—རྩོམ་པ་པོ། ཨ་འདུས་མིག་ཆུ།
དམའ་ནས་སྡོད་པར་མི་རུང་མགོ་ཐོག་ནས་གནོན་ཡོང་།།
མཐོ་སར་འགྲོ་བར་མི་ཉན་རྐང་པ་ནས་འཐེན་ཡོང་།།
གང་ཞིག་བྱེད་ཤེས་མེད་པའི་མི་ཡུལ་གྱི་ཁམས་ནས།།
ཡ་ཆུང་སེམས་པ་ན་ཟུག་དགུ་བརྩེགས་ཀྱིས་ཁེངས་སོང་།།
སྐད་ཆ་བཤད་ཤེས་མེད་ན་སྐུ་ངོ་ལ་ཕོག་ཡོང་།།
མ་བཤད་གཅིག་པུར་བསྡད་ན་ཁེར་བུ་རུ་ལྷག་ཡོང་།།
བཤད་ཤེས་འདུག་ཤེས་དགོས་པའི་ཡུལ་གྱར་པའི་གནས་ནས།།
ཁེར་རྐྱང་གླུ་གཞས་རིང་མོར་སེམས་པ་རང་བཅོལ་ཡོད།།
རང་གཤིས་རྣལ་མ་བསྟན་ན་གླེན་པ་རུ་བརྩི་ཡོང་།།
སྦྲེལ་ལད་བྱེད་ཤེས་མེད་ན་རྒྱང་ཕུད་ལ་གཏོང་ཡོང་།།
གང་བྱེད་འདི་བྱེད་མེད་པའི་ས་མཐའ་ཡི་གནས་ནས།།
སྙིང་གི་འཕར་ཚད་མགྱོགས་པའི་སྟ་གོན་ལ་བྲེལ་སོང་།།
བོད་སྐད་བོད་ཡིག་བཤད་ན་མཁྲིགས་འཛིན་པར་ལྟ་ཡོང་།།
དབྱིན་སྐད་བཤད་ཤེས་མེད་ན་འཇོན་མེད་དུ་མཐོང་ཡོང་།།
མགོ་མཇུག་གཏན་དུ་ལྡོག་པའི་མི་ཡུལ་གྱི་ས་ནས།།
གཅིག་པུའི་སྐྱོ་གླུ་སྟོང་བའི་དབྱིངས་རིམ་ལ་གྱེར་ཡོད།།
བོས་ན་ཨ་ལེན་སྟེར་བའི་སེམས་བཟང་ནི་མི་འདུག།
སློང་ན་ཁ་ཟས་སྟེར་བའི་སྙིང་རྗེ་ཡང་མི་འདུག།
ཁ་ཞེ་མི་མཐུན་ས་མཐའི་གཉེན་བཤེས་ཀྱི་གྲོགས་རྣམས།།
བསམས་ན་རེ་ཐག་ཆད་པའི་སྣང་བ་ཞིག་འཁོར་ཡོང་།།
ནུར་ན་ཡར་ལ་བསླངས་པའི་གྲོགས་པོ་ནི་མི་འདུག།
མཆོང་ན་རྒྱབ་ནས་འཐེན་པའི་ཉེ་དུ་ཡང་མི་འདུག།
གཉེན་ཉེའི་འདུ་ཤེས་བོར་བའི་འཇིག་རྟེན་གྱི་ཁམས་ནས།།
སེམས་ཁོང་མིག་ཆུའི་རྒྱུན་ཐག་ཆད་པ་རང་མི་འདུག།
སྒོར་གྱི་བམ་ཁ་བརྩིས་ན་མ་བོས་ཀྱང་འདུ་ཡོང་།།
ཤེས་ཡོན་རིག་གནས་གླེང་ན་མ་བྲལ་ཡང་འཐོར་འགྲོ།
དངུལ་གྱིས་སེམས་པ་བསླུས་པའི་མི་ཡུལ་གྱི་ཁམས་ནས།།
མ་བཅོས་སྙིང་གི་དབུས་ན་འདར་ཡོམ་ཞིག་ཐོན་ཡོང་།།
མགོ་སེར་ཡིན་ཚེ་གོང་གི་ལྷ་སྐུ་བཞིན་མཆོད་ཡོང་།།
བོད་མི་ཡིན་ཚེ་མར་གྱི་གཏོར་མ་བཞིན་འབེན་ཡོང་།།
རིགས་ཀྱི་འདུ་ཤེས་བརླགས་པའི་བཙན་བྱོལ་གྱི་གནས་ནས།།
གསལ་རིག་སེམས་པ་སྐྱོ་སྣང་དུད་སྤྲིན་གྱིས་བསྒྲིབས་སོང་།།
