—-ངག་དབང་ལྷུན་གྲུབ།
ང་དང་ང་འདྲ་བའི་མི་འཁྱམས་རེ་རེའི་སེམས་ན་རང་རང་གི་ཕ་ཡུལ་གྱི་དོན་སྤྱི་རེ་ཡོད་ངེས་ལ་དོན་སྤྱི་དེས་དྲངས་པའི་དྲན་གདུང་དང་། སྐྱིད་སྣང་། ད་དུང་དེ་ལས་ཀྱང་སེམས་ཁྲལ་རེ་དེ་བས་ཡོད་ངེས། ད་ལམ་རྐྱེན་དབང་ཞིག་གིས་དེས་བསྐྱེད་པའི་སེམས་ཁྲལ་ལས་འཕྲོས་ནས་འབྲི་འདོད་བྱུང་། ང་ལྟ་བུ་མང་པོ་ཞིག་མི་ཚེའི་དྲན་རྟེན་གསལ་ཤོས་འཇོག་པའི་བྱིས་དུས་ཀྱི་འཚོ་བ་ནི་ཕ་ཡུལ་གྱི་རྔམ་ཞིང་བརྗིད་པའི་གངས་རི་དང་བྲག་རི། མུ་མེད་པའི་རྩྭ་ཐང་དང་། ཆུ་བོ། ད་དུང་གྲོང་པ་ཁྱིམ་མཚེས་རྣམས་ཀྱི་སྒོ་ཐེམ་དང་། སྲོལ་རྒྱུན་རྡོ་བརྩིགས་ལས་བསྐྲུན་པའི་ར་སྐོར་དང་ཁང་ཁྱིམ། དེ་ལས་ཀྱང་ཡུལ་གསེང་གི་སྲང་ལམ་ཀྱག་ཀྱོག་དང་། རྒྱ་ཟམ་སོགས་ཀྱི་ཁྲོད་ནས་ཡར་འགྲོ་མར་འགྲོའི་བར་ལ་བསྐྱལ་ཞིང་། དེ་ནས་ཕ་ཡུལ་དང་ཕ་མ་རྣམས་རྒྱབ་ཏུ་བསྐྱུར་ཏེ། གཞན་ཡུལ་དུ་སློབ་སྦྱོང་དང་། རྒྱུ་དཔལ་འབྱོར་སོགས་ཀྱི་ཆེད་དུ་རང་རང་གི་མི་ཚེའི་ཀྱོག་ལམ་འགྲིམ་འགོ་བཙུགས།
ཚོང་ལམ་དུ་ཁེལ་བའི་དོལ་པོ་བན་ཚང་གི་སྲི་ལུང་ཟམ་པ།
བོད་མི་རིགས་ཀྱི་ལོ་རྒྱུས་ལ་བལྟས་ན་བཙན་པོའི་སྐབས་སུ་ཚོང་གི་ལྟེ་གནས། ལ་བརྒྱད་དང་ཁེ་བརྒྱད་སོགས་གནའ་བོའིི་ཁྲིམས་ཡིག་དག་ན་གསལ་བ་བཞིན། ཕྱིའི་རྒྱལ་ཁབ་དང་ཚོང་འབྲེལ་གྱི་ལྟེ་གནས་དང་། བོད་ནང་ཁུལ་གྱི་ཞིང་འབྲོག་བར་གྱི་ཚོང་འབྲེལ་སོགས་ཀྱི་ལྟེ་གནས་མང་པོ་ཡོད་ངེས། དེ་ཡང་དུས་རབས་བཅུ་གཉིས་ནས་བཅུ་གསུམ་གྱི་རིང་ལ་བརྩམས་པའི་{མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།}ཞེས་བོད་ཀྱི་སྐད་གྲགས་ཆེ་བའི་ལོ་རྒྱུས་ཀྱི་དེབ་ཐེར་དུ་ཡང་། “ཁེ་བརྒྱད་ནི། ལ་སྒོ་ཆེན་པོ་བཞི་ལ་མངའ་མཛད་པ་སྟེ། འབྲོ་རྗེ་ཁྲི་གསུམ་རྗེ་རྟགས་སྣང་གིས། ཤར་དར་ཟམ་གྱི་ལ་སྒོ་ཕྱེ་སྟེ་མངའ་མཛད། མགོས་ཁྲི་སྟེན་བལ་མས་ལྷོ་འབྲས་དང་ཁྲེའི་ལ་སྒོ་ཕྱེ་སྟེ་མངའ་མཛད། འབྲོ་ཆུང་གཟའ་འོར་མས། ནུབ་རམས་དང་རྒྱ་སྐྱེགས་ཀྱི་ལ་སྒོ་ཕྱེ་སྟེ་མངའ་མཛད། ཁྱུང་པོ་སྤུ་སྟངས་ཀྱིས་བྱང་ཚ་དང་མཛོའི་ལ་སྒོ་ཕྱེ་སྟེ་མངའ་མཛད། ལ་སྒོ་བཞི་ལ་ལེ་ཆུང་བཞི་དང་བརྒྱད་ལ། བོད་ཁེ་ལ་ཞུགས་པས་ཁེ་བརྒྱད་ཅེས་བྱའོ།” (བོད་ཀྱི་གཙུག་ལས་ཞིབ་གཅོད་ཁང་གི་དཔར་མ། ཤོག་ངོས་166)ཞེས་དང་། ཡང་དེབ་ཐེར་དེ་རང་ལ། “ཁ་བརྒྱད་ནི་ཁྲོམ་ཁ་ཆེན་པོ་བརྒྱད་ལ་བྱའོ། ཁེ་བརྒྱད་ནི་ལ་སྒོ་ཆེན་པོ་བཞི་ལ། ལེ་ཆུང་བཞི་བཏགས་པ་ལ་བོད་ཐམས་ཅད་ཁེ་ལ་རྒྱུག་པས་ཁེ་བརྒྱད་ཅེས་སོ།”(ཤོག་ངོས161)ཞེས་གསུངས་པ་ལྟར་ལ་སྒོ་བཞི་གསུངས་ཤིང་དེ་དག་རེ་ལའང་ལེ་ཆུང་བཞི་བཅས་བསྡོམས་པའི་ཁེ་བརྒྱད་ཡོད་པར་གྲགས། བོད་ཁེ་ལ་ཞུགས་པས་ཞེས་པ་ནི་ཚོང་འབྲེལ་གྱི་ཁེ་བཟང་ལ་ཞུགས་པའི་དོན་ཡིན་པ་སྨྲོས་མེད་རེད། ལ་སྒོ་བཞིའི