འོས་སྦྱོར་བ། ཚེ་རིང་བཀྲ་ཤིས།
བྲུག་ཀུར་སྟོད་སྟག་སྐེད་ལར་༧ སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་རིན་ཆེན་གཏེར་མཛོད་གནང་བའི་ཉིན་དང་པོར་འབྲུག་ཤར་ཕྱོགས་པའི་སྐད་དུ་བསྩལ་བའི་བཀའ་སློབ།
ཁ་སྐད་རྫོང་ཁ་རྒྱག་དུས་སྒང་ལ་ལམ་སེང་བོད་སྐད་ནང་ལ་འཛུལ་འགྲོ་གིན་འདུག ད་རེས་མང་ཆེ་བས་ཤར་ཕྱོགས་པ་དང་ཀུར་སྟོད་པའི་སྐད་བཤད་རྒྱུར་རེ་བ་རྒྱག་སྡོད་ཀིན་ཡོད་ས་རེད། བརྒྱབ་ཨེ་ཐུབ་ལྟ་ཀི་ཡིན། ཤར་ཕྱོགས་པ་དང་ཀུར་སྟོད་པའི་སྐད་མ་གོ་མཁན་ཚོས་བཟོད་པར་གསོལ། ཚངས་པ་བསྩལ་དུ་གསོལ། ང་ཚོའི་མཁན་པོ་དཀར་པོས་ཡང་ནས་ཡང་དུ་ཨུ་ཚུགས་གནང་སོང་བས། རིན་ཆེན་གཏེར་མཛོད་བསྐུར་ཡའི་ཁས་ལེན་བྱེད་དགོས་ཐུག་སོང། རིན་ཆེན་གཏེར་མཛོད་ནི་དབང་ལུང་ཁྲིད་ཧ་ཅང་རྒྱ་ཆེན་པོ་རེད། ང་ཚོའི་བོད་བརྒྱུད་ནང་བསྟན་དེའི་ནང་དུ་ཡོད་པའི་དབང་ལུང་ཆེ་ཤོས་དེ་རྙིང་མའི་ནང་དུ་ཡིན་ན་རིན་ཆེན་གཏེར་མཛོད་དང། གསར་མའི་ནང་དུ་ཡིན་ན་རྒྱུད་སྡེ་ཀུན་བཏུས་རེད། དཔེ་མི་སྲིད་པའི་རྒྱ་ཆེན་པོ་རེད་བཞག དབང་སྟོང་ཕྲག་གཅིག་ཙམ་དང་ལུང་དབྱིན་ཇིའི་ཤོག་གྲངས་ཁྲི་དྲུག་ཙམ་ཡོད་ས་རེད། ང་རང་ལེ་ལོ་ཅན། ལས་ཀ་རྒྱ་ཆེན་པོ་བྱེད་མ་ཐུབ་མཁན་རེད། གཅིག་བྱས་ན་དབང་ལུང་ཁྲིད་གསུམ་བྱེད་འདོད་པའང་མི་འདུག ཕྱོགས་གཅིག་ནས་དབང་ལུང་ཁྲིད་གསུམ་གནང་ཟེར་དུས་གནང་མཁན་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཚང་དགོས་པ་རེད། དེ་འདྲ་རང་ལ་རྩ་བ་ནས་མེད། ཡིན་ན་ཡང་དབང་ལུང་སོགས་རང་ཉིད་ཀྱི་རྩ་བའི་བླ་མ་སངས་རྒྱས་དངོས་འདྲ་བ་མང་པོ་ཞིག་གི་སྐུ་མདུན་ནས་ཞུས་པ་རེད། དཔེར་ན། རིན་ཆེན་གཏེར་མཛོད་ལྟ་བུ་ལ་མཚོན་ན་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱི་སྐུ་མདུན་ནས་ཞུས་པ་རེད། ཐོབ་སོང་ངམ་དྲི་ན་ཕལ་ཆེར་ཐོབ་ཡོད་པའི་བཟོ་འདྲ་ཞིག་རེད། དབང་ལུང་ཁྲིད་ཚང་མ་ཁོང་གི་བཀའ་དྲིན་ལ་བརྟེན་ནས་ཐོབ་པ་རེད། ཐོབ་ཟེར་ན་ཡང་ངས་ཞུས་པ་རེད། ཞུ་དུས་ངའི་ཞབས་ཕྱི་དང་དགེ་རྒན་ཚོས་གཉིད་ཁུག་ཏུ་མ་བཅུག་པ། དཔེ་མི་སྲིད་པའི་སྒོམ་རྒྱག་ཡ་སོགས་མ་ཤེས་ན་ཡང་གཉིད་མ་ཁུག་ཙམ་ལ་བརྟེན་ནས་ཞུས་པ་རེད། དེས་ན་དབང་རྒྱུན་དང་ལུང་རྒྱུན་མ་ཆད་ཙམ་ཞིག་ཡོང་སྲིད་ཀི་རེད་བསམ་གིན་ཡོད། དེང་སང་དུས་ཚོད་འདི་ལྟ་བུ་ལ་སླེབས་པའི་དབང་གིས། མཁན་པོ་དཀར་པོས་ཀྱང་ང་ལ་རེ་བ་བརྒྱབས། རང་ཡང་མཁྱེན་བརྩེ་སྤྲུལ་སྐུའི་མིང་ཙམ་ཡོད་པའི་ཆ་ནས་ས་བཅད་མ་སྟོང་ཙམ་དུ་དབང་བསྐུར་རྒྱུ་ཁས་ལེན་བྱས་པ་ཡིན། གཙོ་བོ་མཁན་པོ་དཀར་པོ་ཁོང་། གོ་ས་ཆེན་པོའི་བླ་མ་འདྲ་གང་ཡང་མ་རེད། གདུང་རྒྱུད་ཆེན་པོའི་ཕྲུ་གུ་ཡང་མ་རེད། ཁོང་ནི་གྲྭ་པ་གྲྭ་རྐྱང་རེད། དཔེ་མི་སྲིད་པའི་སེམས་བསྐྱེད་རྒྱ་ཆེན་པོ། །སྨོན་ལམ་རྒྱ་ཆེན་པོ། །སྙིང་སྟོབས་རྒྱ་ཆེན་པོ་རེད། །ཁོ་རང་སྒེར་ལ་བླ་བྲང་དང་གྲྭ་ཚང་སོགས་གང་ཡང་མེད་པ་ཡིན་ན་ཡང། སྙིང་སྟོབས་ཆེན་པོའི་ཐོག་ནས་ལས་ཀ་བྱས་འདུག ཆོས་པ་ཧ་ཅང་གིས་ཡག་པོ་རེད། དེ་རིང་ཁར་སང་ཆོས་པ་ཟེར་མཁན་དེ་ཉུང་ཉུང་རེད། མཁན་པོ་ཁོང་དགུང་ལོ་དེ་ཙམ་སླེབས་དུས་རང་ལ་རེ་བ་འདྲ་བྱས་ཡོང་དུས་རེ་བ་དེ་ལྡོག་ཐུབ་མ་སོང།
བསྐུར་ས་དེ་ཡང་སྟག་སྐེད་ལར་གཙོ་བོ་གུ་རུ་རིན་པོ་ཆེའི་རྟེན་བཞེངས་རྒྱ་ཆེན་པོ་དེ་འདྲ་གནང་འདུག་པ་དེའི་རྩ་བར་རེད་བཞག ཕྱོགས་གཅིག་ནས་སྟག་སྐེད་ལའི་ས་ཆ་འདི་ས་མཐའ་རིང་པོ། སྡོད་སའི་ས་ཆ་ཡག་པོ་མེད་པ། སྡོད་སའི་མགྲོན་ཁང་ཡང་མེད་པ། ལམ་ཡང་དཔེ་དཀའ་ལས་ཡོད་པ་དེ་འདྲ་སོང་ཙང། འདི་འདྲའི་ས་ཆ་ཞིག་ལ་དབང་ཞུ་མཁན་འདྲ་ཡོང་གི་ཨེ་ཡོད་ན་བསམ་བྱུང། འདི་འདྲའི་ས་ཆ་ལ་གཏེར་མཛོད་ཀྱི་དབང་ཞུ་ཡའི་ཆེད་དུ་རྐང་བཙུགས་ནས་འོང་མཁན་ཡོད་ན་མ་གཏོགས་ཞར་དང་ཞོར་ལ་ཞུ་མཁན་མི་ཡོང་བ་རེད།