ཡར་གྱི་སྐྱབས་ལ་བཀུར་པའི་གཤིས་ཀ་ནི་མི་འདུག།
མར་གྱི་སྤྲང་པོ་གསོ་བའི་བསམ་བློ་ཡང་མི་འདུག།
ཡ་རབས་གོམས་གཤིས་བོར་བའི་བྱིས་པ་དག་མཐོང་ན།།
སྙིང་དཀྱིལ་མེ་ལྕེ་དམར་པོ་དྲག་ཤུགས་ཀྱིས་འབར་ཡོང་།།
དཔེ་ཆ་མདུན་ལ་བཞག་པའི་གྲྭ་བཙུན་ནི་ཉུང་སོང་།།
ཕྱག་ཏུ་ཁ་པར་འཁྱེར་བའི་ཨ་ཁུ་ནི་མང་སོང་།།
གསེར་སྦྱང་བཙོས་མའི་བསྟན་པ་ཉི་རྒས་བཞིན་གྱུར་དུས།།
མ་བཅོས་སེམས་ཀྱི་དགའ་སྣང་ལྷགས་རླུང་གིས་བདས་སོང་།།
སྙན་ངག་དོན་མཐུན་འབྲི་བའི་མཁས་པ་ནི་དཀོན་སོང་།།
ཚིག་གི་ལོ་མ་སྤུངས་པའི་ཅོལ་ཆུང་ནི་མང་སོང་།།
སྒྱུ་རྩོམ་རིག་གནས་འདི་ལ་རིན་ཐང་རང་ཆུང་བའི།།
མི་ཡུལ་ས་མཐའ་འདི་ནི་དགུན་གཞུང་ལས་གྲང་སོང་།།
སྡོམ་པ་རྣམ་དག་ཡོད་པའི་ཨ་ནི་ཞིག་མི་འདུག།
ཕྲག་དོག་སྙིང་ལ་མེད་པའི་ཨ་ཁུ་ཞིག་མི་འདུག།
འགྲོ་དྲུག་སེམས་ཅན་ཁ་ཡི་རླངས་པ་རུ་གྱུར་པའི།།
ས་མཐའི་དགེ་བཙུན་དག་ལ་ཡིད་རྟོན་ཞིག་མ་བྱུང་།།
ཆོལ་ཞེན་སེམས་ལ་མེད་པའི་དཔོན་པོ་ཞིག་དཀོན་པ།།
མི་རིགས་སྙིང་ལ་བཅངས་པའི་འབངས་མི་ཞིག་དཀོན་པ།།
ཕྱོགས་ཞེན་རླང་ནག་འཚུབ་པའི་མི་ཡུལ་གྱི་ས་ནས།།
སྐྱོ་ཞིང་སྐྱོ་བའི་མིག་ཆུ་དབང་མེད་དུ་བཞུར་སོང་།།
སློབ་གསོས་ལེགས་ལམ་སྟོན་པའི་དགེ་རྒན་ནི་མི་འདུག།
མི་ཚེ་ཐོས་པར་བརྩོན་པའི་སློབ་མ་ཡང་མི་འདུག།
ལེ་ལོས་རྣམ་པར་གཡེངས་པའི་སྤྱི་ཚོགས་འདིར་བསམས་ན།།
ཡིད་སེམས་ཕྲ་མོར་ཁ་ཆར་བུ་ཡུག་གིས་ཁེངས་སོང་།།
དྲིན་ལྡན་གཉེན་མཆོག་བླ་མར་གུས་བརྩི་རང་མེད་པར།།
མི་མཐོང་གདོན་གྱི་རིགས་དེ་མཆོད་གནས་སུ་བསྒོམས་ཏེ།།
སྐྱབས་འགྲོའི་བསླབ་བྱ་སྒེར་གྱི་ཚོར་བ་དང་བསྟུན་པའི།།
ཡུལ་གྱར་འདུ་ཤེས་མཐོང་ན་མཚར་སྣང་ཞིག་ཆེ་སོང་།།
རིགས་ཀྱི་འདུ་ཤེས་མངའ་བའི་བྱིས་པ་ནི་མི་འདུག།
རང་སྐད་རང་ཡིག་སྨྲ་བའི་དཔོན་པོ་ནི་མི་འདུག།
མ་འོངས་ཕུགས་བསམ་བྲལ་བའི་མི་རབས་འདི་མཐོང་ན།།
སེམས་སྐྱོའི་སྨྲེང་བའི་གླུ་སྒྲ་འགོག་མེད་དུ་ཤོར་སོང་།།
