རྫ་ཚེ་རིང་བཀྲ་ཤིས།
ཁར་རྩང་ཕྱི་དྲོ་ཨོ་གླིང་སིད་ནི་ཉེ་འགྲམ་གྱི་ཆ་ཚི་ཝོ་(chatswood)གྷྲི་ཞེས་པའི་ས་ཆར་ཕྱིན། ས་ཁུལ་འདིའི་མི་ཧ་ཅང་མང་པོ་ཞིག་ནི་རྒྱ་རིགས་དང་འཇར་པན་པ་ཀོ་རེ་ཡ་བཅས་ཡིན། འཛུགས་སྐྲུན་གྱི་སྒྲོམ་གཞི་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སོགས་ཨོ་གླིང་སྤྱི་དང་འདྲ། ནང་དུ་ལོག་སྐབས་ཆུ་ཚོད་བརྒྱད་པ་ཡས་མས་ཟིན། ས་རུབ་ཟིན་པས་གློག་ཞུ་འདྲ་མིན་གྱི་འོད་ཀྱིས་ཁྲོམ་གཞུང་དག་ལྷག་ཏུ་ཡིད་དུ་འོང་བ་ལྟར་སྣང་། རེས་འཁོར་སྒུག་སྟེགས་ཀྱི་འགྲམ་ཀྱི་ལམ་ཁ་ནས་ས་གནས་འདིའི་དཔེ་མཛོད་ཁང་མཐོང་། ནང་ཡོངས་རྫོགས་སུ་དཔེ་སྒྲོམ་བསྒྲིགས་པ་དང་། ཐག་རིང་ནས་བལྟས་ནའང་ནང་གསལ་པོར་མཐོང་།
ཉིན་མོ་ལས་ཀ་ཚར་ནས་མཚན་མོ་དཔེ་མཛོད་དུ་དཔེ་ཆ་བལྟ་མཁན་གྱི་མི་ཚོས་ནེམ་འབོལ་སོགས་སུ་བསྡད་ནས་དཔེ་ཆ་བལྟ་བཞིན་པ་སོགས་ཤེལ་ཆོད་ཀྱི་ཕྱི་ནས་གསལ་པོར་མཐོང་། མཚན་མོའི་ཆུ་ཚོད་བཅུ་གཉིས་བར་དཔེ་མཛོད་ཀྱི་སྒོ་ཕྱེ་བཞིན་ཡོད་ཟེར། ནང་གི་སྒྲིག་ཆས་དང་ཆ་རྐྱེན། དཔེ་མཛོད་དོན་དམ་འཛིན་སྐྱོང་གི་སྤུས་ཚད་སོགས་ནི་ས་ཆ་འདིའི་དཔེ་མཛོད་ཁང་གཞན་དང་འདྲ། རྒྱལ་ཁབ་འདིས་དམངས་སྤྱོད་སློབ་གསོའི་ཆེད་དུ་ལས་ཀ་ག་རེ་བྱས་འདུག་པ་དང་། མི་མང་དག་གི་འཚོ་བའི་སྤུས་ཚད་མཐོང་ཐེངས་རེར་ངའི་ཕ་ཡུལ་ལ་ཡང་འདི་འདྲའི་ཆ་རྐྱེན་ཞིག་ཡོད་ན་ཅི་མ་རུང་། མ་མཐའ་ཡང་། ངའི་ཕ་ཡུལ་གྱི་མི་དག་གིས་འདི་ལྟ་བུའི་འཇིག་རྟེན་གཉིས་པ་འཛམ་བུ་གླིང་འདིར་ཡོད་པར་སེམས་ཀྱི་གཏིང་ནས་ཡིད་ཆེས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་ཚོར་བ་ཤུགས་ཆེན་པོ་སྐྱེས།
ད་དུང་ཁྲོམ་རའི་ལྟེ་བའི་ཁྱམས་སྤྱི་བའི་བྱེད་སྒོ་སྤེལ་ཡུལ་ཞིག་ཏུ། ཁྲུས་གསོལ་དུས་ཆེན་ནམ་སངས་རྒྱས་ཀྱི་འཁྲུངས་སྐར་གྱི་སྟེགས་བུ་ཞིག་ཀྱང་གོ་སྒྲིག་བྱས་འདུག དེ་ནི་ཨོ་གླིང་གི་ནང་བསྟན་གྱི་དགོན་པ་ཆེ་ཤོས་ལྟ་བུ་ཡིན་པའི་ཐའེ་ཝན་སངས་རྒྱས་འོད་ཀྱི་རི་བོའི་ཡན་ལག་གི་ཚོགས་པ་དག་གིས་བྱས་པར་སྣང་ཞིང་། འདིས་ཀྱང་ས་ཆ་འདིར་ཡ་གླིང་པ་དང་། ཁྱད་པར་རྒྱ་རིགས་ཅི་ཙམ་མང་དུ་ཕྱིན་པ་དེས་ནང་བསྟན་ཡང་ལྟོས་བཅས་ཀྱིས་ཁྱབ་བརྡལ་དུ་འགྲོ་བཞིན་པ་ཧ་ཅང་གསལ། རྒྱལ་ཁབ་འདིར་ནང་བསྟན་གྱིས་འཕེལ་ཚད་མགྱོགས་ཤོས་གཉིས་པའི་ཆོས་ལུགས་ཀྱི་གོ་གནས་ཟིན་བཞིན་པའི་མིག་སྔའི་གནས་སྟངས་ཀྱང་རྒྱབ་ལྗོངས་འདི་དང་འབྲེལ་བ་ཡོད།
སྤྱི་ལོ་༢༠༡༦ཟླ་༤ཚེས་༡༢ལ། ཉིན་ཐོ་ཙམ་དུ། རྫ་ཚེ་རིང་བཀྲ་ཤིས་ཀྱིས།
ཁྱོའི་ཕ་ཡུལ་གྱི་མི་རྣམས་ཧ་ཅང་ལྐུག་གྱུར་ཏེ། འཇིག་རྟེན་ན་དཔེ་མཛོད་ཁང་གཅིག་ཀྱང་ཡོད་པར་མ་རྟོགས་པའི་ཕྱིར།
རྫ་ཚེ་འདི་ཡང་བསྡད་དགོས་ཐེ་ཝན་ཆོས་ཚོགས་ལ་མ་བསྡད་ད་ཡང་ཆོས་ཚོགས་འདི་གཡུག་ཚར་ཡིན་ས་རེད། ཐེ་ཝན་བསྡད་ན་མཛད་རྒྱ་གོང་འཕེལ་ཡོང་ངེས་ལགས།
རྫ་ཚེ་རིང་བཀྲ་ཤིས་ལེགས་ཀྱི་ཨོ་གླིང་གཟིགས་པའི་ཉིན་དེབ་བསྒྲགས། ཨོ་གླིང་ཞེས་པ་གང་དུ་ཡོད་དམ།