—-ཀུན་བཟང་སྒྲོལ་མ།
༡༽ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།
ལན། ཐོག་མར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ལ་བཅོས་མིན་གྱི་བཀྲ་ཤིས་བདེ་ལེགས་ཞུ། དེ་ཡང་ང་རང་ཉིད་ལ་མཚོན་ན་སྙན་ངག་དང་རྩོམ་རིག་ལ་དགའ་བ་ལས་སྙན་ངག་མ་ཞིག་ཡིན་ཅེས་བརྗོད་པའི་སྤོབས་པ་ཡེ་ནས་མེད་ལ། ང་ལྟ་བུ་ཞིག་ལ་མིང་འདི་ཞྭ་དཔེ་ལ་ལྷམ་བསྐོན་རང་མ་ཡིན་ནམ། ད་དུང་ད་ལྟའི་བར་རྩོམ་ཡིག་ཐར་ཐོར་རེ་བྲིས་ནས་དྲ་ལམ་དང་དུས་དེབ་འགའ་ནང་བཀོད་པ་ཙམ་ལས། ཆེད་དུ་རྩོམ་རིག་གི་ལོ་རྒྱུས་དང་། དཔྱད་བརྗོད། ཉམས་ཞིབ་སོགས་རང་གི་ཡིད་ཚིམས་པ་ཞིག་སྔར་བྱས་མ་མྱོང་། འོན་ཀྱང་སྐབས་ལ་ལར་སྙན་ངག་དང་རྩོམ་རིག་སོགས་ནི་གཙོ་བོ་སེམས་ཀྱི་ཚོར་བ་ལས་བྱུང་བས། ལུང་དང་རིགས་པའི་ཐོག་ནས་ཁྱབ་དང་མི་ཁྱབ་གཙོ་བོ་འཛིན་གྱི་མེད་པའི་ཚོར་བ་ཡང་བྱུང་མྱོང་།
ཡང་སྒོས་སུ་འདས་ཟིན་པའི་མི་ལོ་བརྒྱད་ཙམ་རིང་ལ་རྩོམ་ཡིག་རེ་འགའ་བྲིས་པའི་མྱོང་བ་ཞིག་བཤད་ན། དང་ཐོག་ངས་སློབ་ཆུང་གི་དུས་དེབ་༼ཆུ་ཐིགས༽ཟེར་བ་ཞིག་གི་ཐོག་ལ་ཚིགས་བཅད་འགའ་བྲིས་པ་ཡིན། དེ་ནས་རིམ་བཞིན་ཉིན་མ་རེ་ལ་ཉིན་ཐོ་བྲིས་པའི་མགོ་བརྩམས་པ་ནས་སྤྱི་ལོ་༢༠༠༦ ནས་༢༠༡༡ བར་རྩོམ་ཡིག་ཟེར་བ་དམིགས་བསལ་བྲིས་མེད།
ཉིན་ཐོ་བྲིས་ནས་རང་ཉིད་ཀྱི་སྐད་ཆ་དང་། མཛེས་རྟོག་གི་སེམས་ཁམས། བསམ་པའི་འདུ་ཤེས། མངར་སྐྱུར་ཁ་གསུམ་གྱི་ཚོར་བ་ཡོད་ཚད་གསང་དབང་ངང་བྲིས་དུས། སྔར་མེད་ཀྱི་བདེ་སྐྱིད་ལྡན་པའི་འཇིག་རྟེན་ཆུང་ཆུང་ཞིག་བསྐྲུན་ཐུབ་བྱུང་། ཕྱིས་སུ་ཝཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སླེབས་ནས་བཟུང་། རང་མོས་སྙན་ངག་དང་། ཚིགས་བཅད། དཔྱད་རྩོམ་སོགས་བྲིས་ནས་བོད་ཕྱི་ནང་གི་དྲ་ལམ་དང་དུས་དེབ་ཁག་ལ་བསྐུར་བ་ཡིན། དེ་དག་གི་ཁྲོད་ནས་མི་མང་གིས་རང་ཉིད་ལ་ཆེས་དགའ་མོས་དང་དགའ་བསུ་ཐོབ་པ་ནི་རང་མོས་སྙན་ངག་དང་དཔྱད་རྩོམ་གཉིས་རེད་འདུག ད་དུང་ཀློག་པ་པོ་མང་པོ་ཞིག་གིས་བུད་མེད་སྙན་ངག་མ་ལ་དགའ་མོས་གནང་བའི་ཚོར་བ་ཤུགས་ཆེན་པོ་བྱུང་། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་གཅིག་དེ་ཡིན།
གཉིས་སུ། སྙན་ངག་དང་རྩོམ་ཡིག་མང་པོ་བྲིས་པའི་ཁྲོད་ནས། ད་གཟོད་མི་དང་མི། མི་དང་སྤྱི་ཚོགས། རང་ཉིད་དང་ཁོར་ཡུག་སོགས་ནམ་ཡང་འབྲལ་ཐབས་མེད་པའི་སྙན་ངག་གི་སྲོག་ཤིང་ཞིག་ཡིན་པ་ཚོར་བྱུང་། མདོར་ན། མྱོང་རྟོགས་ཀྱི་ཚོར་བ་རྣོ་རུ་ཕྱིན་པ་དང་། བསམ་བློ་གུ་ཡངས་སུ་འགྲོ་བ། སྒྱུ་རྩལ་གྱི་རིགས་ལ་དུང་བ་ཇེ་ཆེ་རུ་འགྲོ་བ་དག་ནི་རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་འགའ་ཡིན་ཟེར་ན་མི་འགྲིག་པ་མེད་པ་འདྲ།