་ནང་ནས་ལ་སྒོ་མཐའ་མ་ཁྱུང་པོ་སྤུ་སྟངས་ཀྱིས་བྱང་ཚ་དང་། མཛོའི་ལ་སྒོ་ཕྱེ་སྟེ་མངའ་མཛད། ཅེས་པ་དེ་ནི་ཕལ་ཆེར་ད་ལྟའི་བལ་བོད་ཀྱི་ས་མཚམས་སུ་ཁེལ་བའི་དོལ་པོ་དང་། མུ་ཁུམ། གློ་བོ། སླེ་མི་སོགས་དང་། ད་ལྟའི་བོད་ཁོངས་ཀྱི་མངའ་རིས་བྱང་ཐང་འབྲོག་པའི་བར་ལ་གནའ་དུས་ནས་ཚོང་འབྲེལ་ཡོད་པ་དེ་ལ་གོ་ཐུབ། རྒྱུ་མཚན་ནི། ད་ལྟའང་དོལ་ཕྱོགས་དང་། བྱང་ཐང་འབྲོག་པའི་བར་གྱི་ཚོང་ཟོག་གཙོ་བོ་དེ་ཚྭ་ཚོང་རེད། ལྟེ་གནས་བྱང་ཐང་དང་། ཚོང་ཟོག་ཚྭ་ཡིན་པ་བཅས་ལས་ཟུར་ཙམ་རྟོགས་ཐུབ། ལོ་བཅུ་ཕྲག་གཅིག་ཙམ་གྱི་གོང་ལ་ཡིན་ན། ང་ཚོའི་ཕ་ཡུལ་དང་བོད་ལྗོངས་འབྲོང་པ་རྫོང་གི་ས་མཚམས་ལ་རྒྱ་བལ་གཉིས་ཀའི་ལྟ་རྟོག་མེད་པས་དབྱར་དགུན་མེད་པར་ཕར་འགྲོ་ཚུར་འོང་ལ་རང་དབང་ཡིན་ཞིང་། ལྷག་པར་དུ་ཆོས་འབྲེལ་དང་གཉེན་འབྲེལ་སོགས་ཧ་ཅང་ཟབ། ཚོང་འབྲེལ་གཙོ་བོ་ནི་ཡུལ་སོ་སོའི་ཞིང་འབྲོག་གི་འཚོ་བ་དང་བསྟུན་སྟེ་དབྱར་སྨད་ཙམ་ལ་ཚོང་འདུས་རྒྱ་ཆེན་ཞིག་ཚོགས་སྲོལ་ཡོད། སྔོན་མ་ཡིན་ན་ང་ཚོའི་ཕྱོགས་ནས་གཙོ་བོ་ནས་འབྲུ་དང་བྱང་ཐང་འབྲོག་པས་ཚྭ་འཁྱེར་ཡོང་ཞིང་། འོན་ཀྱང་དེང་སང་བལ་རྒྱའི་ཆབ་སྲིད་འགྱུར་ནས་ས་མཚམས་ལའང་བཀག་རྒྱ་ཆེ་བས་སྔར་གྱི་རང་དབང་གི་འགྲུལ་བཞུད་ལ་རྫོགས་ཚིག་བཀོད་ཟིན་རུང་ལོ་ལྟར་ཚོང་འདུས་དེ་བོད་ནང་དུ་མུ་འཐུད་ཚོགས་སྲོལ་ཡོད། ཚོང་ཟོག་གི་རྣམ་པའང་གྱུར་སྟེ། ང་ཚོའི་ཕ་ཡུལ་ཕྱོགས་ནས་དབྱར་རྩྭ་དགུན་འབུ་དང་། འབྲོག་ཕྱོགས་ནས་འབྲས། བག་ཕྱེ། ཚྭ། ཇ། གྱོན་པའི་རིགས་དང་། མངར་ཆའི་རིགས་སོགས་མང་པོ་འཁྱེར་ཡོང་བ་ཡིན།
འདི་ལྟ་བུའི་ཚོང་འབྲེལ་གྱི་དུས་ཆེན་ཚུགས་ཏེ་མི་ལོ་ཇི་ཙམ་ཕྱིན་པའི་ལོ་རྒྱུས་ཀྱི་གསལ་ཁ་མེད་ནའང་། ཆབ་སྲིད་ཀྱི་གནས་འབབ་ཇི་ཙམ་འགྱུར་རུང་ད་དུང་མུ་ཁུམ་དང་། དོལ་པོ། གློ་བོ། སླེ་མི་སོགས་བལ་ཡུལ་གྱི་ཁོངས་གཏོགས་ས་གནས་ཡུལ་མི་དང་། བོད་ཀྱི་མཐའ་མཚམས་ཡུལ་མིའི་བར་གྱི་ཚོང་ལམ་དེའི་ངོ་བོ་མ་བརླག་པར་གནས་ཡོད།
དོལ་པོ་རྟ་རབ་དང་། བན་ཚང་གཙོ་བོར་གྱུར་བའི་ཡུལ་མི་རྣམས་ཀྱི་འཚོ་གནས་ནང་དུ་བཟའ་འཐུང་གྱོན་གོས་སོགས་བོད་ལྗོངས་འབྲོང་པ་རྫོང་ཁོངས་ཀྱི་མར་ཡུམ་ཚོང་ར་ལས་རག་ན་མ་གཏོགས་དེ་ལས་གཞན་དུ་འགྲོ་ས་མེད། ལོ་གཅིག་ཚོང་ར་དེར་མ་བསྐྱོད་ན་ཡུལ་མི་རྣམས་ལ་ཟ་བྱ་བཏུང་བྱ། གོན་བྱེད་སོགས་ས་གནས་གཞན་ནས་རག་རྒྱུ་ཧ་ཅང་དཀའ། འོན་ཀྱང་འགྲུལ་བཞུད་ཀྱི་ལམ་ལ་ད་དུང་ཡང་ཡར་རྒྱས་ཀྱི་རྣམ་པ་གང་ཡང་མེད་པར། ཚོང་ཟོག་རྣམས་རྟ་གཡག་ལ་བཀལ་ནས་འཁྱེར་དགོས་ཤིང་། བལ་བོད་བར་གྱི་ཆུ་ཆེན་ཁག་བརྒལ་དགོས། ཚོང་དུས་དེ་དབྱར་ཁར་ཁེལ་བས་འགྲུལ་བཞུད་དེའང་གཙང་ཆུ་རྒྱས་ཁར་ཁེལ་གྱི་ཡོད། ལམ་བར་དུ་གཙང་པོས་མི་དང་། རྟ་ནོར་ལུག་གསུམ་འཁྱེར་བ་ཉུང་ཉུང་མ་རེད། ལམ་བར་ལ་ཟམ་པ་འགའ་རེ་ཡོད་ཀྱང་། དོལ་པོ་དང་བོད་ཀྱི་ས་མཚམས་ནི་མི་མེད་ལུང་སྟོང་བྱང་ཐང་ཡིན་པས་ཤིང་ཆ་དང་ས་འདམ་ཐེབས་ཅག་གིས་བཟོས་པ་ཙམ་ཡིན་པས་ལས་སླ་པོར་ཆུས་འཁྱེར་གྱི་ཡོད།
