རྨོག་རུ་བསྟན་པ།
ས་ཡི་བཅུད་ལ་ཤིང་ནགས་ཕུན་སུམ་ཚོགས་ཤིང་།།
ཕུན་ཚོགས་ནགས་ལ་སྔོ་ལྗང་ལོ་འདབ་རྒྱས་པ།།
ཕྱོགས་ཡོང་མགྲོན་པོའི་མིག་གི་གླིང་ག་ཆུང་ཆུང་།།
གནས་མཆོག་རྡ་རམ་ས་ལའི་ཁོར་ཡུག་དྲན་བྱུང་།།
དྭངས་གཙང་ཡན་ལག་བརྒྱད་ཀྱི་རྦབ་ཆུ་བསིལ་མ།།
ཆལ་ཆིལ་འབབ་རྒྱུན་དྲོན་མོའི་རླབས་རིས་ངོགས་སུ།།
ཉ་མོའི་ཟོལ་གྱིས་འཁྱུག་ལྡན་རྐྱལ་ལ་རོལ་ས།།
དྲོད་ལྡན་སྦག་སུ་ལུང་པའི་དཀྱིལ་འཁོར་དྲན་བྱུང་།།
བལྟས་ན་མིག་ལ་མཚར་བའི་ཡར་རྒྱས་མེད་ཀྱང་།།
འཛམ་གླིང་མི་དང་རིག་པའི་འདུ་ལོང་གཡོ་ས།།
བསྡད་ན་ཕྱི་ནང་ཀུན་གྱི་འབྲེལ་ཐག་ཟབ་མོ།།
ཀུན་འཛོམས་ལྟེ་གནས་མེག་ལོར་གྷན་ཇི་དྲན་བྱུང་།།
སྐབས་རེར་ཆབ་སྲིད་རླབས་ཀྱི་རྩེ་ན་ཡོམ་ཞིང་།།
མཚམས་རེར་ཞི་བདེར་སྨོན་པའི་གླུ་དབྱངས་སྙན་པའི།།
ཉི་མའི་དྲོད་ཀྱི་ངོགས་ལ་ལྷུན་གྱིས་ཆགས་པའི།།
བཙན་བྱོལ་རྒྱལ་ས་གངས་ཅན་སྐྱིད་གཤོངས་དྲན་བྱུང་།།
ས་འཛིན་སྙོམས་པོ་ཞིག་གི་རྩེ་མོར་བབས་ཤིང་།།
གྲགས་པའི་སྙན་པས་གོ་ལ་འུར་གྱིས་བརྒྱངས་པའི།།
ཆོས་སྲིད་གང་ལ་ཐབས་ཤེས་བང་མཛོད་ཆེན་པོ།།
དགའ་ལྡན་ཕོ་བྲང་ལྷ་ལྡན་ཞིང་ཁམས་དྲན་བྱུང་།།
འུར་ཟིང་ལང་ལོང་གཡོ་བའི་འདུ་རའི་འགྲམ་ན།།
ཁྲ་ལྡེམ་མེ་ཏོག་ཟོལ་གྱིས་སྒེག་པར་མངོན་པའི།།
ཆོས་དབྱངས་དྲོན་མོ་དྷོ་ལའི་མགྲིན་པར་འཁྱུད་པའི།།
སེམས་གཙང་གྲྭ་བཙུན་རིག་པའི་སྡེ་དག་དྲན་བྱུང་།།
དབྱར་གསུམ་ཆུ་འཛིན་ཞྭ་མོའི་ཅོད་པཎ་བསྣམས་ཤིང་།།
དགུན་གསུམ་ཁ་བའི་མེ་ཏོག་པང་སོར་འཁྱུད་པ།།
བྲག་ནགས་ཆུ་གསུམ་འཛོམས་པའི་གཡང་གི་རྭ་བ།།
བདེ་མཆོག་རིགས་སྲས་ཨ་མྱེས་དྷོ་ལ་དྲན་བྱུང་།།
སྐྲ་རིང་བུ་ལོ་དག་གི་འཚོ་རྐང་འཛུགས་སའི།།