ད་དུང་རྩོམ་ཡིག་དང་སྙན་ངག་བྲིས་པའི་ལོ་ཟླའི་ཁྲོད་ནས་བློ་ཕམ་པའི་གནས་ཚུལ་མང་པོ་བྱུང་མྱོང་། དཔེར་ན་སྤྱི་ལོ་༢༠༡༣ ལོ་ལ་ངས་སྙན་དེབ་༼རུས་རྐང་གི་མཆོད་མེ༽ཞེས་པ་ཞིག་གངས་རིའི་ན་གཞོན་ཚོ་གཙོར་བྱས་ཏེ་འབུལ་འདོད་ཡོད་ཀྱང་། ནང་མི་དང་སྤུན་གཉེན་ཚོས་དེ་ཙམ་གྱིས་ང་ལ་ཕྱོགས་གང་ནས་ཀྱང་རོགས་རམ་གནང་མ་སོང་། གནས་ཚུལ་འདི་སྙན་ངག་ལ་དུང་བ་ཡོད་པའི་བུད་མེད་ཅིག་ལ་མཚོན་ན་བསམ་ཡུལ་ལས་འདས་པའི་ཕམ་ཁ་དང་རྨ་མེད་ཀྱི་ན་ཟུག་ལྕི་མོ་ཞིག་ཡིན་ལ། མ་འོངས་པར་ཡིད་སྐྱོ་བའི་གནས་ཚུལ་འདི་རིགས་ཇེ་ཉུང་དུ་འགྲོ་བའི་རེ་བ་ཡོད།
༢༽ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད་དམ།
ལན། སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཀྱི་དགོངས་པ་གཞིར་བཟུང་ནས་བཤད་ན། ད་ལྟའི་བོད་ཀྱི་རྩོམ་རིག་འདི་ལ་ལྟ་སྟངས་མི་འདྲ་བ་འགའ་ཤས་མཐོང་གིན་ཡོད། གཅིག ཡ་ཐོག་བོད་ཀྱི་ཆེས་ཐུན་མོང་མ་ཡིན་པའི་ཤེས་རིག་དང་དཔལ་ཡོན་སོགས་ནི་བོད་ཀྱི་རྩོམ་རིག་འདི་དང་ལུས་སེམས་ལྟར་འབྲེལ་བ་ཡོད་པ་མཐོང་། གནས་ཚུལ་དང་སྣང་ཚུལ་ཙམ་མ་ཡིན་པར་བོད་ཀྱི་རྩོམ་རིག་ལོ་རྒྱུས་གང་དང་གང་ལ་བལྟས་ཀྱང་ཡ་ཐོག་བོད་ཀྱི་རྩོམ་རིག་དེ་མེད་དུ་མི་རུང་བ་ཞིག་ཏུ་ཆགས་པ་མཐོང་།
མཐོང་ཚུལ་འདིར་དམིགས་ནས་བརྗོད་ན། བོད་ཀྱི་རྩོམ་རིག་འདི་ཧ་ཅང་རྩ་ཆེན་དང་ནམ་ཡང་བོད་པའི་མི་རིགས་དང་འབྲལ་ཐབས་མེད་པའི་འཚོ་བའི་རྟེན་ས་གལ་ཆེན་ཞིག་ཆགས་ཡོད། ད་དུང་བོད་ཀྱི་རྩོམ་རིག་ལ་སྒྱུ་རྩལ་གྱི་རྣམ་པ་ཁྱད་པར་བ་ཞིག་ཡོད་པར་མ་ཟད། གདོད་མའི་རྩོམ་རིག་དང་། གནའ་རབས་རྩོམ་རིག དེང་རབས་རྩོམ་རིག་སོགས་ནི་རྒྱལ་ཁབ་གཞན་གྱི་རྩོམ་རིག་ལྟར་ཧ་ཅང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་དང་གདེང་འཇོག་ཆེན་པོ་གནང་གི་ཡོད། དཔེར་ན། གདོད་མའི་རྩོམ་རིག་ནི་གཙོ་བོ་མི་དང་མིའི་ལས་དང་། མི་དང་ཆོས་ཀྱི་སློབ་གསོ་གཞིར་བཟུང་བྱས་ཡོད། བཙན་པོའི་སྐབས་ཀྱི་རྩོམ་རིག་གི་ཁ་ཕྱོགས་འཇིག་རྟེན་མི་ཆོས་དང་ཀུན་སྤྱོད་སྲུང་ཐབས། ཆོས་ཀྱི་ལམ་དུ་ཇི་ལྟར་འཇུག་པ་ལ་དམིགས་པ་མཐོང་།
མདོར་ན་དུས་རབས་རེ་རེ་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་རེ་རེ་ནས་རྩོམ་རིག་ལ་བསམ་བརྗོད་ལས་འདས་པའི་འཕེལ་རྒྱས་དང་འགྱུར་བ་འགྲོ་དང་འགྲོ་བཞིན་ཡོད། དཔེར་ན། {མི་ལ་རས་པའི་རྣམ་ཐར་} དང་{གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད}སོགས་ནི་བོད་ཀྱི་རྩོམ་རིག་གི་སྒྱུ་རྩལ་ཤིན་ཏུ་ཆེ་བའི་བརྩམས་ཆོས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། དེང་སང་རྩོམ་པ་པོ་མང་པོ་ཞིག་གིས་བོད་ཀྱི་རྩོམ་ཡིག་བྲིས་སྐབས་སུ་ཁ་སྐད་དང་ལུང་སྐད་སོགས་མང་པོ་བྲིས་པ་དེ་ནི། ང་རང་ཉིད་ཀྱི་བསམ་ཚུལ་ལ་དེ་ཙམ་ཡག་པོ་ཞིག་མཐོང་གི་མེད། བྲིས་མི་ཆོག་པ་དང་བྲིས་ན་ནོར་བ་རེད་ཟེར་གྱི་མེད། རེད་དེ་བོད་རང་གི་རྩོམ་རིག་ལ་བསམ་བློ་བཏང་ན་བློ་འཚབ་ཡོད་པའི་གནས་ཚུལ་ཞིག་ཆགས་ཡོད་པས། རྣམ་པ་ཚོས་བསམ་གཞིག་ཡོད་པ་མཁྱེན།
