རྨོག་བན་དེ་རྒྱལ།
འདོད་བསྟན་ནི་དགེ་ཆོས་ཀྱིས་མཛད་པའི་འཇིག་རྟེན་འཁྲིག་པ་སྤྱོད་ཐབས་ཀྱི་བསྟན་བཅོས་རྐྱང་རྐྱང་ཞིག་མ་ཡིན་པར། དེ་ལ་རྩོམ་རིག་དང་ཡུལ་སྲོལ། སྒྱུ་རྩལ། ཟློས་གར། སྙན་ངག་དང་གསོ་རིག་སོགས་ཀྱི་ཐད་ཀྱང་རིན་ཐང་གཞལ་དུ་མེད་པ་ཡོད་པར་བསམ་སྟེ། གཤམ་ལ་འདོད་བསྟན་ལས་འཕྲོས་པའི་གསོ་རིག་སྐོར་གྱི་ནང་དོན་དག་གླེང་བར་སྤྲོ་བ་ལ།
༡ འདོད་བསྟན་དུ་བསྟན་པའི་ལུས་ཀྱི་ཆགས་ཚུལ་སྐོར།
འདོད་བསྟན་དུ་ལུས་ཀྱི་ཆགས་ཚུལ་སྐོར་གྱི་ནང་དོན་མང་དུ་ཡོད་དེ། དཔེར་ན་སྐྱེས་པའི་ཁུ་བའི་ངོ་བོ་དང་འགྱུར་ཚུལ། ཁུ་བ་སྐྱོན་ཅན་གྱིས་མངལ་ཆགས་པའི་ས་བོན་བྱེད་མི་ནུས་པའམ་ནུས་ཀྱང་ཕྲུ་གུ་སྐྱོན་ཅན་འབྱུང་བ་དང་དེའི་གཡོལ་ཐབས། ཁུ་ཁྲག་གི་རྒྱུ་ཚོགས་པ་ལས་ལུས་ཆགས་པའི་དཔེ་དོན་སྐོར། བུད་མེད་ལ་ཁུ་བ་ཡོད་མེད་དང་འདོད་པ་ཤུགས་ཀྱིས་བཀག་པའི་ཉེས་སྐྱོན། མངལ་ཁ་ཕྱེ་དུས་སུ་བུ་ཆགས་མི་ཆགས་དང་མངལ་གནས་ཕྲུ་གུ་ཡི་ཕོ་མོའི་འགྱུར་ཚུལ། མངལ་ཆགས་པའི་རྟགས། སྐྱེ་གནས་ཀྱི་འགྱུར་ཚུལ། མངལ་བསྲུང་ཐབས། བཙའ་བའི་ཐབས་སོགས་མང་དུ་བསྟན་ཡོད་པ་དག་གསོ་རིག་དཔལ་ལྡན་རྒྱུད་བཞི་དང་ཕལ་ཆེར་མཐུན་པར་སྣང་ཡང་། ཕྱོགས་འགར་ཡང་གསོ་རིག་རྒྱུད་བཞི་དང་འདོད་པའི་བསྟན་བཅོས་གཉིས་ཅུང་མི་འདྲ་བ་ཡོད་ཀྱང་། མདོར་ན་དེ་གཉིས་ཀྱི་ལུས་ཀྱི་གྲུབ་ཚུལ་གྱི་ནང་དོན་མང་ཆེ་བར་མཐུན་པར་སྣང་སྟེ། དཔེར་ན་བཙའ་བའི་ཐབས་ཀྱི་ཐད་རྒྱུད་ལས། བུད་མེད་བཙའ་མྱོང་གིས་བསྐོར་བཙའ་བར་བྱ།། སྲོག་འབྲལ་འདྲ་བའི་ནད་གསོས་ཚས་ཀྱིས་གསོ།། ཞེས་གསུངས་པ་དང་།
འདོད་པའི་བསྟན་བཅོས་སུ། བཙའ་བའི་དུས་སུ་རྒྱུས་ཡོད་བུད་མེད་བཞག། ཅེས་དེ་ལྟར་མྱུར་ཏུ་བཙའ་བའི་རྟགས་སོགས་བྱུང་ཚེ་བུད་མེད་སྔར་བུ་བཙའ་བའི་སྡུག་བསྔལ་མྱངས་མྱོང་བ་འགའ་ཞིག་བཙལ་ནས་བཙའ་དགོས་པ་གསུངས་པ་ནི་རྒྱུད་བཞི་དང་འདོད་པའི་བསྟན་བཅོས་འདྲ་ལ། ཅུང་མི་འདྲ་བའི་ཐད་བུ་བཙའ་དུས་ཉལ་སར་ཉལ་ལུགས་དང་བཙིར་ལུགས་སོགས་ལ་རྒྱུད་དུ་ཤུགས་སུ་བསྟན་པའི་ཚུལ་དུ་གསུངས་ཤིང་།
འདོད་པའི་བསྟན་བཅོས་སུ། ལྟོ་བ་དལ་བུས་ཐུར་དུ་བྱུགས་ཤིང་བཙིར།། དེ་ནས་མོ་མཚན་སྒོ་རུ་བྱུང་བ་དང་།། དྲག་ཏུ་བཙིར་བས་བདེ་བར་འབྱིན་པར་འགྱུར།། མངལ་སྒོ་ཐོགས་ན་སྦྲུལ་ནག་པགས་པས་བདུག། ལག་གཉིས་བརྐྱངས་ཏེ་སྤྲུག་པས་ཤ་མ་ཐོན།། དེ་ནས་རྗེས་མའི་ཟླ་མཚན་བྱུང་བ་ན།། བཙས་པའི་བང་སངས་ཉིད་དུ་བརྗོད་པར་བྱ།། ཞེས་བཙིར་ལུགས་སོགས་རྒྱུད་བཞི་ལས་རྒྱས་པར་གསུངས་ཡོད།
༢ འདོད་བསྟན་དུ་བསྟན་པའི་རོ་ཙའི་སྐོར།
འདོད་བསྟན་དུ་རོ་ཙའི་ནང་དོན་ཡང་གསུངས་ཡོད་དེ། དཔེར་ན། རོ་ཙ་གསོ་བའི་དགོས་པ་དང་རོ་ཙ་བར་མི་རུང་བའི་མི་དང་གནས། དུས་དང་རིགས་སོགས་དང་། རོ་ཙའི་གཙོ་བོ་དང་ཡན་ལག་གི་དབྱེ་བ། རོ་ཙའི་གསོ་ཐབས། ད་དུང་རྒྱུད་འདེད་རིག་པའི་ནང་ནང་དོན་སྐོར་སོགས་བསྟན་ཡོད་ལ། དེའི་མི་ཚད་གཙང་སྦྲ་འཕྲོད་བསྟེན་གྱི་སྐོར་ཡང་གསུངས་ཡོད་ཅིང་། ནང་དོན་དེ་དག་གསོ་རིག་རྒྱུད་བཞི་དང་འདོད་པའི་བསྟན་བཅོས་གཉིས་སུ་མང་ཆེ་བ་མཐུན་པ་དང་ཕྱོགས་ཁ་ཤས་ཀྱི་ཐད་ཅུང་ཟད་མི་མཐུན་པར་སྣང་ཡང་འགལ་བ་ཆེར་མེད་དེ། དཔེར་ན། རོ་ཙ་གསོ་བའི་དགོས་པ་ལ་རྒྱུད་ལས། ཕོ་ཡིས་རོ་ཙ་སྤྱོད་པར་མ་ནུས་ན།། བུད་མེད་བརྒྱ་ཡིས་བསྐོར་ཡང་དོན་མི་འགྲུབ།། ཅེས་རོ་ཙ་གསོ་བའི་དགོས་པ་ནི་མིའི་རིགས་ཀྱིས་རིགས་རྒྱུད་སྤེལ་བར་ཧ་ཅང་གལ་ཆེ་བའི་ལས་ཤིག་ཡིན་པར་གསུངས་ཡོད་པ་དང་། འདོད་པའི་བསྟན་བཅོས་ལས། རོ་ཙའི་དགོས་པ་ལ། གལ་ཏེ་འཁྲིག་པའི་འབྲེལ་བས་མ་བསྡུས་ན།། ཕོ་མོའི་རིགས་ནི་འདི་ལྟར་ཐ་དད་པས།། འཇིག་རྟེན་ཁམས་སུ་སྡེ་གཉིས་ཆད་གྱུར་ཏེ།། རྟག་ཏུ་གཡུལ་དང་རྒོད་ཀྱིས་གནས་པར་ངེས།། ཞེས་དང་།
ཡང་དེ་ཉིད་ལས། དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་རྟེན་ཀྱང་།། ཐོག་མའི་རྟེན་འབྲེལ་དང་པོ་དེ་ནས་འགྲིག།། འཁྲིག་པ་སྤངས་ན་མི་ཡི་འཇིག་རྟེན་ཁམས།། སྐད་ཅིག་ཙམ་ལ་ངེས་པར་སྟོང་འགྱུར་ཞིང་།།མི་ཡི་སེམས་ཅན་མེད་ན་དགེ་སློང་དང་།། སངས་རྒྱས་བསྟན་པ་དེ་ལས་ག་ལ་འོང་།། ཞེས་གསུངས་པ་ལ་གཞིགས་ནས་བརྗོད་ན་གསོ་རིག་རྒྱུད་བཞི་དང་འདོད་བསྟན་གཉིས་སུ་གོང་གི་ནང་དོན་དེ་དག་ཀྱང་རོ་ཙ་གསོ་བའི་དགོས་པ་དང་འདྲ་བར་མཐུན་པའི་ཆ་མང་དུ་ལྡན་ཞིང་གོ་ཡང་བདེ་བར་བསྟན་ཡོད་ལ། དེའི་མི་ཚད་འདོད་བསྟན་དུ་གསོ་རིག་གི་ནང་དོན་དང་མཁོ་བའི་འཕྲོད་བསྟེན་གྱི་རིགས་ལམ་མང་པོ་ཡོད་པས་འདོད་པའི་བསྟན་བཅོས་འདི་ཉིད་མི་ཚངས་སྤྱོད་པའི་བསྟན་བཅོས་ཙམ་མིན་པར་གསོ་རིག་ཐད་ཀྱི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན་པར་འདོད་དོ།