དཔེར་ན། སྤ་གྲོ། ཕུན་ཚོགས་གླིང། ཐིམ་ཕུག་ལྟ་བུའི་ཁྲོམ་སོགས་ལ་དབང་བསྐུར་དུས་ཁ་ཤས་ཡར་མར་འགྲོ་བའི་ཞོར་ལ་དབང་ཞུ་རུ་འགྲོ་ན་དགའ་ས་རེད་སྙམ་ནས། ཞར་དང་ཞོར་ལ་དགའ་དགའ་སྐྱིད་སྐྱིད་ཐོག་ནས་དཀའ་བ་མང་པོ་སྤྱད་མི་དགོས་པར་དབང་ཞུ་མཁན་ཡང་ཡོད་པ་རེད། འདིར་དེ་ལྟ་བུ་མ་ཡིན་པར་གཏེར་མཛོད་ཀྱི་དབང་ཞུ་རུ་ཡོང་ན་ཡོང་བ་རེད་མ་གཏོགས། གཞན་འདིར་ལྟད་མོ་བལྟ་ཡ་ནི་གང་ཡང་མི་འདུག སྡོད་གནས་ཀྱང་ང་l ཡག་པོ་འདུག་སྟེ། ཁྱེད་རང་ཚོ་ས་ཆ་གྲང་མོ་གྲང་མོའི་ཐོག་ལ་འོ་བརྒྱལ་གིན་མིན་འགྲོ་བསམ་པ་ཙམ་མ་གཏོགས་ཡག་པོ་གང་ཡང་མི་འདུག
སྔོན་མ་ཡིན་ན་ཀུར་སྟོད་ས་ཆ་འདི་དཔེ་མི་སྲིད་པའི་གྲ་རྒྱས་པོ། ཕྱུག་པོ། དབང་ཆེན་པོ་འདྲ་རེད་འདུག དེ་རིང་ཁར་སང་ཏོག་ཙམ་མར་ཉམས་ནས་ས་ཁུག་ལུང་ཁུག་འདྲ་ཆགས་འདུག་པས། དེ་ལྟ་བུའི་ས་གནས་ཀྱི་ནང་ལ་ཡོང་མཁན་མང་པོ་ཡང་ཡོད་ས་མ་རེད། ཡིན་ན་ཡང་། ཁྱེད་རང་ཚོ་ཚང་མ་རིན་ཆེན་གཏེར་མཛོད་ཀྱི་དབང་ཞུ་གི་ཡིན་ཟེར་ནས་དམིགས་བསལ་གྱིས་བསམ་བློ་བཏང་ནས་ཕེབས་པ་དེ་ཧ་ཅང་གིས་ངོ་མཚར་ཆེན་པོ་རེད། གང་ཡིན་ཟེར་ན། དེ་རིང་ཁར་སང་གནམ་ལོ་ཉིས་སྟོང་བཅོ་ལྔ་བཅུ་དྲུག་གི་དུས་ཚོད་སླེབས་ཡོང་དུས། ཆོས་ལ་བསམས། ཆོས་རང་ཉིད་ཀྱིས་བྱེད་མ་ཐུབ་ཀྱང་ཆོས་ཅུང་ཟད་ཙམ་རེ་ཞུ་དགོས་ཀི་འདུག་ཟེར་ནས་བསམ་བློ་གཏོང་ཡ་འདིའང་ཧ་ཅང་གིས་ངོ་མཚར་ཆེན་པོ་རེད་བཞག རང་རེའི་འབྲུག་རྒྱལ་ཁབ་འདི་ཆོས་ལྡན་གྱི་རྒྱལ་ཁབ་རེད་ཅེས་ལབ་ཀིན་ཡོད་པ་རེད། དེ་ཡང་མིང་དོན་མཐུན་པ་རེད་འདུག་བསམ་གིན་ཡོད། ང་རང་གི་བསམ་བློ་ལ་ཆོས་ཞུ་མཁན་འདི་ཙམ་འཛོམས་ཡོང་དྲན་མ་སོང། ཡིན་ན་ཡང་ཁྱེད་རྣམ་པ་མང་པོ་ཞིག་ཕེབས་འདུག དེ་ནི་དབང་གནང་མཁན་རང་གི་ཕྱོགས་ནས་ཡིན་ན་ཡང་དགའ་བ་བྱེད་ཡའི་རྒྱུ་རེད་བཞག་ཅེས་ལབ་ཀི་ཡིན།