༣ ༽ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད་དམ།
ལན། དྲི་བ་འདི་བསྐུར་བར་ཐོག་མར་བཀའ་དྲིན་ཆེ་ཞུ་འདོད། མ་གཞི་ང་རང་གིས་གཏིང་ཟབ་པོ་གང་ཡང་ཤེས་ཀྱི་མེད། གང་ལྟར་སོ་སོའི་ཤེས་ཚད་ལ་གཞིགས་ནས་བཤད་ཆོག རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཡིན་མིན་ཧ་ཅང་བཤད་དཀའ། མ་ཟད་ད་ལྟ་བར་དུ་གངས་ཅན་བོད་པའི་ཁྱིམ་རྒྱུད་ཁྲོད་ན་བུད་མེད་སྨྱུག་ཐོགས་པ་ནམ་ལངས་སྐར་མ་ལས་ཉུང་། རེ་འགའ་ཡོད་ཀྱང་ཐུན་མོང་ལ་བོད་ཀྱི་བུ་མོའི་རྩོམ་འབྲི་ནི་ཧ་ཅང་ནས་དམའ་བོ་རེད། གང་ཡིན་ཟེར་ན་སྤྱིའི་ཆ་ནས་ད་སྔར་མཚན་སྙན་གྱི་གཟེངས་སུ་ཐོན་པའི་བུད་མེད་ཀྱི་རྩོམ་པ་པོའི་སྟོང་ཆ་ཆེན་པོ་ལྷག་ཡོད། འོན་ཀྱང་གཏན་ནས་མེད་པ་དེ་འདྲ་ཡང་མ་རེད།
དཔེར་ན་རང་སྐད་རང་གི་ཐོག་རྩོམ་འབྲི་མཁན་རྩོམ་པ་མོ་དཔལ་མོ་དང་། ལྕགས་མོ་འཚོ། པདྨ་འཚོ། བདེ་སྐྱིད་སྒྲོལ་མ། གཟུངས་ཕྱུག་སྐྱིད། འབྲུག་མོ་སྐྱིད། བསྟན་འཇིན་འོད་ཟེར། ཚེ་རིང་གཡང་སྐྱིད། བསམ་གླིང་ཚེ་རིང་ལྷ་མོ། འཇམས་དབྱངས་སྐྱིད་སོགས་ཡོད་ཀྱང་། མི་རིགས་གཞན་ཞིག་དང་རྒྱལ་ཁབ་ཞིག་གི་ངོས་ནས་བཤད་ན་ཧ་ཅང་ཉུང་དྲགས་པ་དང་། ཡིད་ཕམ་པའི་གནས་ཚུལ་ཞིག་ཆགས་ཡོད།
མི་རིགས་ཀྱི་གནས་བབ་གང་ནས་བལྟས་ཀྱང་། བུ་དང་བུ་མོ་གཉིས་ཀྱི་བར་གནམ་སའི་ཁྱད་པར་འགྲོ་བ་རང་ཉིད་ཀྱིས་ཚོར་བྱུང་། མ་གཞི་ནས་དུས་རབས་ཀྱི་འགྱུར་བ་དང་བུད་མེད་ཀྱི་སེམས་ཁམས་ནས་བལྟས་ན། བོད་ཀྱི་བུད་མེད་དག་ལ་ཕུགས་བརྟན་གྱི་དམིགས་ཡུལ་མེད་པ་དང་། དུས་རབས་དང་མཐུན་པའི་གུ་ཡངས་ཀྱི་བསམ་བློ་མེད། གསར་གཏོད་ཀྱི་ནུས་ཤུགས་ཞན། ཡིག་ཚད་ཙམ་དང་དངུལ་ཙམ་མ་གཏོགས་མ་འོངས་པའི་ཆེད་དུ་བསམ་བློ་བཏང་ནས། ཤེས་ཡོན་ངོ་མ་སློབ་མཁན་ཞིག་དང་རྩོམ་ཡིག་ལ་མིག་རྒྱང་རིང་པོར་ལྟ་མཁན་ཉིན་མོའི་སྐར་མ་ལས་ཀྱང་དཀོན། རྒྱུ་རྐྱེན་དེ་དག་ལས་གཙོ་བོ་རྩོམ་བྱེད་ཀྱི་སྐྱོན་གསུམ་སྟེ་ཤེས་རབ་དམན་པ། མང་དུ་ཐོས་པ་བྲལ་བ། ལེ་ལོ་སྒྱིད་ལུག་བཅས་གསུམ་དང་བྲལ་ཞིང་། ལྡོག་ཕྱོགས་ལེགས་ཆ་གསུམ་དང་ལྡན་དགོས་པ་ཧ་ཅང་གིས་གལ་ཆེན་རེད། ལར་དགའ་མོས་དགོས་གལ་དེ་བས་ཆེ་བར་བསམ་མོ།།