སྤྱི་ལོ་2014ལོར་ང་རང་ཕ་ཡུལ་ནས་ཡུལ་མི་དང་མཉམ་དུ་བྱང་ཐང་ལ་ཚོང་རྒྱག་ཏུ་རྟ་གཡག་དེད་དེ་བསྐྱོད་པ་ཡིན། ངའི་སྐྱེས་ཡུལ་དང་བྱང་ཐང་གི་བར་ལ་ཡུལ་མཚེས་དོལ་པོ་བན་ཚང་ཁེལ་གྱི་ཡོད། རང་ཁྱིམ་ནས་ཉིན་གཉིས་ཀྱི་འགྲུལ་བཞུད་རྗེས་སུ་བན་ཚང་ཡུལ་དུ་འབྱོར་ཞིང་། དེ་གར་འབྱོར་བ་ལ་གཙང་ཆུ་གསུམ་ཙམ་བརྒལ་དགོས། བན་ཚང་དུ་ས་གནས་ཁག་གསུམ་གྱི་གཙང་ཆུ་མཉམ་དུ་འདུས་ཤིང་། རྟ་རབ་ཕྱོགས་ནས་བཞུར་བ་ཞིག་དང་། བྱང་ཐང་ཕྱོགས་ནས་ཚུར་བཞུར་བ་ཞིག ད་དུང་ཡུལ་གཞན་ཞིག་ནས་བཞུར་བ་བཅས་གསུམ་ཡིན། ང་ཚོ་བན་ཚང་ལ་འབྱོར་བར་གཙང་ཆུ་གཉིས་ལ་ཐེངས་གསུམ་ཙམ་བརྒལ་དགོས། གཙང་ཆུ་རེ་རེ་ལ་རང་རང་གི་ལོ་རྒྱུས་རེ་ཡོད་ཅིང་། རྒན་རབས་པ་ཚོའི་ངག་ནས་གཅིག་གི་མེས་པོ་དེ་ལྟར་བྱས་ཏེ་ཆུ་དེས་འཁྱེར་བ་དང་། གཞན་ཞིག་གི་ཉེ་འབྲེལ་ཞིག་དེ་ལྟར་ཆུས་དེད་ཚུལ་སོགས་མང་དུ་ཤོད་རྒྱུ་ཡོད། 2014ལོར་ངེད་ཀྱི་འགྲུལ་བའི་ཤོག་ཁག་ལས་ཉིན་གཅིག་གི་རྗེས་སུ་ཡོང་བའི་ཁྲོད་ནས་རོང་ཕྱོགས་ནས་ཡིན་པའི་བུད་མེད་ཅིག་དོལ་པོ་རྟ་རབ་ཀྱི་ཡུལ་ཕྱོགས་ནས་རྒྱུག་པའི་གཙང་ཆུ་དེས་ཁུར་བའི་གནས་ཚུལ་སྐྱི་གཡའ་བ་ཞིག་རྣ་ལམ་དུ་གྲགས། བུད་མེད་དེ་དེད་ས་ནས་མར་ཙམ་སླེབས་ན་རྟ་རབ་ཕྱོགས་ཀྱི་ཆུ་དེ་དགའ་བྱང་གཙང་ཆུ་ཞེས་པ་ཞིག་དང་འདྲེས་པར་འགྱུར། ཡང་ལོ་ལྔ་དྲུག་གི་སྔོན་ལ་མོན་ཕྱོགས་གྱི་མི་གསུམ་ཙམ་མཉམ་དུ་ཆུ་དེས་འཁྱེར་པའི་གནས་ཚུལ་འདུག དགའ་བྱང་གཙང་ཆུ་ཞེས་པ་དེ་ལའང་ལོ་རྒྱུས་མང་པོ་ཡོད་དེ། རྒན་གྲས་ཤིག་གིས་བཤད་པ་ལྟར་ན་རྟ་རབ་བླ་བྲང་གི་བླ་མ་མཚམས་པ་ཞེས་པ་མཚམས་གྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་བླ་མ་ཞིག་ཀྱང་བན་ཚང་གི་འབྲོག་ཐོག་ལ་བསོད་སྙོམས་སློང་བར་ཕེབས་སྐབས་ཆུ་དེས་དེད་ཚུལ་འདུག ད་དུང་འདི་ལྟ་བུའི་གནས་ཚུལ་མང་དུ་ཡོད། འགྲུལ་པ་རྣམས་རྟ་རབ་ཀྱི་ཆུ་དང་དགའ་བྱང་གི་ཆུ་གཉིས་ལས་གྲུབ་པའི་གཙང་ཆུ་ཆེན་པོ་ཞིག་ཀྱང་བརྒལ་དགོས། ཆུ་བོ་དེ་གཉིས་འདྲིལ་བའི་གཙང་པོ་ཆེན་པོ་དེར་སྲི་ལུང་ཟམ་པ་ཞེས་པའི་ཟམ་པ་ཞིག་ཡོད་ཀྱང་། ཟམ་པ་དེ་གཙང་པོ་བྲུག་དུས་ཆུས་དེད་དེ་མིང་གི་ལྷག་མར་འགྱུར་བ་ཡིན། དེ་འདྲའི་སྐབས་སུ་འགྲུལ་པ་རྣམས་ཀྱིས་ཉིན་ལམ་གཅིག་གི་སར་བསྐོར་ནས་འགྲོ་བའམ་རང་སྲོག་འབེན་བཙུགས་ཀྱིས་ཆུ་བརྒལ་བ་སོགས་བྱེད་དགོས། འདི་ལྟ་བུའི་འགྲུལ་བཞུད་ལོ་རྟག་པར་མ་བྱས་ཀ་མེད་ཡིན་མཁན་གྱི་གྲས་སུ། ཌོལ་པ་རྫོང་གི་ས་གནས་ལ་སྔོན་དང་། ས་ཧར་ཏ་ར། བན་ཚང་། རྟ་རབ་སོགས་ཀྱི་མི་རྣམས་དང་། ཌོལ་པ་རྫོང་གི་ཕྱི་ལོགས་ཀྱི་ཚོང་པ་མང་པོ་གཏོགས་ཡོད།
