—སེར་ཤུལ་རིན་ཆེན་དོན་གྲུབ།
༡༽ བོད་ཀྱི་རིག་གཞུང་གི་དྲི་མ་མི་འདུག
༢༽ བོད་ཀྱི་ཕ་སྐད་གཙང་མའི་དག་ཞིང་མི་འདུག
༣༽ བོད་ཡིག་ན་གཅིག་ཀྱང་མཐོང་རྒྱུ་མི་འདུག
༤༽ འགྲེལ་བཤད་པའི་སྐད་ར་མ་ལུག་ཁོ་ན་རེད། མཐའ་མའི་རྩེད་འགྲན་ཟེར་བ་འདི་ཙམ་ཡང་བོད་སྐད་ལ་ཡོད་བཞིན་དུ Final འདི་ཁོ་ན་བྱེད་སྤྱོད་བཏང་སོང་།
༥༽ ཆས་གོས་སྟེང་གི་ཨང་ཀི་དང་། རུ་ཁག་སོ་སོའི་དར་ཆའི་ཐོག་བོད་ཡིག་འབྲི་བ་ནི་དཀའ་ངལ་གང་ཡང་མེད་མོད། མགོ་འཛིན་དང་གོ་སྒྲིག་པ་ཚོས་རླབས་ཆེན་གྱི་༧རྒྱལ་ཡུམ་ཞིག་གི་རྗེས་དྲན་ནི་བོད་དང་བོད་ཀྱི་རིག་གཞུང་དམར་གསོད་གཏོང་མཁན་གྱི་གཤེད་མ་ཞིག་ཏུ་བསྒྱུར་འདུག
༦༽ རྩེད་མོ་འདི་ལྟ་བུ་ནི་མི་མང་དང་གཞོན་སྐྱེས་ཚོས་དགའ་མོས་བྱེད་སའི་སྡིངས་ཆ་ཞིག་ཡིན་པས་སྡིངས་ཆ་འདི་ནས་བོད་སྐད་བཤད། བོད་ཡིག་བྲིས། བོད་ཆས་གྱོན། བོད་དྲི་བྲོ་ན་སྤྱི་ཚོགས་ལ་རིག་གཞུང་གི་ཤུགས་རྐྱེན་ཆེན་པོ་ཐེབས་ངེས། དེ་ལས་ལྡོག་ནའང་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ངེས་པས་འབྲེལ་ཡོད་ཚོས་རྗེས་སུ་དེའི་སྐོར་ལ་དོ་སྣང་རེ་གནང་རོགས་ཞུ།
༢༠༡༦/༤/༡༥/ ལ་བྲིས།
ཨ་ཧ། དངོས་གནས་ཧ་ལས་པའི་བློ་ཕམ་སྐྱེ་འོས་པ་ཞིག་འདུག ངས་རྒྱུན་དུ་ནས་བོད་པ་ཡུལ་གྱར་བའི་ཁ་ནས་བོད་རང་བཙན་ཟེར་དུས་འཁྲབ་སྟོན་པ་ཞིག་དང་འདྲ་བ་མཐོང་གི་ཡོད། ཡིན་ནའང་དེ་ཚོའི་སེམས་འདིང་ལ་བོད་དང་བོད་པའི་རིག་གཞུང་ལ་ཤ་ཚ་ཡོད་སྲིད། འདི་འདྲ་བསམ་ན་རྩ་བ་ནས་མི་འགྲིགས་པ་ཞིག་བསམས་མྱོང་། ཡིན་ནའང་ད་རིང་གི་རྩེད་འགྲན་འདི་ནས་ཐག་ཆོད་པའི་ཐོག་ནས་འཁྲབ་སྟོན་པ་ཞིག་ཡིན་པ་མཚོན་ཐུབ་ཀྱི་འདུག དེ་དག་གི་འགོ་འཁྲིད་གཙོ་བོ་ནི་བསྟན་འཛིན་བརྩོན་འགྲུས་དང་བློ་བཟང་དབང་རྒྱལ། འཇམ་དབྱངས་ནོར་བུ། ལྷག་བསམ་ཚེ་རིང་། འདས་པོ་ཀརྨ་ཆོས་འཕེལ་རེད། གནས་ཚུལ་འདི་ནས་རྒྱ་གཞུང་ལ་དགའ་དགོས་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད། ཕྱི་ཕྱོགས་ནས་བོད་ཀྱི་རིག་གཞུང་རྩ་བརླག་ཏུ་འགྲོ་ཡི་ཡོད་པ་གསལ་པོ་ཆགས་ཡོད་པ་རེད། སྤྱིར་བཏང་འཇིག་རྟེན་འཁོར་བ་ཟེར་ན་འདི་འདྲ་ཞིག་ཡིན་པ་རེད།