གཙོ་བོ་ཀུན་སློང་ཟེར་བ་དེ་གལ་ཆེན་པོ་རེད། ཀུན་སློང་རྒྱ་ཆེན་པོ་དེ་འདྲ་མ་ཤེས་ན་ཡང། ཁྱིམ་པ་ཕོ་མོ་གང་འདྲ་ཞིག་ཡིན་ནའང་རུང། འདིར་དགེ་ཚུལ་སློང་། ཨ་ནེ། སྒོམ་ཆེན་ཚོ་ཡོད་པ་དེ་ཚོ་ཡིན་ནའང་རུང། དམིགས་བསལ་གྱིས་ངེས་འབྱུང་ཧ་ཅང་རྒྱ་ཆེན་པོ་སྤང་མི་ཕམ་མགོན་པོ་དང། མི་ལ་རས་པ་ལྟ་བུ་བསྐྱེད་མ་ཐུབ་ནའང། ཞོགས་པ་ཉི་མ་ཤར་བ་ནས་མ་ནུབ་ཀྱི་བར་ལ་དངུལ་སྒོར་གྱི་བསམ་བློ་གཏོང་ཡ། ཁེ་སང་གི་བསམ་བློ་གཏོང་ཡ། གཉེན་ཉེ་དུའི་བསམ་བློ་གཏོང་ཡ། ང་ཚོ་ཆོས་པ་ཁ་ཤས་དེ་འདྲ་ཡོད་པ་རེད། དེ་འདྲ་མ་ཡིན་པར་ད་ལྟ་ལབ་པ་ནང་བཞིན་མི་ལ་རས་པ་དང་སྤང་མི་ཕམ་མགོན་པོ་ལྟ་བུ་བྱེད་མ་ཐུབ་རུང། ཏོག་ཙམ་ཡིན་ན་ཡང་ཁམས་གསུམ་འཁོར་བའི་ཆོས་ལ་སྙིང་པོ་ཡོད་པ་མ་རེད། སྙིང་པོ་ཡོད་པ་ནི་དམ་པའི་ཆོས་རེད་བསམ་པ་འདི་ཙམ་ཞིག་ཡིན་གཅིག་མིན་གཅིག་ཤེས་དགོས་ཀྱི་རེད།
དེའི་སྟེང་དུ་གང་དགོས་ཞུས་ན། སེམས་བསྐྱེད་དགོས་ཀྱི་རེད། དེ་ཡང་རྒྱ་ཆེན་པོ་རེད། རྒྱ་ཆེན་པོ་མ་ཤེས་ན་ཡང། འདིར་ཁྱེད་རྣམ་པ་ཚོ་དབང་ཞུ་ཡའི་དོན་དག་གཙོ་བོ་བསམ་བློ་རྒྱ་ཆུང་ཆུང། དཔེར་ན། ཚེ་རིང་ཡ་དང། ནད་ན་ཚ་མེད་པ་ཆགས་ཡ་དང། ཚོང་ལམ་འགྲོ་འབྱུང་ཡ་སོགས་བསམ་བློ་རྒྱ་ཆུང་ཆུང་དེ་འདྲ་མ་ཡིན་པ། བསམ་བློ་རྒྱ་ཆེན་པོ་གཏོང་དགོས་པ་རེད། དེ་ཡང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ། དེ་ཙམ་ཡང་ཧ་གོ་གིན་ཡོད་ན་རབ་རེད། དེ་ཡང་མེད་ན། གཙོ་བོ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ཡུན་རིང་དུ་གནས་པ་དང། ག་ས་ག་ལ་ཁྱབ་པའི་དོན་དུ་དང། སེམས་ཅན་ཐམས་ཅད་ད་ལྟ་སྐྱིད་པོ་ཡོང་ཡ་དང། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་རེད་ཟེར་ནས། འདི་ལྟ་བུ་ཅུང་ཟད་ཅུང་ཟད་རེ་བསམ་བློ་གཏོང་ཤེས་དགོས་ཀི་རེད།