ང་ཚོ་བུད་མེད་དག་གིས་རང་ག་ཙམ་ལ་བསམ་བློ་མ་བཏང་བར་མི་རིགས་འདི་དང་རྒྱལ་ཁབ་འདིའི་ཆེད་དུ་ཐུགས་བསམ་བཞེས་རོགས་གནང་བཅས་ངས་རེ་སྐུལ་ཞུ་འདོད་བྱུང་། ད་དུང་དེང་རབས་བོད་ཀྱི་བུད་མེད་དག་རང་གི་བསམ་ཚུལ་བཞིན་བཤད་ཆོག་ལ། གངས་རིའི་བུད་མེད་དག་ནི་ཞུམ་མེད་སྙིང་སྟོབས་སྐྱེས་ནས། རང་གི་འདོད་པ་ལྟར་འགྲུབ་འདོད་དག་ལ་དགོས་པ་ཆ་ཚང་ཞིག་ཡོད་པས་གོ་སྐབས་ལེན་དགོས། དེ་བས་ཀྱང་མི་རིགས་ཤིག་གི་ལོ་རྒྱུས་དང་བདེན་དཔང་མཚོན་ཐབས་སུ། ང་ཚོས་བུད་མེད་དག་གི་འགན་འཁྲི་ཅི་ཞིག་ཡིན་པ་དང་། ཕྲག་ཏུ་འགན་ཅི་ཞིག་འཁུར་ཡོད་པ། ང་ཚོས་ངེས་པར་དུ་སྲུང་དགོས་པ་གང་ཞིག་ཡིན་པ་སོགས་ལ་དོ་སྣང་བྱ་དགོས།
༤༽ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་ངམ།
ལན། གོང་དུ་བཤད་པ་བཞིན་ང་ལ་མཚོན་ན་སྙན་ངག་དང་རྩོམ་རིག་ལ་དགའ་བ་ཙམ་མ་གཏོགས་ཆེད་དུ་དམིགས་ནས་འདིའི་ཐོག་ལ་ཉམས་ཞིབ་བྱས་མ་མྱོང་། མ་ཟད། གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་འཆི་མེད་དང་། དཔལ་མོ། བདེ་སྐྱིད་སྒྲོལ་མ། ཉི་མ་འཚོ་དང་། བསམ་གླིང་ཚེ་རིང་ལྷ་མོ། གཟུགས་ཕྱུག་སྐྱིད་སོགས་ཀྱི་རྩོམ་ཡིག་རེ་འགའ་བཀླགས་མྱོང་ལ་དེ་དག་ལ་བོད་ཕྱི་ནང་གཉིས་སུ་གདེང་འཇོག་ཆེན་པོ་གནང་གི་འདུག
དེ་དག་གི་ཁྲོད་ནས་བདེ་སྐྱིད་སྒྲོལ་མ་ལ་མཚོན་ན་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་འཚར་ལོངས་བྱུང་བའི་བུད་མེད་རྩོམ་པ་པོ་ཞིག་ཡིན་ལ། ཁོ་མོའི་བརྩམས་ཆོས་ལ་བལྟས་ན། ང་དང་འབའ་འབའ་ལུ་གུ་དང་། ང་དང་གཡག་གསར་རྒོད་པོ། རིལ་མ། རྩྭ་ཐང་གི་བརྩེ་དུང་། འབྲོག་མོ་སོགས་ལ་བོད་ནང་གི་གྲགས་ཅན་རྩོམ་པ་པོ་མང་པོ་ཞིག་གིས་མིང་དོན་མཚུངས་པའི་སྙན་ངག་མའམ། རྩོམ་པ་མོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། རྩོམ་འབྲིའི་རྨང་གཞི་ཡིན་ཡང་བཤད་མི་དགོས་པར་ཧ་ཅང་ལེགས་པོ་ཡོད་པ་མཐོང་ངོ་།།
གཉིས་སུ་རྩོམ་པ་མོ་འཆི་མེད་ལ་མཚོན་ན་ཡང་བོད་ནང་གི་བུད་མེད་རྩོམ་པ་མོ་རྒན་རབས་ཤིག་རེད་ལ། གུས་མོའི་བརྩམས་ཆོས་ལ་བལྟས་ན་མི་རིགས་ཀྱི་རང་བཞིན་ལྡན་ཞིང་། སྤྱི་ཚོགས་ཀྱི་མཐུན་ལམ། ཕ་མའི་བརྩེ་དུང་། ཕ་ཡུལ་དང་ཕ་ཡུལ་གྱི་ཁོར་ཡུག་དག་གཙོ་བོར་བཟུང་ནས་བྲིས་པ་ཤ་སྟག་མ་གཏོགས། མི་དང་མི། མི་དང་སྤྱི་ཚོགས་བར་ལ་དོན་མེད་ཀྱི་ནང་འཁྲུག་རིགས་གང་ཡང་བྲིས་མེད། མདོར་ན་གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་བའི་རྨང་གཞི་ལ་གནམ་ས་ཡི་ཁྱད་པར་འདུག
དམིགས་བསལ་གྱིས་བཙན་བྱོལ་ནང་གི་བོད་ཀྱི་བུད་མེད་ཚོ་ལ་རྩོམ་འབྲི་བའི་སློབ་གསོ་དང་ཁོར་ཡུག་གི་ཆ་ནས་མ་འདང་བ་དང་གཅིག གཉིས་ནི་རྩོམ་པ་པོ་ཞིག་ལ་མཚོན་ན་དགའ་སྡུག་གཉིས་ཀྱི་ཚོར་བ་མྱོང་བ་གལ་ཆེན་ཡིན་ཀྱང་། བཙན་བྱོལ་བུད་མེད་ཚོར་དེའི་ཐད་ལ་མང་ཆེ་བ་ལ་ཚོར་བ་བཏང་སྙོམས་ཡིན་པ་དང་། ད་དུང་། ལྷིང་འཇགས་ཀྱི་ཁོར་ཡུག་དང་། མཛེས་དཔྱོད་ཀྱི་བསམ་བློ། གུ་ཡངས་ཀྱི་བསམ་བློ་སོགས་བོད་ནང་གི་བུད་མེད་རྩོམ་པ་མོ་དང་བཙན་བྱོལ་ནང་གི་བུད་མེད་བར་ཁྱད་པར་ཆེན་པོ་ཞིག་མཐོང་གི་ཡོད། འོན་ཀྱང་བོད་ནས་ཡོང་བའི་བཙན་བྱོལ་བུད་མེད་རེ་གཉིས་ཧ་ཅང་ཡག་པོ་འདུག་ལ་བརྩམས་ཆོས་ལ་བལྟས་ཀྱང་གདེང་འཇོག་བྱེད་འོས་པ་ཞིག་ཏུ་མཐོང་གི་ཡོད།
