ར་སེ་དཀོན་མཆོག་རྒྱ་མཚོ། ༼རྒྱང་མིག་གིས་འོས་སྦྱོར་ཞུས།༽
མིའི་རིགས་རིག་པ་བས་ལུང་བསྟན་པ་ལྟར་ན། ད་ལྟའི་དུས་སྐབས་འདིར་བོད་པ་ཚོ་ཡུལ་ལུང་པའི་ཆགས་སྡང་བྱ་བའི་དུས་མིན། སྡེ་ཚོ་བའི་ལ་རྒྱ་བཟུང་བའི་དུས་མིན། རིགས་རུས་པའི་གཙང་བཙོག་བརྩི་བའི་དུས་མིན། དགོན་གྲྭ་ཚང་གི་ཕྱོགས་རིས་བྱེད་པའི་དུས་མིན། གདན་གྲལ་རིམ་གྱི་ཐོབ་ཐང་རྩོད་པའི་དུས་མིན། ཆོས་གྲུབ་མཐའི་ཆགས་སྡང་སྤེལ་བའི་དུས་མིན། ཇ་ཁང་ཆང་ཁང་ནང་ལ་རྒྱ་གླེང་བའི་དུས་མིན། ཤོ་སྦག་རྒྱན་རྩེད་ཀྱིས་ཁ་ཕོ་ཤོད་པའི་དུས་མིན། ཕ་ནོར་ནག་ཚོང་གིས་ཕྱུག་པོ་བྱེད་པའི་དུས་མིན། འཛམ་གླིང་ཐོག་ཡར་ཐོན་མི་རིགས་གཞན་གྱི་རྗེས་སུ་སྙེག་ཐོབ་དགོས།
དེ་ལྟར་བསྙེག་ཐུབ་པའི་ཀྲུང་ཧྭ་མི་རིགས་འདྲ་མཉམ་གྱི་དུས་སྐབས་བཟང་པོ་འདི་ལ་བསམ་ན། དགེ་བཤེས་དང་མཁན་པོ་ཚོས་ཡིག་ཐོག་གི་ལོག་སྨྲ་ཚར་གཅོད་པ་ལས་བོད་སྐད་ཡིག་གི་ལས་དབང་ལོག་སྨྲ་རྣམས་ཚར་བཅད་ན་ལེགས། རྟོག་སད་པ་ཚོས་སྲོལ་རྒྱུན་ལ་སུན་འབྱིན་པ་ལས་བླ་སྲོག་གི་འགལ་རྐྱེན་རྣམས་སུན་འབྱིན་ན་ལེགས། མི་རིགས་ཀྱི་ཆེད་དུ་རློམ་པའི་ས་རྡོའི་ཁང་བཟང་ལས་བོད་མི་རིགས་ཀྱི་བླ་སྲོག་གི་རྟེན་གཞི་བཞེངས་ན་ལེགས། ས་རྡོ་གསེར་ཟངས་ཀྱི་སྐུ་བརྙན་འབུམ་ཕྲག་ལས་བླ་སྲོག་གི་སྐུ་རྟེན་ཤེས་ལྡན་མི་སྣ་བཞེངས་ན་ལེགས། ས་ཤིང་རྡོའི་མཆོད་རྟེན་ལས་བླ་སྲོག་གི་མཆོད་རྟེན་སློབ་གྲ་བཞེངས་ན་ལེགས།
རྒྱུ་མཚན་ནི་རང་གི་སྐད་ཡིག་ལ་མཐོང་ཆེན་ནི་མི་རིགས་ཀྱི་བར་ཆད་ལམ་སེལ་ཡིན། རང་གི་སྐད་ཡིག་སློབ་པ་ནི་མི་རིགས་ཀྱི་བླ་འགུགས་ཡིན། རང་གི་སྐད་ཡིག་སྦྱོང་བ་ནི་མི་རིགས་ཀྱི་ཚེ་འགུགས་ཡིན། རང་གི་སྐད་ཡིག་སྤྱོད་པ་ནི་མི་རིགས་ཀྱི་ཚེ་སྒྲུབ་ཡིན། རང་གི་སྐད་ཡིག་སྤེལ་བ་ནི་མི་རིགས་བརྟན་བཞུགས་ཡིན། རང་གི་སྐད་ཡིག་སློབ་གྲྭ་བཙུགས་པ་ནི་མི་རིགས་ཀྱི་ངན་འགྲོའི་སྒོ་འགེགས་ཡིན། སློབ་གྲྭར་རོགས་རམ་བྱེད་པ་ནི་མི་རིགས་ཀྱི་སྲོག་བླུ་ཡིན། གཞན་གཞུང་རང་སྐད་དུ་བསྒྱུར་བ་ནི་མི་རིགས་ཀྱི་ཐར་ལམ་འདྲེན་སྟོན་ཡིན།
རང་གི་སྐད་ཡིག་གི་ཉམ་ཉེན་སེལ་ཕྱིར་དྭངས་གཙང་སྨྲ་བ་ནི་སངས་རྒྱས་ཀྱི་བསྟན་པ་སྲུང་བ་ཡིན། སྨོན་ལམ་དང་མང་ཇ་དང་སྐུ་འགྱེད་མཆོད་འབུལ་ཞབས་བརྟན་ཁྲི་འབུམ་བསགས་པ་ནི་རང་སྒེར་གྱི་བདེ་དོན་ཙམ་ཡིན་ལ། རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ནི་མི་རིགས་སྤྱིའི་འཚོ་གནས་དང་འབྲེལ་ཡོད་སྟབས་གང་གིས་ཀྱང་འགྲན་དུ་མེད་པའི་དགེ་བ་རླབས་ཆེན་ཡིན།
རྒྱུ་མཚན་ནི་མི་རིགས་འདི་ཉིད་ནམ་ཡང་མིའི་རིགས་ཀྱི་ཁྲོད་དུ་རང་གི་སྐད་ཡིག་དང་མི་འབྲལ་བའི་རྨང་གཞི་བཏིངས་ཐུབ་པས་ཡིན་ནོ། །དེས་ན་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཞེས་པ་ནི་འགྲོ་བ་མིའི་རིགས་ཐུན་མོང་གི་ཁེ་ཕན་དང་། མིའི་རིགས་ཚང་མར་དབང་བའི་ལྷན་སྐྱེས་ཀྱི་ཁེ་དབང་ཡང་ཡིན། དེར་བརྟེན་རྒྱལ་ཁབ་དང་མི་རིགས་ཚང་མས་གཅེས་འཛིན་བྱ་གི་ཡོད་པས། རང་རིགས་ཚོས་དེ་བཞིན་དུ་ཕ་སྐད་གཙང་མ་བཀོལ་སྤྱོད་དང་། སྐད་ཡིག་གི་རིག་གཞུང་རྣམས་ལ་སློབ་སྦྱོང་དང་། ཞིབ་འཇུག་གིས་སྔར་བས་ལྷག་པའི་སྒོ་ནས་གཅིག་གྱུར་ཅན་དང་སྟབས་བདེ་ཅན་དང་། གོ་ཆོད་ཅན་གྱི་ཁོར་ཡུག་བཏོད་དགོས། དེ་ནི་ཁྲིམས་མཐུན་ལུགས་མཐུན་ཡིན་པས། མི་རབས་རྗེས་མའི་མྱེས་པོ་བཟང་པོ་ཕུགས་བསམ་ཅན་ཡིན་པས་འབྲས་བུ་བཟང་པོའི་ཆེད་དུ་རྒྱུ་བཟང་པོ་སྐྲུན་པར་བྱ་ཡི། ཡིད་སྨོན་ཙམ་གྱིས་ཅི་ཡང་མི་འོངས་བ་ཡིན་ནོ་ཞེས་ལུང་བསྟན་ཏོ།།
ཤེས་རབ་དཔལ་གྱིས་ཟིན་བྲིས་སུ་བཀོད་པའོ།།
་་་་་་་་་་་ གཞན་གཞུང་རང་སྐད་དུ་བསྒྱུར་བ་ནི་མི་རིགས་ཀྱི་ཐར་ལམ་འདྲེན་སྟོན་ཡིན། ་་་་་་་་་་་་་
བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ག་ཚོད་ཀྱིས། རང་གི་མཚན་རྟགས་སམ། ས་ཡིག་བོད་ཡིག་ཐོག་ལ་རྒྱག་བགྱིད་འདུག དེ་ཡང་དཔྱད་དགོས་པ་དང་། གཟབ་དགོས་པ་ཅིག་རེད་འདུག་གདའ།།
བོད་ཡིག་དང་། བོད་སྐད་ནི། བོད་རིགས་ས་ཡ་དྲུག་ལྷག་གིས། ཉར་ཚགས་བྱེད་དགོས་པ་ལས། རྒྱ་ནག་གཞུང་གིས་ནི། རྒྱ་དངུལ་སྒང་གི ZHONGGUO RENMIN YINHANG འདི་འོག་ལ། ཀྲུང་གོའི་མི་དམངས་དངུལ་ཁང་། སྒོར་གཅིག ་་་་ཟེར། ནས་བྲིས་འདུག་པས་་་་་་་་་