དེའི་སྟེང་དུ་དད་པ་དང་དག་སྣང་ཡང་གལ་ཆེན་པོ་རེད། སྔར་ཞུས་པ་བཞིན་དབང་གནང་མཁན་དད་པ་བྱེད་སའི་ཡུལ་ལྟ་བུ་ང་ཆགས་སྡོད་ཡོད་པ་རེད། ང་ནི་ང་རང་ལ་ལྐོག་ཏུ་གྱུར་མེད་པས་ངས་ཤེས་ཀི་རེད། ཁྱེད་ཚོ་ལ་དྲང་བོར་ཞུ་ན་ང་ནི་དད་པ་བྱེད་སའི་ཡུལ་ལ་འགྲིག་ཡ་མེད་པ་རེད། ཡིན་ན་ཡང་ཁྱེད་རང་ཚོ་འདིར་ཕེབས་ཚར་འདུག མ་ཟད་འདི་རིང་སྨིན་གླིང་རྡོར་སེམས་ཀྱི་དབང་ཞུ་ཚར། ད་ཁྱེད་ཚོའི་མགོ་ལ་ང་སླེབས་ཚར་བ་རེད། འདི་ནས་སླར་མར་ལོག་འགྲོ་ཡ་འདྲ་མེད་པ་རེད། བླ་མར་བསྟེན་ཚར་བའི་མཇུག་ལ་དད་པ་དང་དག་སྣང་བྱ་དགོས། ཡིད་ཆེས་ཀྱང་དགོས་པ་རེད། འདི་ནས་མར་དབང་བསྐུར་ཡོང་དུས་ཙམ་པ་དབང་གི་ཚིག་འདི་ཚོ་བཤད་སྐབས་ཧ་གོ་གིན་ཡོད་ན་མེད་ན་མི་ཤེས། གང་ལྟར་ཤེས་རུང་མ་ཤེས་རུང་གསང་སྔགས་ཟེར་བ་དེ་མོས་པ་ལམ་བྱེད་ཡིན་པ་ང་ཚོས་ཤེས་དགོས་ཀི་རེད། དབང་འདིས་ང་ལ་ཕན་ཐོགས་ཀི་རེད། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དབང་རང་ལ་འཐོབ་ཀིན་ཡོད། ཚེ་འདི་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་རུང་མ་ཐོབ་རུང། སྐྱེ་བ་གསུམ། སྐྱེ་བ་བདུན། སྐྱེ་བ་བཅུ་གསུམ། དེ་ཙམ་ལ་ང་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་རྒྱུ་ཐག་ཆོད་པ་རེད་བསམས་ནས་ཡིད་ཆེས་ངེས་པར་དུ་བྱ་དགོས། ད་ལན་བླ་མ་ཡི་དམ་མཁའ་འགྲོའི་དབང་མང་པོ་ཞུ་ཡོང་དུས། དེ་རྣམས་ཀྱི་ཞལ་དང་ཕྱག་མཚན་འདྲ་མིན་མང་པོ་སྒོམ་མ་ཤེས་པ་ཡིན་ན་ཡང། གཙོ་བོ་གུ་རུ་རིན་པོ་ཆེ་ལ་གསོལ་བ་ཐོབས། རིགས་ཐམས་ཅད་འདུས་པ་གུ་རུ་རིན་པོ་ཆེ་རེད། དེ་ལ་གསོལ་བ་ཐོབས། ཕན་ཚུན་སྐད་ཆ་མང་པོ་རང་མ་ཤོད།
དེའི་ནང་ནས་ད་ལོ་སྤྲེལ་ལོ་རེད། སྤྲེལ་ལོ་ཟེར་ནའང་གུ་རུ་རིན་པོ་ཆེ་སྐུ་འཁྲུངས་པའི་ལོ་རེད། དེ་ཡིན་དུས་སྐབས་རེ་གུ་རུ་རིན་པོ་ཆེ་རང་གི་སྙིང་གར་བཞུགས་ཡོད་བསམ་དགོས། སྐབས་རེ་སྤྱི་བོར་ཡོད་བསམ། སྐབས་རེ་མདུན་དུ་ཡོད་བསམ་པ་སོགས་ག་འདྲ་སེ་བསྒོམ་ནའང་འགྲིག