༥༽ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།
ལན། སྤྱིར་བཏང་ཕྱི་རོལ་འཇིག་རྟེན་ཁོར་ཡུག་དེ་ལ་བརྟེན་ནས་ཡོད་པའི་སྲོག་ཆགས་དང་སྣོད་བཅུད་ཀྱི་བཀོད་དབྱིབས། རང་བྱུང་ཁམས་ཆེན་མོའི་གནས་སྟངས་བཅས་ལ་བལྟས་ནས་རྣམ་འགྱུར་ཅི་རིགས་སྟོན་པའི་སྒྱུ་རྩལ་འདྲེན་པའི་ལུས་ངག་གི་རྣམ་འགྱུར་གང་རུང་ཐོག་ནས་ཕན་ཚུན་བར་གོ་བརྡ་སྤྲོད་བྱེད་ཅིག་གཞི་རྩའི་རྩོམ་རིག་གི་རྣམ་པ་ཙམ་ཟེར་ན་ཆོག
མདོར་ན་རྩོམ་ཟེར་བ་ནི་གང་ཟག་གང་རུང་བ་ཞིག་གི་སེམས་ཀྱི་དགའ་སྡུག་བཏང་སྙོམས་ས་དང་འཆར་ཡན་རྣམ་རྟོག་སོགས་ཚོར་སྣང་གང་ཡོད་ལུས་ངག་གང་རུང་ཞིག་གི་ཐོག་ནས་ཕྱིར་མངོན་པ་དེ་རྩོམ་གྱི་དོན་ཡིན་པ་འདྲ། དེ་ཡང་རིག་ཞེས་པ་འདིར་རིག་གནས་བྱེ་བྲག་པའི་ངོ་བོ་དང་ཁྱད་ཆོས་སོགས་གཞུང་ལུགས་ཀྱི་རྣམ་པར་གྲུབ་པ་དེ་འདྲར་རིག་པའི་གཞུང་ལུགས་ལ་འབོད་ཆོག
དེ་འདྲ་བའི་རྩོམ་རིག་གི་གཞུང་ལུགས་ཆ་ཚང་ཞིག་ང་ལ་ད་དུང་ཐོབ་མེད་ཀྱང་རུང་། རང་ཉིད་ཀྱི་རྩོམ་ཡིག་བྲིས་པའི་ཉམས་མྱོང་ཞིག་བཤད་ན། དང་པོ། བོད་པའི་རྩོམ་པ་པོ་མ་ཡིན་པར་རྒྱལ་སྤྱིའི་རྩོམ་པ་པོ་སྤྱི་ལ་སྔར་མེད་ཀྱི་གདེང་འཇོག་ཆེ་རུ་ཕྱིན་སོང་ལ། དེང་སང་བོད་ཕྱི་ནང་གཉིས་སུ་བུད་མེད་རྩོམ་པ་པོ་དང་སྙན་ངག་པ་ཇེ་མང་དུ་འགྲོ་དང་འགྲོ་བཞིན་ཡོད་པ་དུས་རབས་དེ་དག་ཏུ་འཚོལ་ཞིང་སྤྱི་ཚོགས་དེ་དག་ཏུ་གནས་པའི་མི་རིགས་དག་གི་ཉིན་རེའི་དྲ་ལམ་ཁག་དང་། དུས་དེབ་སོགས་ཀྱི་འཕེལ་རྒྱས་ཀྱི་ངོས་ནས་བལྟས་ན་ཧ་ཅང་དགའ་འོས་པ་ཞིག་རེད།
མདོར་ན། དུས་རབས་འཕེལ་རྒྱས་ཀྱི་དཀྱོགས་མཚམས་རེ་རེ་ནི་རིག་གནས་བསམ་བློའི་སྟེང་འགྱུར་ལྡོག་བཤད་ཐུབ་མཁན་གྱི་གངས་རིའི་བུད་མེད་རྩོམ་པ་པོ་ཇེ་མང་དུ་འགྲོ་བར་ང་ལ་རེ་བ་དང་ཡིད་ཆེས་ཡོད། ལྷག་པར་ཏུ་བོད་ཀྱི་རྩོམ་རིག་ལས་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཧ་ཅང་མང་། རེད་དེ་དམིགས་བསལ་ཞིག་ལ། ང་རང་ཉིད་ལ་རང་དབང་གི་བསམ་བློའི་རྨང་གཞི་དང་། རང་འཛིན་གྱི་སྤྱོད་ལམ་ངོམ་ས། རང་རྟོགས་ཀྱི་འགན་ལེན། རང་ཚུགས་ཀྱི་ལྟ་ཚུལ་གླེང་བའི་ཐོག་མའི་གར་སྟེགས་ཤིག་ཆགས་སོང་། མ་ཟད་མི་ལ་མི་ཡི་མཚན་ཉིད་དང་ལྡན་པའི་བསམ་བློའི་ནུས་པ་ཁྱད་པར་ཞིག་ཡོད་པར་རྟོགས། མི་ལ་མི་ཡི་རྣམ་དཔྱོད་ལྡན་པའི་གསར་གཏོད་ཀྱི་རིག་པ་ཡོད་པ་དེ་རྩོམ་ཡིག་ལམ་ནས་དམིགས་བསལ་གྱིས་སྟོན་ཐུབ་པ་དེ་དག་གཞིར་བཟུང་ནས་བཤད་ན། འུ་ཅག་གངས་རིའི་བུད་མེད་དག་ལ་ནུས་པ་མེད་པ་ཞིག་གཏད་ནས་རེད་མི་འདུག