ཟམ་པ་དེ་སྤྱི་ལོ་2014སྔོན་ལ་ཐེངས་དུ་མར་ཆུས་འཁྱེར་བས་འགྲུལ་མི་ཀུན་ལ་དཀའ་ངལ་རབ་དང་རིམ་པ་འཕྲད་ཀྱང་། ཡུན་རིང་ཆུས་འཇིག་མི་ཐུབ་པའི་བསྐྱར་བཟོ་ལེགས་པོ་ཞིག་ནམ་ཡང་བྱེད་མ་ཐུབ་ལ། དེ་བསྐྱར་བཟོ་ཚད་ལྡན་ཞིག་ཡོང་བ་ལའང་རྒྱུ་ཆ་སྤུས་ལེགས་རག་ཐབས་བྲལ། འོན་ཀྱང་དེ་ལྟ་བུའི་གནས་ཚུལ་དེ་དོལ་པོ་སྤྲུལ་སྐུ་རིན་པོ་ཆེ་དང་། དོལ་པོ་མཁན་པོ་པདྨ་རྡོ་རྗེས་གསན་རྗེས་དོལ་པོ་སྤྲུལ་སྐུ་དགེ་རྩ་ཚོགས་པའི་ངོས་ནས་སྦྱིན་བདག་བྱས་ཏེ། ཟམ་པ་བཟོ་རྒྱུའི་ཐག་གཅོད་ཀྱིས་བལ་ཡུལ་རྒྱལ་ས་ནས་ཟམ་པ་བཟོ་བྱེད་ལྕགས་དྲ་དང་ཤིང་ཆའི་རིགས་དབོར། འོན་ཀྱང་ལོ་དེར་བན་ཚང་ཡུལ་མིའི་ངོས་ནས་ཟམ་པ་བརྩིག་དགོས་ཀྱང་། རྟ་རབ་དང་བན་ཚང་གི་ཡུལ་གཉིས་པོའི་བར་མི་མཐུན་པའི་གནས་ཚུལ་ལྷགས་པས་ལོ་གཅིག་རིང་བན་ཚང་ཡུལ་མིས་མ་བཟོས་པ་རེད་ཅེས་ས་གནས་མིས་ཤོད་ཀྱིན་འདུག གང་ལྟར་ལོ་གཅིག་གི་རྗེས་སུ་སྤྱི་ལོ་2015ལོར་ཡུལ་མི་ཀུན་གྱིས་ཟམ་པ་བརྩིགས། སྐབས་དེར་བལ་ཡུལ་རྒྱལ་ས་ནས་ཟམ་པ་སྲ་བརྟན་ཡོང་བའི་ཆེད་དམིགས་བསལ་ཆེད་ལས་པ་སྐད་བཏང་སྟེ། སྔོན་གྱི་སྲོལ་རྒྱུན་ཟམ་པ་བཟོ་སྟངས་ཀྱི་སྟེང་དུ་ཆུའི་འཇིག་པ་ལས་སྐྱོབ་ཆེད།ཟམ་སྔས་ཕན་ཚུན་གཉིས་ལ་རྡོ་འབོར་ཆེན་བརྩིགས་ཏེ། རྡོ་དེ་ཡང་ལྕགས་དྲ་ཡིས་བསྡམས་ཏེ་ཟམ་པ་ཆུས་འཁྱེར་མི་ཐུབ་པ་བཟོས་འདུག ཟམ་སྔས་སྲ་བརྟན་ཡོང་བར་ཆེད་ལས་པས་ལས་ཀ་བྱས་ཀྱང་དངོས་གཞིའི་ཟམ་པ་ཡོངས་རྫོགས་ཡུལ་མི་རང་གིས་བརྩིགས། འདི་ལྟར་བྱས་པས་སྔོན་གྱི་སྲོ་རྒྱུན་ཟམ་པའི་རྣམ་པ་མི་འགྱུར་བར་ཕན་ཐོགས་ཡོད། ཟམ་པ་བཟོ་སྟངས་འདི་དོལ་པོ་སྟོད་ཕྱོགས་སུ་གསར་གཏོད་ལྟ་བུ་ཆགས་ཡོད། དོལ་པོ་སྤྲུལ་སྐུ་དགེ་རྩ་ཚོགས་པས་ཟམ་པ་དེའི་ཐོག་ལ་མ་དངུལ་བལ་སྒོར་འབུམ་ལྔ་བཏང་ཚུལ་ཚོགས་པའི་རྩིས་གཉེར་ལྷག་པས་བཤད་བྱུང་།
འགྲུལ་བཞུད་མང་བའི་དོལ་པོ་རྟ་རབ་ཀྱི་མོན་འགྲོ་རྒྱ་ཟམ།
ང་ཚོ་ཆུང་དུས་སུ་ཕ་ཡུལ་གྱི་སློབ་ཆུང་འགྲིམས་སྐབས་གྲོང་ཚོ་སྟོད་སྨད་ཀྱི་ཁྱད་པར་གྱིས་སློབ་གྲོགས་འགའ་ཤས་ཆུ་ཚོད་གཅིག་ཙམ་གྱི་སར་གོམ་པ་བརྒྱབ་སྟེ་སློབ་གྲྭར་འབྱོར་དགོས་ཤིང་། སློབ་གྲྭ་ཚོགས་དུས་ནི་ལོ་གཅིག་ལ་དཔྱིད་མཇུག་ནས་སྟོན་མགོ་བར་གྱི་ཟླ་བ་ལྔ་ཙམ་ལས་མེད་ཁར་ཆར་དུས་སུ་གཙང་ཆུ་རྒྱས་པས་སློབ་ཕྲུག་རྣམས་ཕར་བཞག མི་ཆེན་དང་། རྟ་གཡག་རྣམས་ཀྱང་ཐར་དཀའ་བས་ཕ་མ་རྣམས་ལ་སེམས་ཁྲལ་གྱི་ཁུར་བོ་ཧ་ཅང་ལྕི། དེ་ལྟ་བུའི་དཀའ་སྡུག་མང་པོ་ཞིག་གིས་སློབ་མ་རྣམས་ཟླ་ལྔའི་རིང་གི་སློབ་ཚན་ཡང་ཚོགས་རྒྱུ་སླ་མོ་ཞིག་ག་ལ་ཡིན།