རྡ་སའི་བང་ཁ་བཤིག་པའི་ཐུལ་སྣེ་ན།།
ཚ་རྡུལ་མེ་རུ་འཕྱུར་བའི་སློབ་གླིང་ན།།
སྨྱུག་ཁ་སྡུག་ལ་བསྒྲེས་པའི་སློབ་ཁང་ན།།
སཱ་རའི་དགེ་རྒན་ཁྱེད་ཉིད་སྙིང་མ་རྗེ།།
གདུང་སེམས་མཉམ་སྐྱེད་དུ་ཕུལ།
སྙན་ལ་དོན་གྱིས་ཕྱུག་པའི་སྙན་རྩོམ་འདི་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་ཆ་ནང་པའི་ཆོས་ལུགས་ནས་བཤད་པའི་ལས་འབྲས་བཟང་སྤྱོདཀྱི་རྣམ་བཞག་་རྣམས་ཆོས་ལུགས་ཀྱི་ཁོངས་སུ་གཏོགས་པའི་རྒྱུ་ཚན་གྱིས་ཆ་འཇོག་མི་བྱེད་པའི་མི་རབས་འདིར། ༧གོང་ས་མཆོག་གིས་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་ལ་སྤེལ་བཞིན་པའི་མི་ཆོས་སམ། (humanism) ཆོས་ལུགས་ལ་གཞི་མ་བཅོལ་བའི་བཟང་སྤྱོད་(secular ethics) ཀྱི་གནད་རྣམས་བོད་མིའི་སྤྱི་ཚོགས་ནང་དུའང་སྤེལ་དགོས་པའི་དུས་ལ་སླེབས་འདུག་སྙམས།
སྙན་རྩོམ་སྤུས་དག་ཅིག་བྲིས་འདུག། ཐུགས་རྗེ་ཆེ།
དུས་རབས་འདི་དང་ས་ཕྱོགས་འདི་ག་ན།
ཀུན་དགའ་དོན་འགྲུབ་མེད་ན་ཤ་རག་མེད།
ཀུན་དགའ་དོན་འགྲུབ་མེད་ན་ཆུང་འདྲིས་མེད།
ཀུན་དགའ་དོན་འགྲུབ་མེད་ན་མཛའ་གྲོགས་མེད།
ཀུན་དགའ་དོན་འགྲུབ་མེད་ན་འདུག་རོགས་མེད།
ཀུན་དགའ་དོན་འགྲུབ་མེད་ན་ཁྱམས་རོགས་མེད།
དེའི་ཕྱིར་ཀུན་དགའ་དོན་མེད་ན་ཁེར་རྐྱང་ཡིན།
ཁེར་རྐྱང་སྨྲེང་གླུ་གྲེ་བ་འགག་པའི་བར།
བླངས་ཀྱང་གོང་ནས་གཟིགས་པའི་ལྷ་ཡང་མེད།
དེའི་ཕྱིར་ཀུན་གྱི་ཐོག་མའི་སྟ་གོན་དུ།
ཀུན་དགའ་དོན་འགྲུབ་དངུལ་ཁུག་བརྒྱངས་ན་ལེགས།
ཁ་ཡོད་ལག་ཡོད་ཀྱི་སྙན་རྩོམ་ལེགས་པོ་ཞིག་རེད་འདུག་པས་ནམ་ཡང་དགའ་བསུ་ཡོད།།
བོད་ཡིག་བོད་སྐད་མ་ཤེས་བོད་མི་མང་།
ཨ་སྒོར་སླད་དུ་རྒྱང་ནས་རྒྱང་དུ་ཆས།།
མེས་པོས་གཅེས་པའི་རང་རིགས་རིག་གཞུང་འདི།།
མ་བསམ་བཞག་ན་སྟོང་བའི་དུས་ཤིག་ངེས།།
ང་དང་ཁྱོད་ཀྱི་ཟེར་བའི་ཚིག་འབྲུ་དག །
ཆོལ་གསུམ་གས་ཆག་ཤོར་བའི་སྟ་གོན་རེད།།
ལྷག་བསམ་དྲི་མ་མེད་པའི་སྟངས་སྟབས་འདི།།
མི་རིགས་ལ་རྒྱ་དོར་བའི་སྔ་ལྟས་རེད།།