རྫ་ཚེ་རིང་བཀྲ་ཤིས།
ན་མོ་གུ་རུ།
སྐྱེ་བའི་གོམ་པ་འཆི་བའི་ཕྱོགས་སུ་བསྒྱུར། །
འཆི་བའི་དུས་དེ་འདུན་ན་གནས་པ་བཞིན། །
སྐད་ཅིག་རེ་རེ་བཞིན་དུ་ཚུར་ཚུར་ཉེ། །
ནམ་ཡང་གམ་ན་གནས་པ་ལྟ་བུར་སྣང་། །
རྐྱེན་ནི་གློ་བུར་གློ་བུར་འབྱུང་བ་སྟེ། །
ནམ་ཙམ་འཆི་བ་སུ་ལ་ཆ་རྒྱུས་མེད། །
རླུང་གི་གསེབ་ན་གཡོ་བའི་མར་མེ་བཞིན། །
ལུས་འདི་ནམ་ཡང་འཇིག་ལ་ཉེ་བ་ལགས། །
བརྟན་པོར་བརྩིགས་པའི་མཐའ་འདི་འཇིག་འགྱུར་ཞིང་། །
སྐྱེས་པའི་མཐའ་མ་ངེས་པར་འཆི་འགྱུར་ཏེ། །
དར་ལ་བབས་པའི་ལང་ཚོའི་མེ་ཏོག་ཀྱང་། །
དུས་ཀྱི་ཁམས་སུ་རྙིང་ཞིང་ཟད་པར་ངེས། །
མང་པོ་ཞིག་གིས་མི་ཚེའི་བདེ་སྐྱིད་འཚོལ། །
བདེ་བའི་མཐའ་མ་སྡུག་བསྔལ་སད་ཀྱིས་བཅོམ། །
འབད་པའི་ལས་ཀྱི་འབྲས་བུ་རེ་རེ་བཞིན། །
རྨི་ལམ་སད་པ་བཞིན་དུ་གམ་ནས་ཡལ། །
ས་ཡོམ་ཆུ་ལོག་འཇིགས་སྐུལ་དྲག་སྤྱོད་སོགས། །
འདི་ན་ཉིན་རེ་ལས་ཀྱང་སྟོབས་སུ་གྱུར། །
ཐུན་མོང་རང་བྱུང་སྣོད་ཀྱི་སