ཁྲོ་གཏུམ།
__དྲོད་ལྷང་ལྷིང་གི་སེམས་པ་དག་ངག་གི་གཙང་བོའི་ཁྲོད་དུ་རུལ་ལ་ཉེ།
གཙང་བོ་བཞུར་ས་ན
རུལ་དྲི་ཐུབ་པའི་སྒྲུང་བ་ཞིག་གི་ངག་རྒྱུན་ཡོད།
གཙང་ཆུ་བཞུར་བ་སྒྲ་དང་མཉམ་དུ
ས་ཕྱོགས་གང་ཞིག་བསམ་ནས་བཞུར་གྱིན་འདུག
ངག་གི་གཙང་བོ་སྒྲ་དང་བཅས་ཏེ
ཅི་ཞིག་ཕྱེ་མར་འཐག་པའི་ཐབས་སུ་འབད་ལ་རེངས།
ཁྱོད་རང་མི་ཞིག་ཡིན་དུས
ངག་གི་གཙང་བོའི་བཞུར་ལམ་ཧ་ཅང་བཙོག
བཞུར་བའི་སྒྲ་ལ་སྤུ་གྲི་ཀོར་མོའི་ཚ་བོ་སྤྲུལ
བཞུར་སའི་གཞུང་ལ་ནག་ནོག་དྲི་མའི་མཁྲེས་པོ་བཀལ།
ངག་གི་གཙང་བོ་འཐུང་མྱོང་མེད་ན
ཁྱོད་ཀྱི་འགྲུལ་བཞུད་ཁྲོད་ལ་ཕམ་ཁའི་རི་བོའི་ཕྲེང་བ་བསྒྲིགས།
གཙང་བོ་བཞུར་བའི་ཤུལ་ལམ་ན
ལྗང་མདོག་སྔར་ལས་ལྷག་ཅིག་ལྡེམ་ལྡེམ་ཡོད།
ངག་གི་གཙང་བོ་བཞུར་བའི་རྐང་རྗེས་སུ
སུ་ཞིག་གཅུར་བའི་རོ་སྒྲུང་སྔར་ལས་མང་རུ་འཕེལ་ཁ་དར།
སུ་ཞིག་ངག་གི་གཙང་བོའི་གཞུང་ལ་ཡོད
གང་ཞིག་ངག་གི་གཙང་བོར་འབྲེལ་མེད་ཡིན།
༢༠༡༦ ཟླ་༠༣ ཚེས་༣༡ ཉིན།
མཚན་མོ་བདེ་ལེགས།