ཨེ་མ་ཧོ།
ན་མོ་གུ་རུ་དྷརྨ་དྷརྟི་ཡ།
དཔལ་ཆོས་དབྱིངས་ཀྱི་ནམ་མཁའ་ཡངས་པ་རུ།།
རྗེ་ཁྱབ་གདལ་གྱི་བླ་མ་དེ་བཞིན་གཤེགས།།
སེམས་གཉུགས་མ་ཡི་འོད་གསལ་སྙིང་པོའི་གར།།
ཡིད་དད་བརྒྱ་ཡི་མཆོད་སྤྲིན་ཡང་ཡང་འབུལ།།
ཕྱི་འདུ་འཛི་ཡི་འཆང་རྒྱ་རིང་དུ་དོར།།
ནང་དམ་ཆོས་ཀྱི་བདུད་རྩིའི་བུམ་པ་འཛིན།།
དོན་ངེས་དོན་གྱི་བྱ་བྲལ་རྡོ་རྗེ་འཆང་།།
སྐྱབས་བསླུ་མེད་ཀྱི་བླ་མ་ཡང་ཡང་དྲན།།
ཡུལ་ངེས་མེད་དུ་ས་མཐར་འཁྱམས་ན་ཡང་།།
གནས་གསེར་ལྗོངས་ཀྱི་ཞིང་ཁམས་བརྗེད་པ་མེད།།
ཆོས་མདོ་སྔགས་ཀྱི་མན་ངག་མ་ལུས་པ།།
རྗེ་བླ་མ་ཡིས་གསུང་པ་ཡང་ཡང་དྲན།།
གཞི་ཕུན་ཚོགས་ཀྱི་ལྔ་ལྡན་འཛོམས་པ་ན།།
ལམ་ཀུན་མཁྱེན་གྱི་གདམས་བཟང་ཐོབ་པའི་ཚེ།།
དོན་སྨིན་གྲོལ་གྱི་བཀའ་དྲིན་བསྩལ་བའི་མགོན།
མཚམས་མཚམས་སུ་རྨི་ལམ་ཞིང་ནས་མཇལ།།
ཡིད་མཆི་མ་ཡི་ཐིགས་ཕྲེང་སྙིང་ཁར་བརླན།།
སེམས་རིག་པ་ཡི་མེ་ལོང་ཆོས་ཀྱིས་ཁྱབ།།
ཁྱོད་ངེས་དོན་གྱི་བླ་མ་དྲན་པའི་ཚེ།།
སྤྲང་རི་ཁྲོད་དུ་འགྲིམ་པའི་བན་འཁྱམ་སྤྲོ།།
བདག་ཤི་ཡང་ནི་མི་འགྱོད་བླ་མའི་དྲིན།།
བདག་གསོན་ཡང་ནི་མི་སྡུག་ཆོས་ཀྱིས་དྲིན།།
ད་ཤི་གསོན་ནི་གང་ལ་རེ་དྭོགས་དབེན།།
དཔལ་མཆོག་གསུམ་གྱི་སྣང་བ་འབྲལ་བ་མེད།།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཟླ་ཚེས་དགེ་བར་༧སྐྱབས་རྗེ་བྱ་བྲལ་བ་བླ་མ་དམ་པ་མཁནཆེན་ཆོས་དབྱིངས་ཁྱབ་གདལ་རིན་པོ་ཆེའི་རྗེས་དྲན་དུ་སློབ་བུ་ཡོངས་ཀྱི་ཐ་ཤལ་བ་ཤྲྰི་ཨེ་མ་ཧོས་དབྱིན་ཡུལ་རྫོགས་ཆེན་དུས་འཁོར་ཆོས་གླིང་གི་རི་ཁྲོད་ནས་གང་ཤར་དུ་བླ་མ་དྲན་པའི་གདུང་ཡུས་གླུ་རུ་བླངས་པར་དགེའོ།། ཕྱི་ལོ་༼༢༠༡༦/༤/༡༠༽ལ།།