ཚིག མུ་ལ།
གངས་ལྗོངས་ཕྱུག་མོའི་རྨ་ཆུའི་ཁུག་སོ་ནས། །
ཁ་བ་བོད་པའི་དགའ་སྡུག་སྐྱོ་གསུམ་རྣམས། །
གསར་དུ་བརྩམས་པའི་དབྱངས་རྟ་སྙན་མོ་མཉམ། །
གྱེར་བའི་གཞས་ཆུང་འཛམ་གླིང་ཡོངས་ལ་ཁྱབ། །
གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ཡིས། །
གཞན་གྱི་སྐད་ཡིག་ཅི་འདྲ་ཤེས་ན་ཡང་། །
ཕ་སྐད་གཙང་མས་གླུ་གཞས་ལེན་པ་འདི། །
བོད་པ་ཚང་ལ་དུང་ཞེན་ཆེ་བའི་རྟགས། །
མཚན་སྙན་ཀུན་ལ་ཁྱབ་པའི་བདུད་བྷེ་ལགས། །
སྲིད་འདིར་བྲལ་བའི་གཏམ་ངན་གྲགས་ནས་བཟུང། །
ཆོལ་གསུམ་བོད་པའི་རྒན་དར་གཞོན་གསུམ་རྣམས། །
སྐྱོ་བའི་མིག་ཆུ་རྨ་ཀླུང་གཞུང་ལ་འདྲེས། །
ལྷན་སྐྱེས་ངག་གི་གྲེ་འགྱུར་རབ་རྫོགས་པའི། །
དགེ་རྒན་བདུད་བྷེ་ཕྱི་མར་གཤེགས་ན་ཡང་། །
ཁོང་གིས་གྱེར་བའི་གླུ་གཞས་སྙན་མོ་རྣམས། །
ཆོལ་གསུམ་བོད་པའི་སེམས་ན་ཡལ་མི་སྲིད། །