ད་ལན་ཁྱེད་རང་ཚོ་འདིར་ཟླ་བ་ལྔ་ཙམ་སྡོད་ཀི་རེད། དེའི་རིང་ལ་མཚམས་ལ་སྡོད་པ་ནང་བཞིན་བསམ་བློ་ཐོངས། སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་གུ་རུ་རིན་པོ་ཆེ་རེད། དེའི་ནང་ནས་ཀྱང་གུ་རུ་རིན་པོ་ཆེ་འབྲུག་པ་དང་འབྲེལ་བ་ཆེན་པོ་རེད། ཞབས་དངོས་སུ་བཅགས་པའི་ས་གནས་ག་ས་ག་ལ་མང་པོ་ཡོད་པ་རེད། ཀུར་སྟོད་སེང་གེ་རྫོང་ལྟ་བུ་ཡིན་ན་འདི་ནས་ཐག་ཉེ་བོ་རང་རེད། གུ་རུ་རིན་པོ་ཆེས་དངོས་སུ་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས་པས་དམིགས་བསལ་གྱིས་འབྲེལ་བ་ཆེན་པོ་ཡོད་པ་རེད། སངས་རྒྱས་གཞན་ལ་གསོལ་བ་བཏབ་པ་ལས་གུ་རུ་རིན་པོ་ཆེ་ལ་གསོལ་བ་བཏབ་ན་ཕན་ཡོན་དང་བྱིན་རླབས་ཆེན་པོ་ཡོང་བ་ཡིན། དེ་ཡིན་དུས་ད་ལོ་ཁྱེད་རྣམ་པ་སྒོམ་རྒྱག་ཤེས་པ་ཚོས་དབང་ལུང་ཁྲིད་ཞུ་དུས་སྒོམ་བརྒྱབ་དགོས་པ་རེད། སྒོམ་རྒྱག་མ་ཤེས་པ་ཡིན་ན་ཁུ་སིམ་པོར་སྡོད་ཡ་དང། སྐད་ཆ་བཤད་ནས་སྡོད་ཡ་དེ་འདྲ་མ་ཡིན་པར་ད་ལོར་ཚིག་བདུན་གསོལ་འདེབས་བགྲོངས་ཤོག་ཟེར་ནས་ངས་ཚང་མ་ལ་གསོལ་བ་བཏབ་པ་ཡིན། ཚིག་བདུན་གསོལ་འདེབས་གསོག་རོགས་གནང། ཚིག་བདུན་གསོལ་འདེབས་སང་ཉིན་གནང་ཉིན་སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུའི་སྔོན་ལ་དམའ་མཐར་དུང་ཕྱུར་གཅིག་བཏོན་ཐུབ་སོང་ན་དཔེ་མི་སྲིད་པའི་ཡག་པོ་རེད། སང་ཉིན་གནང་ཉིན་ཙམ་ནས་འདི་ཀའི་ལས་བྱེད་པ་ཚོར་རྩིས་ཐོ་རྒྱག་འགོ་འཛུགས་རོགས་ཞེས་ལབ་ཡ་ཡིན།
དེའི་སྟེང་དུ་གང་ལབ་ཡ་ཡོད་ཟེར་ན། ད་གིན་ཞུས་པ་བཞིན་དུ་དབང་ལུང་ཁྲིད་དཔེ་རྒྱ་ཆེན་པོ་རེད། དེ་འདྲ་ཡིན་དུས་བར་བར་ལ་སེམས་ཁྲིད་ཞུ་ཡ་འདྲ་དང། ལུང་ཙ་གེ་ཙི་གེ་ཞུ་ཡའི་རིགས་འཁྱེར་མ་ཡོང། གནས་སྐབས་ཤིག་རིན་ཆེན་གཏེར་མཛོད་ཤར་མར་འགྲོ་དགོས་ཀི་འདུག གཏེར་མཛོད་ནང་ལ་མ་འདུས་པའང་གང་ཡང་ཡོད་པ་མ་རེད། བར་བར་ལ་སེམས་ཁྲིད་ཞུ་ཡ་དང། རྒྱུགས་ཕུལ་ཡ་སོགས་གང་ཡང་བྱ་དགོས་ཀི་མ་རེད། ང་ལའང་དུས་ཚོད་མི་འདུག