འོན་ཀྱང་ང་ཚོའི་མིག་གིས་ཕུགས་རྒྱང་ལ་བལྟས་པ་ཉུང་དྲགས་པ་དང་། རྣ་བས་ཕྱོགས་ལ་ཉན་པའི་གཤིས་ཀ་མེད་པ། ཐབས་ཀྱི་སྒོ་སྣ་ཚོགས་ནས་ལས་སྒོ་ཕྲ་རགས་ལ་དོ་སྣང་མེད་པ། མི་རིགས་ཀྱི་རྩ་དོན་དང་མི་འགལ་བའི་ལམ་ལུགས་རེ་འཚོལ་ཐབས་སུ་འབད་པ་མི་བྱེད་པ་དང་ཚོར་བ་བཏང་སྙོམས་ངང་ད་བར་ལྷག་བསྡད་པ་མིན་ནམ་བསམ།
༦༽ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།
ལན། མིང་། ཀུན་བཟང་སྒྲོལ་མ། སྨྱུག་མིང་། རྔ་བ་ཀུན་བཟང་། ས་གནས། ཝཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།
མི་རིགས་ཤིག་གི་རིག་གནས་ཀྱི་ཕམ་ཁ་དང་རང་ཉིད་ཀྱི་ལས་དབང་འཁོར་ཕྱོགས་ཤིག་ལས། ༢༠༠༥ལོར་རྒྱ་གར་དུ་འབྱོར་ཏེ་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ་ནས་འཇིན་གྲྭ་བཅུ་བ་བར་དུ་ཤེས་བྱ་གང་མང་ཞིག་སྦྱངས་མྱོང་།
དེ་ཡང་འཇིན་རིམ་བརྒྱད་པའི་སྐབས་སུ་བོད་ཁྱིམ་ཡོངས་ནས་ཨང་ལྔ་པ་ཐོབ་སོང་ལ། ཕྱི་ལོ་༢༠༠༨ ནས་བཟུང་སྐད་ཡིག་རིགས་གཉིས་ལམ་ནས་སློབ་གྲྭའི་དུས་དེབ་དང་དྲ་ལམ་ཁག་ལ་རྩོམ་ཡིག་ཐར་ཐོར་འབྲི་མགོ་བརྩམས། སློབ་ཞོར་དུ། ༼སྐྲ་རིང་མའི་སྐྱ་རེངས༽ཞེས་པའི་བུད་མེད་ཀྱི་ཚོགས་ཆུང་ཞིག་ལ་ལོ་གསུམ་རིང་ཤེས་རིག་དང་རྩོམ་ཡིག་ཐོག་ལས་ཀ་བྱས།
ཕྱི་ལོ་༢༠༡༠ ལོར་རང་གི་ཕུགས་བསམ་དང་དགའ་ཕྱོགས་ལས་ཡང་དག་པའི་ལམ་བུ་ཞིག་རང་ཐག་རང་གཅོད་ཀྱིས་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རབ་འབྱམས་རྒྱ་མཚོའི་མཚོ་ངོགས་འགྲིམས་པའི་མངོན་དགྱེས་ཀྱི་སྤོབས་པ་འཁྱེར་ནས། <སྐྲ་རིང་མའི་སྐྱ་རེངས་དུས་དེབ>དང་<ཝཱཎའི་རིག་རླབས><ཆིག་སྒྲིལ><སྤྱི་ཚོགས་སྣང་བརྙན <ཁ་བ་དཀར་པོ><འགན་འཁྲི་དང་འཚོལ་སྙེག>སོགས་དུས་དེབ་ཁག་ལ་རྩོམ་ཡིག་འདྲ་མིན་སུམ་བརྒྱ་ཙམ་སྤེལ་བ་མ་ཟད། <ཁ་བརྡ་དྲ་ཚིགས><བོད་ཀྱི་ཟིན་བྲིས།><ཤངས་པ་རིག་གནས་དར་སྤེལ་ཁང་།> <གླིང་སྲས་བོད་ཡིག་དྲ་ཚུགས་འཕྲིན་ཁང་། ><འོད་དཀར་དྲ་ཚིགས>་སོགས་གང་མང་ཞིག་ལ་རྩོམ་ཡིག་འདྲ་མིན་སྤེལ་མགོ་བརྩམས།
དཔྱད་རྩོམ་དེ་དག་ཁྲོད་ནས། མི་རབས་གསར་བའི་དཔུང་ཁག་ལ་རྒྱལ་ཞེན་གྱི་བསམ་བློ་བསྐྲུན་ཐབས་དང་། དེའི་སློབ་གསོའི་ཁ་ཕྱོགས་གླེང་བ། ༧གོང་ས་མཆོག་གི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་མི་སྡེའི་སྤྱི་ཚོགས་ཀྱི་ལམ་བུ་གཉིས་ལ། བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་མང་པོས་དགའ་བསུ་ཐོབ་པ་མ་ཟད་ཨང་གཉིས་པའི་བྱ་དགའ་ཡང་ཐོབ། དེ་ཡང་སྙན་ངག་གི་ཕྱོགས་ནས་ཕྱི་ལོ་༢༠༡༣ ལོ་ལ་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་སྙན་ངག་གྱེར་འདོན་འགྲན་ཚོགས་ཐེངས་དང་པོའི་ཐོག་ལ་ཨང་གཉིས་པ་དང་། ཝཱཎའི་རིག་རླབས་རྩོམ་སྒྲིག་ཁང་ནས་བྲིས་རྩོམ་འགྲན་བསྡུར་ཐོག་ལ། མེ་ལྕེ་ཡི་སྙན་ངག་དང་།
