—སྣང་རྒྱལ་ཤེས་དགེ། (ཝཱ་རཱ་ཎ་སི)
སུ་ཞིག་མུན་པའི་ཁྲོད་དུ་གཅིག་པུར་ངུ་།།
གང་ཞིག་ཕྱིར་མིག་ལྟ་བཞིན་རྒྱང་དུ་ཆས།།
མཁུར་ཚོར་རྒྱུན་དུ་སྦག་པའི་བརླན་གཤེར་དེ།།
ཁྱེད་རང་ཕྱིར་ལ་འབོད་པའི་ཞེན་ཆགས་ཡིན།།
འགྲམ་པར་བྱིལ་བྱིལ་མང་པའི་ལོ་ཟླ་དང་།།
གཅེས་མིང་རྣ་བར་གོ་བའི་འཚོ་བ་དག །
བདག་ལ་མཚོན་ན་རྨི་ལམ་ཁོ་ན་སྟེ།།
སྔ་མོ་སྔ་མོ་ཞིག་གི་སྒྲུང་གཏམ་འདྲ།།
བཟའ་བཏུང་སྤུངས་པའི་དཀྱིལ་གྱི་མུ་གེ་དང་།།
མེ་ཕུང་དམར་པོའི་ཁྲོད་ཀྱི་གྲང་ངར་གྱིས།།
གཅེས་པའི་ལུས་ལ་འཚེ་བ་མེད་ན་ཡང་།།
དམར་བའི་སེམས་འདི་ལྟོག་དང་འཁྱག་ལ་སྦྱོར།།
སེམས་ཀྱི་དཀྲོལ་བའི་དགོད་སྒྲ་ལྷང་ལྷང་དེ།།
ཁྱོད་རང་སོང་བའི་ཤུལ་ན་མི་འདུག་མོད།།
དྲན་པའི་ངོགས་སུ་ལྷག་པའི་བག་ཆགས་དེ།།
ཤུལ་བཞག་ཚེ་ནོམ་ཞིག་ཏུ་རློམ་ནས་ཡོད།།
གནའ་གཏམ་ལྟ་བུའི་ངོ་གདོང་སབ་སིབ་དེ།།
ནམ་ཞིག་ཅི་ཡིས་བསྒྱུར་བ་མི་ཤེས་མོད།།
ཡིད་ངོར་འགྱུར་ལྡོག་མང་བའི་གཟུགས་བརྙན་དེ།།
བྱིས་བློའི་གསེང་གི་བརྩེ་སེམས་ཁོལ་མ་ཡིན།།
འབོད་པའི་ཚིག་གིས་མགྲིན་པ་བརྣང་བྱེད་ཅིང་།།
དྲན་པའི་གདུང་བས་སེམས་པ་རྨས་བྱེད་པའི།།
ལས་ངན་ཞིག་གི་འཁོར་བ་འཁོར་ལུགས་འདི།།
ཁྱོད་རང་རྒྱང་ལ་ཆས་པའི་མནར་གཅོད་འདྲ།།
ཁ་ཡིས་བཤད་ན་འཁོར་བ་མི་རྟག་ཀྱང་།།
སེམས་ཀྱིས་མྱང་ན་སེར་ཁ་གས་འགྲོ་བས།།
ལས་ཀྱིས་ཆད་པ་གཅོད་ལུགས་འདི་འདྲ་ལ།།
སྙིང་ནས་སྡང་ཡང་བྱ་ཐབས་ཅི་ཞིག་ཡོད།།
དྲན་སྟངས་ཁོང་ཁྲོའི་ཀློང་ནས་དྲན་ན་ཡང་།།
དྲན་རྒྱུའི་ངོགས་ན་བྱམས་བརྩེའི་འཛུམ་མདངས་ཡོད།།
དྲན་ཐེངས་རེ་རེ་མནར་གཅོད་ཡིན་ན་ཡང་།།
དྲན་པ་འདི་ལ་དྲིན་གཟོིའི་འདུ་ཤེས་ཡོད།།