སློབ་གྲྭ་དེ་ཡང་ཕྱི་ལོ་1996གཡས་གཡོན་དུ་ཧྥ་རན་སིའི་བུད་མེད་མེེ་རི་(Marie)ཞེས་པ་ཞིག་གི་རོགས་སྐྱོར་འོག་རྟ་རབ་ཡུལ་ཚོ་གཉིས་པོའི་དཀྱིལ་དབུས་རང་དུ་བཙུགས་ཡོད། ལོ་དེ་ནས་བརྩིས་པའི་མི་ལོ་བཅུ་ཕྲག་གཅིག་ཙམ་རིང་དོལ་ཕྱོགས་གྲུ་བཞིའི་ནང་གི་ཅུང་ཆ་རྐྱེན་ཚང་བའི་སློབ་གྲྭ་གཅིག་པུ་རུ་གྱུར་བས་ནང་ཀོང་དང་། བན་ཚང་། ཚྭ་དགའ། ཏི་སེ་རོང་། མཚོ་སྤུང་མོ་སོགས་ཡུལ་གྲུ་གཞན་གྱི་སློབ་མའང་མང་པོ་ཞིག་དེ་གར་སློབ་སྦྱོང་གི་ཆེད་དུ་སླེབས།
མོན་འགྲོ་རྒྱ་ཟམ་གྱི་ཐོག་ཏུ་དབྱར་དུས་ཁོ་ནར་སློབ་ཕྲུག་གཅིག་པུ་དྲུག་བཅུ་ཙམ་ཡར་འགྲོ་མར་འགྲོ་བྱེད་དགོས། གྲངས་འབོར་འདི་རྒྱལ་སའི་ཕྱོགས་དང་བསྡུར་ཐབས་མེད་ནའང་གྲོང་གསེབ་ཅིག་ལ་མཚོན་ན་ཉུང་ཉུང་མིན། དེ་བས་ཀྱང་རྟ་རབ་ནི་དོལ་ཕྱོགས་གྲུ་བཞིའི་མི་མང་འདུ་འགོད་ཆེ་ཤོས་ཀྱི་ས་གནས་ཡིན་ཁར། ཉེ་བའི་ལོ་བཅུ་ཕྲག་གཅིག་གཉིས་སྔོན་ནས་དབྱར་རྩྭ་དགུན་འབུའི་ཉོ་ཚོང་འཕེལ་རྒྱས་ལ་བརྟེན་བལ་ཡུལ་གྱི་རྫོང་ཁག་75ནས་ཡོང་མཁན་གྱི་མི་ཧ་ཅང་མང་། ད་དུང་ས་གནས་ཡུལ་མིའི་ལྟོ་གོས་དང་། དབྱར་རྩྭ་དགུན་འབུའི་ཚོང་འབྲེལ་སོགས་མང་པོའི་ཆེད་དུ་མོན་འགྲོ་རྒྱ་ཟམ་ནི་མེད་ཐབས་མེད་པའི་དོལ་པོ་རྟ་རབ་ཀྱི་ཟམ་ཆེན་ཞིག་ཆགས་ཡོད། སྟོན་དུས་སུ་སྟག་ཀྱུས་(ཡུལ་ཚོ་ཞིག་གི་མིང་།)ཀྱི་གཙང་ཆུ་ཧ་ཅང་རྒྱས་པས་ཟམ་ཆེན་དེ་ཆུས་འཁྱེར་བ་ཉུང་ཉུང་ག་ལ་ཡིན། ཟམ་ཆེན་ཆུས་འཁྱེར་ཐུབ་ན། རྟ་གཡག་དང་། མི་སོགས་ནི་ཆུས་འཁྱེར་རྒྱུར་དཀའ་མོ་མིན་པ་རང་བཞིན་གྱིས་རྟོགས་འོང་། དེ་ཡང་དོལ་པོ་སྟོད་ཕྱོགས་སུ་ཤིང་སྡོང་རིགས་མི་སྐྱེ་ཞིང་། འགྲུལ་བཞུད་ནི་བལ་ཡུལ་གྱི་ས་ཁོངས་གཞན་རྣམས་ལས་ཀྱང་ཁག་ཤོས་གྲས་ཡིན་པས་འཛུགས་སྐྲུན་གྱི་བྱ་བ་དག་ལས་སླ་པོར་ཐུབ་པ་ཞིག་མིན་པས་ཟམ་ཆེན་དེ་ཆུས་འཁྱེར་ཐེངས་རེར་བསྐྱར་བཟོ་བྱེད་རྒྱུར་དཀའ། མི་དམངས་ཚོས་བཟོས་ནའང་དེའི་རྒྱུ་ཆ་ལ་དེང་སང་གི་ཨར་འདམ་དང་། ལྕགས་རིགས་སོགས་གང་ཡང་མེད་པར་ས་གནས་རང་གི་ས་རྡོ་དང་། རོང་ཕྱོགས་ནས་ཁྱེར་པའི་ཤིང་ཆ་མ་གཏོགས་མེད། དེའི་རྐྱེན་པས་ཧ་ལམ་ལོ་རེར་ཐེངས་རེ་ལ་བཟོ་བཅོས་བྱེད་དགོས། ཤིང་ཆ་དེ་ཡང་རོང་ཕྱོགས་ལ་ལེན་པར་འགྲོ་དུས་བྲག་གཡང་གི་ལམ་ཕྲང་ཁོ་ན་བརྒྱུད་དགོས་པས་རྟ་གཡག་དང་། མི་སྲོག་འབེན་དུ་མ་བཙུགས་ཀ་མེད་ཆགས་ཡོད། ཤིང་ཆའི་རིགས་དབོར་དགོས་ན་ཉུང་མཐར་ཉིན་གསུམ་རིང་གཡག་ལ་འགེལ་བ་དང་ཁུར་བ་མ་གཏོགས་མེད་ཅིང་། ལམ་ཕྲང་སོགས་ལ་གཡག་གིས་ཁུར་པོ་ལྗིད་མོ་ཁུར་ནས་འགྲོ་མི་ཤེས་པས་མི་རང་གིས་ཁུར་དགོས། བལ་ཡུལ་རྒྱལ་ས་ཕྱོགས་སུའང་འགྲོ་བར་རོང་ལམ་འདི་དག་མ་བརྒྱུད་ཀ་མེད་ཡིན་ཞིང་། ད་ལྟའི་བར་ལམ་འཕྲང་དག་ནས་མི་ཕྱུགས་ཟགས་ཏེ་ཤི་པ་ལོ་ལྟར་ཆག་མེད་ཡིན།