ཡང་དེའི་སྟེང་དུ་ཤར་ཕྱོགས་པ་ཚོ་ཉིན་གང་བོ་དབང་ཞུ་ནའང་ད་དུང་བཀའ་བསྒོ་ཞུ་རྒྱུ་ཡིན་དང། ཕྱག་དབང་ཞུ་རྒྱུ་ཡིན་སོགས་མང་པོ་རེད། ཡར་འགྲོ་དུས་ཕྱག་དབང་ཞིག་ཞུས། མར་ཡོང་དུས་ཕྱག་དབང་ཞིག་ཞུས། ཆབ་གསང་ལ་འགྲོ་དུས་ཕྱག་དབང་ཞིག་ཞུས། ཆབ་གསང་ནས་ཕྱིར་ལོག་དུས་ཕྱག་དབང་ཞིག་ཞུས། ངས་ཕར་བལྟ་དུས་མི་སྟོང་ཕྲག་ཡོད་ས་རེད། མི་གྲངས་ལྔ་བརྒྱས་ང་ལ་ཕྱག་དབང་ཞུ་དུས་ཁྱེད་ཚོས་ཏོག་ཙམ་བསམ་བློ་གཏོང་དགོས་ཀི་འདུག ཕྱག་དབང་ཞུ་ཡ་སོགས་གང་བྱུང་མང་བྱུང་མང་པོ་མ་བྱེད། ཁྱེད་ཚོ་ཚང་མའི་གདོང་པར་ངས་བལྟ་ཀིན་ཡོད། ཁྱེད་ཚོས་ཀྱང་ང་ལ་བལྟ་ཀིན་ཡོད་པ་རེད། ཡང་ཁྱེད་ཚོ་འདིར་སླེབས་ཡོད་ཟེར་ནས་ང་རྩར་ཡོང་དགོས་ཀི་མ་རེད། ཁ་ཤས་འགྲོ་མཁན་འདྲ་ཡོད་ན་འགྲོ་ཡ་ཡིན་ཟེར་ནས་ཕྱག་དབང་ཞུ་ག་ཡོང་གིན་འདུག དེ་འདྲ་དགོས་ཀི་མ་རེད་ལབ་ཡ་ཡིན།
ཡང་ད་གིན་ལས་བྱེད་པ་ཚོས་ལབ་པ་ནང་བཞིན་གཙང་སྦྲ་གལ་ཆེན་པོ་རེད། ཟླ་བ་ལྔའི་རིང་སྡོད་དགོས་པ་རེད། ཟླ་བ་ལྔའི་རིང་ལ་གཙང་སྦྲ་མ་བྱས་ནས་ག་ས་གང་དུ་ཆབ་གསང་གཏོང་བ་སོགས་གཙང་སྦྲ་མེད་པ་ཡིན་ན་བླ་མ་དང་སློབ་དཔོན་སོགས་ནད་ཀྱིས་མནར་ཡའི་ཉེན་ཁ་འདྲ་ཡོང་སྲིད་པ་རེད། དེ་འདྲ་ཡིན་དུས་འདིར་སྨན་པ་འདྲ་ཡང་ཡོད་ས་རེད། ཆམ་པ་ན་ཡ་སོགས་ན་གྲབ་བྱེད་དུས་ལམ་སང་སྨན་ཟ་ན་དྲག་སྲིད་པ་རེད། ཆམ་པ་ན་ཚར་བའི་མཇུག་ཏུ་གཞི་ནས་སྨན་ཟོས་ནའང་དཀའ་ལས་ཁག་ཏུ་འགྲོ་གི་རེད། དེ་འདྲ་ཡིན་དུས་ཆམ་པ་ན་གྲབས་བྱེད་དུས་སྨན་ཟ་དགོས། དེ་རིང་ཁར་སང་འཛམ་གླིང་ནང་ལ་རིམས་ནད་འདྲ་མིན་མང་པོ་ཡོད་པ་རེད། དེ་འདྲ་ཡིན་རྩང་མི་མང་པོ་འཛོམས་ཡོད་དུས་ཕན་ཚུན་མིག་ནད་འགོས་ཡ་དང། ཆམ་པ་འགོས་ཡ་སོགས་མང་པོ་ཡོང་སྡོད་ཀིན་འདུག ཆམ་པས་ན་ཚར་བའི་མཇུག་ཏུ་གློ་ལུ་མཁན་འདྲ་ཡོད་ན་ཁ་རས་ཀྱིས་ཁ་འགེབས་ཡ་འདྲ་ཐབས་ཤེས་གནང་རོགས་གྱིས།