རྒྱ་གར་དབུལ་པོོས་ཕྱུག་པོའི་ལམ་ཁ་རྙེད་ས།།
གྲྭ་བཙུན་སྐྱ་གསུམ་འདྲེས་མའི་འཐབ་ར་ཆུང་ཆུང་།།
ཟ་ལེའི་ལྟེ་་གནས་ཨ་མདོ་གྲོང་གསེབ་དྲན་བྱུང་།།
ཕྱོགས་ཡོང་མགྲོན་པོ་སྟོང་གི་མིག་གི་ལྟད་མོ།།
གནས་སྡོད་སྐྱེ་འགྲོ་འབུམ་གྱི་འཚོ་བའི་རྟེན་གཞི།།
སྐྱབས་བཅོལ་སྟོང་ཕྲག་མང་པོས་དགའ་སྡུག་མྱངས་ས།།
གནས་ཚང་རྡ་རམ་ས་ལ་ཡང་ཡང་དྲན་བྱུང་།།
དོན་གཉིས་ལས་སུ་བྲེལ་མོས་འདུར་རྒྱུག་རྒོད་ཅིང་།།
འཁོན་དང་འགྲིག་གི་བྱེད་ཐབས་སྣ་ཚོགས་བར་ན།།
བཟང་དང་ངན་གྱི་སྐྱིད་སྡུག་མཉམ་དུ་མྱངས་པའི།།
གཞུང་དྲང་ལས་གྲོགས་འཛོམས་པའི་ལོ་ཟླ་དྲན་བྱུང་།།
བྱམས་དང་བརྩེ་བའི་བར་ན་ཕྱི་ཐག་རིང་ཞིང་།།
གློ་དང་རྒྱུ་མའི་བར་ན་དམ་ཚིག་བརྟན་པའི།།
སྙིང་དང་མཆིན་པ་ལྟ་བུའི་རྡོ་རྗེ་སྤུན་གྲོགས།།
ཁྱེད་རྣམས་ཞལ་རས་བདག་གིས་ལྷག་ཏུ་དྲན་སོང་།།
༢༠༡༦/༤/༧ ཉིན་གྲོང་ཁྱེར་ཨལ་བྷ་ནེ་དང་ཁལ་ཉེ་བའི་ཇ་ཁང་ཞིག་ཏུ་བྲིས།
སྙན་བྱུང་།
བཙན་བྱོལ་གཞུང་གི྾མཐོ་རིམ་མི་སྣ་ཆབ་སྲིད་རྩོད་གླེང་དྲན་བྱུང་།
བཀའ་སྤྱི་སྐད་གྲགས་ཆེ་ནས་ལས་དོན་འཐུད་ཤོར་དྲན་བྱུང་།
རྒྱལ་བའི་དགོང་པ་མ་འགྲུབ་ཐུགས་ཕམ་བཀའ་སློབདྲན་བྱུང་།
ཆོལ་ཁ་ལུང་ཚན་ཤོག་བསྒྲིལ་ཕྱོགས་གཏོགས་འགན་འཁུར་དྲན་བྱུང་།
ཆོས་སྐྱོང་བཀའ་ལུང་འཇིད་པོ་མ་བཟོད་སེམས་སུ་དྲན་བྱུང་།
སྤྱི་རྒྱུ་ལྐོག་ཟ་རུལ་སྲུང་རྒྱབ་ལངས་ཆོལ་ཁ་དྲན་བྱུང་།
གླིང་ཚ་གར་སོང་ཆ་མེད་གྲོས་ཚོགས་གླེང་མེད་དྲན་བྱུང་།
བཀའ་སྤྱིའི་སྐུབ་ཀྱག་ཧབ་ཐོབ་ཚང་ཁ་རྡ་ས་དྲན་བྱང་།
ཧཧཧཧཧ་་་་་རྨོག་རུ་ད་དུང་ཡང་རྡ་སའི་འཁོར་ཡུག་ན་སྐྱིད་ཚོར་ཀི་ཨང་། གདན་ས་ལས་ལྷག་གྲྭ་བ་ཅི་མི་སྐྱིད་གདའ།