ང་རང་ཕྱི་ལོགས་སུ་སློབ་སྦྱོང་བྱས་ཏེ་ལོ་བརྒྱད་ཀྱི་རྗེས་སུ་སྤྱི་ལོ2014ལོར་ཕ་ཡུལ་དུ་བསྐྱོད་སྐབས། བལ་ཡུལ་རྒྱལ་ས་ནས་ཌོལ་པ་རྫོང་གི་ལྟེ་གནས་བར་དུ་གནམ་གྲུར་བསྡད་ནས་ཕྱིན་ཞིང་། དེ་ནས་ཉིན་གསུམ་རིང་གོམ་པ་བཙུགས་པ་ཡིན། འགྲུལ་བཞུད་ཀྱི་ཉིན་གསུམ་པར་ང་ཚོའི་མདུན་རང་དུ་དྲེལ་གཉིས་ཁུར་བོ་དང་ལྷན་དུ་ཕྲང་ལམ་ནས་ཟགས་ཏེ་ཁྲག་ན་རེར་དབུགས་ཆད་སོང་། སེམས་ཚོར་གློ་བུར་བ་ཞིག་གིས་དྲངས་པའི་ན་ཟུག་ཅིག་གིས་སྙིང་རྗེ་ཤུགས་དྲག་སྐྱེས་བྱུང་ལ་ནང་ཆོས་ནང་ནས་གསུངས་པའི་མི་རྟག་པའི་དོན་ལའང་བསམ་གཞིགས་མི་བྱེད་ཀ་མེད་དུ་གྱུར། འདི་ལྟ་བུའི་གནས་ཚུལ་ནི་དཔེ་ཚོན་ཙམ་ལས་བགྲང་གིས་མི་ལངས། བསམ་བློ་ཞིག་བཏང་ན་འཇིག་རྟེན་ནི་དགོད་བྲོ་བ་ཞིག་ཀྱང་རེད། ལ་ལ་ཞིག་འཛམ་གླིང་གི་ཤར་ནུབ་གཉིས་ལའང་ཆུ་ཚོད་འགའ་ཤས་ལ་སླེབ་ཐུབ་ཅིང་། ངའི་ཕ་ཡུལ་ལྟ་བུ་ལ་ནི་རྫོང་ཐོག་ཏུ་འགྲོ་བ་ལའང་ཉིན་གསུམ་དང་བཞིའི་བར་རྐང་པ་བཙུགས་ཏེ་རང་སྲོག་འབེན་བཙུགས་བྱེད་དགོས། སྟབས་ལེགས་པ་ཞིག་ལ་སྤྱི་ལོ་2014ལོར་ང་ཕ་ཡུལ་དུ་ཡོད་སྐབས། ཕ་ཡུལ་གྱི་མོན་འགྲོ་རྒྱ་ཟམ་དེ་དོལ་པོ་སྤྲུལ་སྐུ་རིན་པོ་ཆེ་དང་དོལ་པོ་མཁན་པོ་པདྨ་རྡོ་རྗེ་གཉིས་ཀྱིས་སྦྱིན་བདག་མཛད་དེ་དོལ་པོ་སྤྲུལ་སྐུ་དགེ་རྩ་ཚོགས་པའི་ངོས་ནས་ས་གནས་དེ་ལ་ལྟོས་ཏེ་གང་ཡག་ཡག་ཅིག་འཛུགས་སྐྲུན་བྱས་སོང་། གོང་གི་ཕྲང་ལམ་དེ་དག་ཀུན་བརྒྱུད་དེ་ད་ལམ་གྱི་ཟམ་པའི་རྒྱུ་ཆར་ལྕགས་དྲ་འབོར་ཆེན་དང་ཤིང་ཆའི་རིགས་དབོར། དེའང་དེ་སྔོན་དང་མི་འདྲ་བར་ཟམ་སྔས་ཕན་ཚུན་ལ་རྡོ་འབོར་ཆེན་བརྩིགས་ཤིང་། རྡོ་དེ་དག་ལྕགས་དྲའི་ནང་དུ་བཅུག་སྟེ་ཆུས་ཁྱེར་མི་ཐུབ་ཐབས་བྱས་འདུག འདི་ནི་ཟམ་པ་སྲ་བརྟན་ཡོང་བའི་གསར་གཏོད་ཀྱི་ཐབས་ལམ་ཡག་པོ་ཞིག་རེད་ལ། དེའི་སྟེང་སྲོལ་རྒྱུན་གྱི་ཟམ་པའི་བཟོ་ལྟའང་མི་ཉམས་ཐབས་ཀྱིས་ཡུལ་མི་རང་ལ་བཟོ་རུ་བཅུག་པས་བཟོ་ལྟ་སྔར་ལྟར་འདུག ཟམ་པ་འཛུགས་དུས་ང་རང་དེ་གར་ཡོད་པས་དེའི་ཨར་ལས་བྱེད་སྟངས་ཀུན་མིག་མཐོང་ལག་ཟིན་བྱུང་།
ཉིན་རེ་ལ་ཁྱིམ་ཚང་རེ་ནས་མི་རེ་སླེབས་ཏེ་རྡོ་དབོར་བ་དང་ཨར་ལས་བྱེད་པ་སོགས་བྱས་སོང་། ལས་མི་རྣམས་ཀྱི་འགོ་བ་ནི་ས་གནས་སྐུ་དྲག་གྲོང་གསར་དཔལ་བཟང་གིས་བྱས། གང་ལྟར་ཟམ་པ་དེ་འགྲུབ་པར་བྱས་འདུག་ལ་དེའི་འགྲོ་སོང་གི་སྐོར་དོལ་པོ་སྤྲུལ་སྐུ་དགེ་རྩ་ཚོགས་པའི་རྩིས་པར་བཅར་འདྲི་ཞུས་པས། ཁོས་བཤད་པ་ལྟར་ན་ཚོགས་པས་ལྕགས་དྲ་དང་། ཤིང་ཆའི་རིན་གོང་དང་། དབོར་གླ། དེ་བཞིན་ལྕགས་དྲ་སླ་མཁན་ཆེད་ལས་པ་རྒྱལ་ས་ནས་གླས་པ་སོགས་ཀྱི་ཁྱོན་བསྡོམས་འགྲོ་སོང་ནེ་སྒོར་འབུམ་ལྔ་ལྷག་སོང་འདུག་ཟེར། དེ་ནས་གཞན་རྡོ་དབོར་བ་དང་། ཟམ་པ་བརྩིག་པ་བཅས་ནི་ས་གནས་ཡུལ་མིས་རོགས་སྐྱོར་བྱས། གང་ལྟར་ཡུལ་མིའི་མཉམ་འབྲེལ་དང་། དོལ་པོ་སྤྲུལ་སྐུ་དགེ་རྩ་ཚོགས་པའི་རོགས་སྐྱོར་འོག་སྔར་གྱི་བཟོ་བཀོད་མ་ཉམས་ལ་ཆུས་འཁྱེར་དཀའ་བའི་ལྕགས་དྲའི་རྣམ་པ་ཅན་གྱི་ཟམ་པ་ཞིག་ལེགས་གྲུབ་བྱུང་འདུག