ས་མཐར་རྒས་པའི་སེམས་པ། རུས་རྐང་གི་མཆོད་མེ། གངས་ཅན་པ་སོགས་ལ་བྱ་དགའ་ཐོབ་མྱོང་། ཕྱི་ལོ་༢༠༡༠ ནས་བཟུང་གཡུང་དྲུང་བོན་གྱི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པའི་
The Means of Accomplishment of Bon in Three Hundred twenty Verses་of by Meton SherabWoeser ཐོག་ལ་དཔྱད་བསྒྱུར་(research translation) ཀྱི་ལམ་ལ་ཞུགས།
དེ་ཡང་། གཙུག་ལག་རིག་པའི་ལོ་ཙཱ་བ་ཆེན་པོ་བློ་བཟང་ནོར་བུ་ཤྭསྟྲི་མཆོག་གི་སྐུ་དྲིན་འོག གཡུང་དྲུང་བོན་གྱི་བྱང་ཆུབ་ལམ་རིམ་ཆེན་མོའི་རྩ་བ་བོད་ཡིག་ནས་དབྱིན་ཡིག་ཏུ་སྒྱུར་ཟིན་པ་མ་ཟད། རྩ་འགྲེལ་གཉིས་མ་དཔེར་དང་མཐུན་མི་མཐུན་ཕྱོགས་ལ་ཞིབ་དུ་ཉམས་ཞིབ་བྱས་ནས་ད་བར་མི་ལོ་དྲུག་ཙམ་ཕྱིན་ཡོད་ལ། ལེགས་གྲུབ་ཀྱི་དུས་བཟང་ཞིག་ལ་གངས་རིའི་ན་གཞོན་ཡོངས་ལ་བློ་གསལ་ལྡེ་མིག་ལྟར་ཕུལ་ཆོག
མ་ཟད་འདས་ཟིན་པའི་འཚོ་བའི་ཉམས་མྱོང་དང་མ་འོངས་པའི་ཁ་ཕྱོགས་གང་ལ་དམིགས་ནས་བརྗོད་ན་ཉམས་ཞིབ་དང་། སྙན་ངག ཡིག་བསྒྱུར་སོགས་ནི་ང་ཆེས་དུང་བའི་ལས་ཀ་དང་རང་ཉིད་ཀྱི་འཚོ་བ་དང་ཕུགས་བསམ་གང་གི་ཐད་ནས་འབྲལ་ཐབས་མེད་པའི་ལམ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། སྤྱི་ལོ་༢༠༡༥ ནས་བཟུང་(Tibetan Writers Abroad Pen Centre)རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིག་སློབ་རྩོམ་སྒྲིག་པའི་ལས་རོགས་བྱས་དང་བྱེད་མུས་ཡིན།
བཀའ་དྲིན་ཆེ། གངས་རིའི་སྤུན་ཟླ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཀུན་བཟང་སྒྲོལ་མ། ད་ལྟ་དབྱིན་ཡུལ་ན་ཡོད་པ་ཉེ་ཆེར་བདུད་བྷེའི་སྐོར་གྱི་སྙན་ངག་འབྲི་མཁན་དེ་ཡིན་ནམ་ཡང་ན་གཞན་པ་ཞིག་རེད།
ཡག་པོ་འདུག བཀྲ་ཤིས་བདེ་ལེགས་ཡོད།
ཀུན་བཟང་སྒྲོལ་མ་ལེགས་ཀྱི་དག་ཆ་རྣམས་ཤིན་ཏུ་ལེགས། སྙན་དངགས་ཞེས་པ་ངག་སྙན་པོ་ཙམ་མིན་པར་ཁྱད་ཆོས་གཞན་ཞིག་ཡོད་པས། སྔོན་བྱོན་བོད་ཀྱི་མཁས་པ་རྣམས་ཀྱིས་སྙན་དངགས་ཞེས་དམིགས་བསལ་གྱིས་གསུངས་ཤིང་། ཡི་གེར་བཀོད། རིགས་ཀྱི་བུ་མོ་ཁྱེད་མ་དག་རྒྱན་འབྱམས་ཀྱི་རྗེས་མི་འགྲོ་བར་བོད་མཁས་པ་རྣམས་ཀྱི་རྗེས་འབྲངས་མདོ་སྨད་པ་དགེ་དགེ་འདུན་ཆོས་འཕེལ་བཞིན་མ་འོངས་རྒྱང་གཟིགས་ཀྱི་བོད་རིགས་བུ་མོ་ལྡན་པའི་ཡིད་སྨོན་བྱེད། བརྗོད་པར་བྱ་བ་མང་ཡང་ལོང་ཡོད་པ་ཤིན་ཏུ་དཀའོ།
ཡི་རང་ཞུ། ཆོ་མེད་པའི་སྐད་ཆ་གླེང་བ་ལས་ཕྱིའི་རིག་གནས་བོད་བསྒྱུར་ལ་ལག་རྗེས་ཤིག་འཇོག་རྒྱུའི་རེ་བ་ཆེ།
རིག་བཟང་མ།