ད་དབང་ལུང་ཡུན་རིང་མོ་རེད། ཡིན་ན་ཡང་སྐབས་སྐབས་སུ་ཉིན་རེ་ཙམ་བར་སྟོང་བཞག་དགོས་དང་མི་དགོས་ད་ལྟ་ངས་ཐག་གཅོད་བྱེད་ཐུབ་མ་སོང། སྔོན་༧སྐྱབས་རྗེ་རྣམ་པའི་སྐུ་མདུན་ནས་ཚུར་ཞུ་དུས་ཀྱང་དེ་ལྟ་བུའི་ངལ་གསོ་རྩ་བ་ནས་གནང་མ་སོང། ཕྱོགས་གཅིག་ནས་ཆོས་རྩ་ཆེན་པོ་དང་རྒྱ་ཆེན་པོ་ཡིན་པའི་དབང་གིས་བར་བར་ལ་སྟོང་པ་བཞག་སོང་ན་ཏོག་ཙམ་ནས་ནུས་ཤུགས་འདྲ་མེད་པ་ཆགས་ནས་བར་ཆད་འདྲ་འབྱུང་ས་རེད་དྲན་གིན་འདུག འདི་ནས་མར་ལྟ་གིན་ལྟ་གིན་བྱ་རྒྱུ་ཡིན། གལ་སྲིད་བར་ཆད་འདྲ་མ་བྱུང་བ་ཡིན་ན་སང་ཉིན་གནངས་ཉིན་སྤྲེལ་ཟླ་ནི་ཟླ་བ་ལྔ་པ་རེད། ཟླ་བ་ལྔ་པའི་ཚེས་བཅུ་ལ་མཇུག་བསྡུ་རྒྱུའི་རེ་བ་ཡིན། དེ་འདྲ་ལབ་ཡ་ཡིན།
བྲུག་ཀུར་སྟོད་སྟག་སྐེད་ལར་༧ སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་རིན་ཆེན་གཏེར་མཛོད་གནང་བའི་ཉིན་དང་པོར་འབྲུག་ཤར་ཕྱོགས་པའི་སྐད་དུ་སྩལ་པའི་བཀའ་སློབ། གསུང་ཆོས་སྩལ་པ་ཚང་མ་བཀླགས།
གསུང་ཆོས་ཞུ་བ་པོ་རྣམས་ཁ་ཞེ་གཉིས་མེད་ཀྱིས་བླ་མ་ལ་དད་གུས་ཀྱིས་ཆོས་ཞུས་པ་ལ་བླ་མའི་བྱིན་རླབས་འཇུག་པ་ནི་གངས་ལ་ཉི་མ་ཕོག་པ་ན། ཆུ་འབབས་པ་མངོན་སུམ་གྱིས་མཐོང་ངོ་།
སྔོ་བསངས་ཡུལ་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་འདིར་འབྲུག་ཡུལ་བཀའ་བརྒྱུད་གྲྭ་པ་གཉིས་དང་། ཨ་ཆེ་ལོ་ངོ་བཞི་བཅུ་ཙམ་ཡིན་པ་གསུམ་གྱིས་སློབ་སྦྱོང་བྱེད། དེ་དག་གིས་བོད་སྐད་ཇི་ཙམ་ཤེས། བརྟག་དཔྱད་ཀྱི་ཡུལ་དུ་གྱུར། མ་ལ་ཡེ་ཤེ་པ་རྒྱ་རིགས་བཙུན་མ་ཛེན་ཏི་ཞེས་པས་བསྐུལ་ནས། གཟའ་འཁོར་ཞག་བདུན་ནང་ཆུ་ཚོད་གཅིག་རིང་སྤྱོད་འཇུག་གི་ལེགས་སྦྱར་སྐད་ཚིག་དང་བོད་སྐད་སྦྱོང་བར་བྱེད་པ་དེ་ཡིས་འབྲུག་ཏུ་བོད་སྐད་མི་སྟོངས་པ་ལ་ཕན་ནམ། རྫོང་གསར་མཁྱེན་བརྩེའི་གསུང་བཤད་ཅིག་ཏུ་ལོ་བརྒྱ་ཙམ་ན། ་འབྲུག་ཡུལ་ནང་བོད་སྐད་སྟོངས་པའི་ཉེན་ཀར་སླེབས་འདུག་གསུངས་པ་ཐོས་སོ།