ཟམ་པ་འདིའི་སྐོར་དོལ་པོ་སྤྲུལ་སྐུ་རང་གིས་དྲན་གསོ་བྱས་པ་ལྟར་ན། ཕྱི་ལོ་2011ཙམ་ལ་དབྱར་དུས་སུ་སྤྲུལ་སྐུ་མཆོག་ཕལ་ཡུལ་དུ་བཞུགས་ཡོད་སྐབས། ཆར་ཞོད་ཆེ་བའི་ཉིན་ཞིག་གི་ཞོགས་པར་བུད་མེད་ཅིག་ཞེད་མ་དངངས་ཀྱིས་མིག་ཆུ་མ་ཐོན་ཙམ་བྱེད་ཞོར་ཁྱིམ་མཚེས་རེ་རེའི་སྒོ་ཁར་འགྲིམས་ཏེ་ངུ་བཞིན་མོ་རང་གི་བྱིས་པ་ཨེ་མཐོང་འདྲི་བཞིན་འདུག་ཟེར། དེ་ཡང་ཆར་དུས་སུ་གཙང་ཆུ་རྣམས་རྒྱས་པས་བུད་མེད་དེ་ལ་རང་གི་བྱིས་པ་ཆུས་འཁྱེར་པ་ཡིན་ནམ་སྙམ་པའི་སེམས་ཁྲལ་ཧ་ཅང་ཆེན་པོ་འདུག་ཟེར། དེ་ནས་བཟུང་སློབ་ཕྲུག་རྣམས་ཡར་འགྲོ་མར་འགྲོ་བྱེད་སྐབས་སུ་གཙང་པོ་ལ་ཟམ་པ་ལེགས་པོ་ཞིག་མ་བྱུང་ཀ་མེད་འདུག་སྙམ་པའི་ཐུགས་བསམ་འཁོར་བྱུང་ཞེས་སྤྲུལ་སྐུ་མཆོག་གིས་གསུངས་བྱུང་། འདི་ནི་སྤྲུལ་སྐུ་མཆོག་ལ་ཟམ་པ་ཞིག་འཛུགས་དགོས་པའི་ཐོག་མའི་ཐུགས་བསམ་གྱི་ས་བོན་དེ་ཡིན་པ་འདྲ།
ས་ཆ་གང་ཞིག་ལ་མཚོན་ནའང་འགྲུལ་བཞུད་དང་འབྲེལ་ལམ་གྱི་ཆ་རྐྱེན་ནི་མེད་ཐབས་མེད་པ་སྟེ། མིའི་ལུས་པོར་མཚོན་ན་ཁྲག་རྩ་དག་དང་མཚུངས་པ་ཡིན། དེ་སྔོན་འགྲུལ་བཞུད་དང་འབྲེལ་ལམ་གྱི་ཆ་རྐྱེན་རྗེས་ལུས་ཐེབས་པས་བོད་རིགས་རྣམས་ད་ལྟའི་འཛམ་གླིང་གི་རྗེས་མ་ཆོད་པར་ལྷག་པ་ཡིན། འགྲུལ་བཞུད་དང་། འབྲེལ་ལམ་གྱི་ཆ་རྐྱེན་མེད་ན་ས་ཆ་གཞན་དང་ཤེས་ཡོན་བརྗེ་རེས་མེད་ཅིང་། ཚོང་འབྲེལ་གྱི་ཡར་རྒྱས་དཀོན། གངས་རི་དང་ཆུ་བོ་ནི་འུ་རང་ས་མཐོའི་གངས་ལྗོངས་ཀྱི་རྒྱན་ཆ་ཞིག་ཡིན་ནའང་། འུ་ཚོའི་ཡར་རྒྱས་ཀྱི་འགྲོ་ལམ་འགོག་པའི་བཀག་རྡོ་ཞིག་ལོས་ཡིན།
འདི་ལྟར་ཕ་ཡུལ་ལ་ཐེངས་གཅིག་བསྐྱོད་པའི་དྲན་ཐོའི་ཟུར་ཞིག་ཡིག་ཐོག་ཏུ་བཀོད་པ་ཡིན། ཕ་ཡུལ་ལ་མ་ཆས་གོང་ཉིན་ཐོ་ཞིག་འབྲི་དགོས་བསམ་ནས་དེབ་དང་སྙུ་གུ་སོགས་ཡིག་ཆས་ཅུང་ཁྱེར་བ་ཡིན། འོན་ཏེ། ཕ་ཡུལ་ནི་ཕ་ཡུལ་ཏེ། དེང་སང་མིའི་རིགས་ཚན་རིག་དང་འཕྲུལ་ཆས་ཀྱི་ཤོག་པ་ཐོགས་ཏེ་ཕུར་སྐབས། ཕ་ཡུལ་གྱི་མི་རྣམས་ཁུར་པོ་གཡག་ལ་བཀལ་ནས་ས་ཆེན་པོ་རྐང་པས་ཚད་འཇལ་བྱེད་དགོས་པས་ལུས་པོ་དལ་དལ་ལྷོད་ལྷོད་མི་འདུག ངའང་ཁོང་ཚོ་དང་འདུར་རྒྱུག་ཅིག་བྱས་པ་ཡིན། དེས་ན་ཉིན་ཐོ་འབྲི་ཡང་མ་ཐུབ། འོན་ཀྱང་འདུ་འཛི་ཆེ་བའི་གྲོང་འཁྱེར་གྱི་འཚོ་བ་དང་བསྡུར་ན་ཕ་ཡུལ་ནི་ད་དུང་དག་ཞིང་ངོ་། ཕྱིའི་འཛུགས་བསྐྲུན་དང་དེང་རབས་ཀྱི་ཤེས་ཡོན་ཕ་ཡུལ་ལ་མེད་ཀྱང་ལྷིང་འཇགས་བག་ལྷོད་ཀྱི་འཚོ་བའི་དྲི་མ་ད་དུང་ལྷག་འདུག དེང་རབས་ཡར་ཐོན་ཅན་གྱི་མི་རིགས་ཚོའི་ཁོག་པར་འབར་བའི་འཇིག་རྟེན་ཧྲིལ་བོ་ཁྱུར་མིད་གཏོང་འདོད་ཀྱི་མེ་ལྕེ་དེ་ཕ་ཡུལ་གྱི་མི་ལ་མི་འདུག
སྤྱི་ལོ་2016ཟླ་གསུམ་པའི་ཚེས་བརྒྱད་ཀྱི་ཞོགས་པར་ཚར་བར་བྱས།།
ཡུལ་ལུང་དེར། མོ་ཊའི་ལམ་ཁ་དང་། མོ་ཊ་ག་དུས་སླེབས་ཐུབ་བམ། ལགས།