༣ མཇུག་བསྡུ་བ།
མདོར་ན་འདོད་པའི་བསྟན་བཅོས་སུ་གསོ་བ་རིག་པའི་གྲུབ་པ་ལུས་དང་རོ་ཙ་གསོ་བ། མ་བུ་བདེ་སྲུང་རིག་པ། ནད་གཞི་སྔོན་འགོག མངལ་སྲུང་ཐབས། བྱིས་པའི་དབང་ཐང་བརྟག་ཐབས། མངལ་བསྒྱུར་ཐབས། གཙང་སྦྲ་འཕྲོད་བསྟེན་སོགས་གསོ་རིག་དང་འབྲེལ་ཡོད་ཀྱི་ཤེས་བྱ་མོད་པོ་ཡོད་པས་དཔྱོད་ལྡན་རྣམས་ཀྱིས་འདི་ལ་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་གནང་ན་རིན་ཐང་ཆེན་པོ་ཡོད་པར་སེམས་སོ།།
སླར་སྨྲས་པ།
ཟླའི་གཟུགས་ཆུ་ཡི་ནང་དུ་ཤར་བ་དེ།།
དོན་གྱི་དངོས་པོ་མཁའ་ལ་ཡོད་ཕྱིར་ཡིན།།
ཀུན་གྱིས་དད་མོས་ཆེན་པོ་བྱེད་པ་དེ།།
དོན་གྱི་རིན་ཐང་དངོས་ལ་ཡོད་ཕྱིར་ཡིན།།
ཞེས་༢༠༡༦ ལོའི་ཟླ་༣ ཚེས་༡༣ ཉིན་བོད་ལྗོངས་ལྷ་ས་ནས་རྨོག་བན་དེ་རྒྱལ་གྱིས་ཀུན་ལ་སྨན་ཕྱིར་སྦྱར་བ་དགེའོ།།
དཔྱད་བརྗོད་སྤེལ་པར་ཡིད་སྤྲོ་བརྟས། བསམ་ཚུལ་ཞུ་རྒྱུར། དགེ་ཆོས་ཀྱིས་མཛད་པའི་འདོད་བསྟན་ནི། འཇིག་རྟེན་འཁྲིག་པ་སྤྱོད་ཐབས་ཀྱི་བསྟན་བཅོས་རྐྱང་པ་མ་ཡིན་པར། དེ་ལ་་་་་སོགས་བྲིས་ན་མི་ལེགས་སམ། འདོད་བསྟན་གཞན་ཡང་ཡོད་པའི་ཕྱིར། ཞུ་ནོར་གྱུར་ན་བཟོད་བཞེས་མཛོད།
ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་བྲིས་པའི་འདོད་པའི་བསྟན་བཅོས་དེ་དེང་སང་རྒྱ་གར་གྱི་འདོད་བསྟན་ཀོག་ཤ་ས་ཏི་རི་ནས་དཔེ་བླང་པ་ཤ་སྟག་རེད་འདུག་ ཡིད་ཆེས་ཀྱི་མེད་ན་རྒྱ་གར་གྱི་ཀོག་ཤ་སི་ཏི་རི་
འདོད་པའི་བསྟན་བཅོས་ལ་གཟིགས་རོགས་གནང་དེ་ནས་ངོ་འཕྲོད་ཐུབ་།
དེང་སང་གི་རྒྱ་གར་འདོད་བསྟན་ལ་དཔེ་བླངས་པ་ཤ་སྟག་ཟེར་བ་ལྟ་ག་རེ་ཡིན་ན་ཡང་། སྔོན་གྱི་རྒྱ་གར་གྱི་བསྟན་བཅོས་ལ་ཁུངས་བཏུགས་ཏེ་བྲིས་གནང་བ་ཁོང་རང་གིས་ཞལ་གྱིས་བཞེས་ཡོད། དེ་ཡང་། བཤད་པའི་རྩ་བ་རྒྱ་གར་གཞུང་བཏུགས། ། གོ་སླའི་ཚིགས་བཅད་བོད་ཀྱི་ལུགས་སུ་བསྡེབ། ། དཀའ་བའི་གཞུང་བཤད་བྲམ་ཟེ་རྒད་པོས་བྱས། །མྱོང་བསི་དམར་འཁྲིད་ཁ་ཆེ་བུ་མོས་བཏབ། ཅེས་སོགས་་གསུངས་ཡོད། འོན་ཀྱང་རྒྱ་གར་གྱི་བསྟན་བཅོས་ལས་འཕགས་ཆོས་མང་པོ་ལྡན་ཡོད་པ་ལ་སྙོན་དུ་མེད་དོ།