རྒྱ་བལ་རང་གི་སློབ་གྲྭ་འགྲིམ་པའི་བོད་མི་གཞོན་སྐྱེས་རྩོམ་པ་པོ་དང་། བཙན་བྱོལ་བོད་མིའི་སློག་གྲྭ་འགྲིམ་པའི་བོད་མི་གཞོན་སྐྱེས་རྩོམ་པ་པོ་དང་། བོད་ཁམས་ཀྱི་སློག་གྲྭ་འགྲིམ་པའི་བོད་མི་གཞོན་སྐྱེས་རྩོམ་པ་པོ་དང་། རྒྱ་ནག་པེ་ཅིང་གི་སློག་གྲྭ་འགྲིམ་པའི་བོད་མི་གཞོན་སྐྱེས་རྩོམ་པོ་དང་། ཉི་ཧོང་སོགས་ཤར་ཕྱོགས་ཡུལ་གྲུ་ཁག་གི་སློག་གྲྭ་འགྲིམ་པའི་བོད་མི་གཞོན་སྐྱེས་རྩོམ་པ་པོ་དང་། ནུབ་ཕྱོགས་ཡུལ་གྲུ་ཁག་གི་སློབ་གྲྭ་འགྲིམ་པའི་བོད་མི་གཞོན་སྐྱེས་རྩོམ་པ་པོ་བཅས། དེང་དུས་ཀྱི་བོད་མི་གཞོན་སྐྱེས་རྩོམ་པ་པོ་ཚོའི་རྩོམ་ཡིག་མཐོང་ཚད་ལ། ཕན་ཚུན་ཞིབ་བསྡུར་བྱས་ནས་དངོས་ཡོད་དང་དྲང་བདེན་སྨྲ་བའི་ལྗགས་རྒྱ་སུ་དང་སུ་ལ་འདུག་ལྟ་བཞིན་པའི་སྒང་ཡིན་ད། གཟབ་གཟབ་གནང་ནས་བྲིས་ན་མ་གཏོགས། །
རྒྱ་བལ་རང་གི་སློབ་གྲྭ་འགྲིམ་པའི་བོད་མི་གཞོན་སྐྱེས་རྩོམ་པ་པོ་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་འགྲིམ་པའི་བོད་མི་གཞོན་སྐྱེས་རྩོམ་པ་པོ་དང་། བོད་ཁམས་ཀྱི་སློབ་གྲྭ་འགྲིམ་པའི་བོད་མི་གཞོན་སྐྱེས་རྩོམ་པ་པོ་དང་། རྒྱ་ནག་པེ་ཅིང་གི་སློབ་གྲྭ་འགྲིམ་པའི་བོད་མི་གཞོན་སྐྱེས་རྩོམ་པོ་དང་། ཉི་ཧོང་སོགས་ཤར་ཕྱོགས་ཡུལ་གྲུ་ཁག་གི་སློབ་གྲྭ་འགྲིམ་པའི་བོད་མི་གཞོན་སྐྱེས་རྩོམ་པ་པོ་དང་། ནུབ་ཕྱོགས་ཡུལ་གྲུ་ཁག་གི་སློབ་གྲྭ་འགྲིམ་པའི་བོད་མི་གཞོན་སྐྱེས་རྩོམ་པ་པོ་བཅས། དེང་དུས་ཀྱི་བོད་མི་གཞོན་སྐྱེས་རྩོམ་པ་པོ་ཚོའི་རྩོམ་ཡིག་མཐོང་ཚད་ལ། ཕན་ཚུན་ཞིབ་བསྡུར་བྱས་ནས་དངོས་ཡོད་དང་དྲང་བདེན་སྨྲ་བའི་ལྗགས་རྒྱ་སུ་དང་སུ་ལ་འདུག་ལྟ་བཞིན་པའི་སྒང་ཡིན་ད། གཟབ་གཟབ་གནང་ནས་བྲིས་ན་མ་གཏོགས། །
རྔ་ཟ་མ་ཡག་པོ་འདུག་རྗེས་སུ་ཡི་རང་ཡོད་་་་་་མི་མཐུད་དུ་ཡིན་ད།
ད་རིང་སླར་ཡང་དགེན་ལ་དྭགས་པར་དོགས་སློང་ཞིག་བྱ།
1-སྔོན་བྱུང་མཁས་པས “སྙན་དངགས” དང་”སྙན་ངག”གཉིས་ལས་སྔ་མ་ནི་མཚན་ཉིད་དང་དབྱེ་བ། མཚན་གཞི། སྡེབ་སྦྱོར་སོགས་སྟོན་པའི་སྙན་ངག་གི་རིག་པའི་གཞུང་ལུགས་ལ་ཟེར་ཞིང་། ཕྱི་མ་ནི་ལག་ལེན་གྱི་འབྲས་བུ་གང་སྟེ། བརྗོད་བྱ་དོན་དང་ལྡན་ཞིང་རྗོད་བྱེད་ཚིག་རྒྱན་ཕུན་སུམ་ཚོགས་པའི་སྒྱུ་རྩལ་རྩོམ་ཡིག་རང་ལ་ངོས་འཛིན་མཛད་པ་ཡོངས་གྲགས་མ་རེད་དམ།
2- སྔོན་བྱུང་མཁས་པའི་རྗེས་ “འབྲངས་” དགེ་འདུན་ཆོས་འཕེལ་ཞེས་བྲིས་འདུག་པར། གལ་ཏེ་གཏགས་ནོར་ཡིན་ན་ནི་གླེང་བྱ་ལྷག་མེད། མིན་ན། སྐབས་འདིར་དངོས་པོ་བདག་ཡིན་པས། འདས་ཚིག་མི་སྦྱོར་སྟེ་ས་མཐའ་ངེས་པར་དུ་འདོར་དགོས་པ་མ་རེད་དམ།
3- མཚན་མོའི་མིང་གི་རྣམ་གྲངས་ལ། ད་ལྟའི་བར་”དགོང་མོ”འམ་”དགུང་མོ”གདམ་ངར་སྤྱོད་པ་ལས། “དགོངས་མོ”ཞེས་འབྲི་མཁན་གྱི་མཁས་པ་ཞིག་མཇལ་མ་མྱོང་བ་ང་རང་ཉིད་མཐོང་རྒྱ་ཆུང་བས་ལན་པ་ཡིན་སྲིད། དེ་ལྟར་ཆེ་གེ་མོ་སུས་བྲིས་འདུག་གམ། “དགོངས”ནི་སེམས་སམ་བསམ་པའི་ཞེ་ས་ཡིན་པས། དེ་དང་འཁྲུལ་གཞི་ལས་དགོས་པ་ཅི་བདོག་གམ།
ལན་ཡོད་པ་ཞུ།