དྲ་ངོས་གང་ནས་སྲིད་སྐྱོང་དང་སྲིད་སྐྱོང་ཟེར་ནས་མགོ་ཡོམ་འདྲ་ཞིག་འཁོར་བསྡད་པའི་སུ་ཟིན་ཐོ་འདི་ཀློག་རྒྱུ་བྱུང་བ་ནི་ཚ་བས་གདུང་སྐབས་ཁུ་ནག་ཧུབ་གང་རེ་གང་རེ་འཐུང་གིན། མིག་གིས་རྒྱང་རིང་རྒྱང་རིང་ཞིག་ལ་ལྟ་བཞིན། སེམས་སུའང་ཅི་ཡིན་འདི་ཡིན་ངེས་པ་མེད་པར་ལྷོད་སུག་གེར་འདུག་ཁོམ་བྱུང་བའི་ཚོར་བ་ཡུད་ཙམ་ལ་སྟེར་གི
ཟིན་ཐོ་རྩོམ་ཡིག་འདི་བཀླགས་གྲུབ་རྗེས། ཡང་བསྐྱར་སྲིད་སྐྱོང་དང་སྲིད་སྐྱོང་འོས་མི་སུ་ལ་གྲངས་ཀ་མང་ཉུང་གི་ཧོབ་བཤད་དེ་ཚོར་ཉན་གི་འགྲོ་དགོས་པ་རེད།
དོལ་པོ་བར་བཀའ་དྲིན་ཆེ་ཞུ།
དགེན་གཅན་བཟོད་རྒྱམ་ལགས། ཐུགས་རྗེ་ཆེ།
ཡག་པོ་བྲིས་འདུག བཀའ་དྲིན་ཆེ།
སྤྱིར་སྟངས་ཡག་པོ་བྲིས་འདུག་པས་དགའ་བསུ་ཡོད། ཡིན་ནའང་ཡུལ་མིང་ས་མིང་འབྲི་སྟངས་ལ་བརྡ་རྙིང་པར་དོ་སྣང་ཏོག་ཙམ་དགོས་པར་སེམས། དེ་ཚོ་དོལ་པོའི་བྱུང་རབས་ལོ་རྒྱུས་ལའང་གལ་ཆེན་པོ་ཡིན་འགྲོ། དཔེར་ན། མུ་ཁུམ་་་་མུ་གུམ། མཚོ་སྤུང་མོ་་་་མཚོ་སྤུངས་མོ། ཏི་སེ་རོང་་་ཏི་ཅུའམ་ཏི་ཆུ་རོང་འབྲི་དགོས་པར་སེམས། ཚྭ་དགའ་་་དེང་སང་མི་ཚོས་འདི་ལྟར་འབྲི་རུང་ཁ་སྐད་ལ་ནི་་་ཚར་ཀ་་་ཚར་ག་་་ལྟ་བུར་འབོད། ང་ལ་དོལ་པོའི་གྲོགས་པོ་མང་པོ་ཡོད་པས་ངས་ཁོང་ཚོའི་སྐད་གདངས་དང་ཡུལ་ལུང་ཆགས་ཚུལ་སོགས་ཏོག་ཙམ་ཤེས། རྩོམ་འདིའི་ནང་་་ཧི་མ་ལ་ཡི་མི་རིགས་་་ཅེས་པ་མཐོང་རྒྱུ་མི་འདུག་པས་དགའ་པོ་བྱུང། ཁྱེད་ཚོ་ཚང་མ་་་བོད་རིགས་སམ་ཞང་ཞུང་པ་་་གཙང་མ་རེད། དེའི་ནང་ནས་ཀྱང་དོལ་པོ་ནི་སྔ་མའི་སྔར་ལུགས་ལྟར་གནས་པའི་ཡུལ་ལུང་ཡིད་དུ་འོངས་བ་ཞིག་ཡིན། དོལ་པོའི་ལྷམ་དང་དོལ་པོའི་་་Blanket་་་དོལ་པོའི་འཛིམ་བུ་་་ད་དུང་དོལ་པོའོ་དྲི་མ་་་ཨ་ཧཱ་ང་དགའ་པོ་ཡོད། །
ངོ་མ་ཧྲ་གི ཚིག་དོནགཉིས་ཀ་ཡག་གི འདུ་འཛི་ཆེ་བའི་ནེའུ་ཡོག་གྲོང་ནས་ལས་ཞོར་ཏུ་ཁྱེད་རང་གི་ཡིག་ཐོ་འདི་ཀློག་གྱིན་སེམས་པ་སྐྱིད་པོ་བྱུང་བཀའ་དྲིན་ཆེ།
དགེན་bonpo ལགས་ཡུལ་མིང་དེ་དག་འབྲི་དུས་བསམ་བློ་མ་བཏང་བ་མིན་ཏེ། མང་པོ་ཞིག་རང་ཉིད་ཀྱི་ཤེས་ཚད་ཀྱིས་མ་ལྕོགས་པས་ཡོངས་གྲགས་ལྟར་བཀོད་པ་ཡིན། ཏི་སེ་རོང་དེ། ཁྱེད་ཀྱིས་ཏི་ཆུ་རོང་ཞེས་གསུང་གིན་འདུག དེའི་སྐོར་ངག་རྒྱུན་དུ་གངས་དཀར་ཏི་སེའི་རི་རྒྱུད་མ་ཆད་པར་ཡོད་སའི་རོང་ས་ལ་ཡུལ་ཆགས་པས་དེ་ལྟར་ཤོད་ཚུལ་ཐོས་བྱུང་། དེས་ན་ཏི་སེ་རང་དུ་བཞག་པ་ཡིན།
བོད་ནང་གི ཡུལ་ལུང་འདྲ་མིན་དང་། གངས་རི་དང་ཆུ་བོ་ཆེན་པོ་དང་། མཚོ་དང་མཚེའུ། སྒོ་ཕྱུགས་སེམས་ཅན་དང་། རྩྭ་གཟན་རི་དྭགས་དང་། ཤ་གཟན་གཅན་གཟན་སོགས་ཀྱི་པར་རིས་གང་མང་དྲ་ཐོག་ཏུ་བཀོད་ཐུབ་ན། འབྱུང་འགྱུར་བོད་རིགས་བྱིས་པ་ཚོར། བོད་ལ་ལར་ཞེན་སླེབ་ཡ་ལ། ཕན་ཐོགས་ཆེ་བར་མཐོང་བས་་་་་་་
ཡག་བྱུང་།