས་དྲི་བ་བཀོད་ཡོང་གིན་འདུག་སྟབས། ཁོང་ཅག་གི་ཆེད་དུ་གསལ་བཤད་འདི་ཕུལ་བ་ཡིན།
༼གསལ་བཤད་ཙམ་ལས་རྩོམ་ཡིག་ལྟ་བུ་མིན་སྟབས། མཆན་འདེབས་ཡུལ་མེད་པ་བྱས་ཡོད༽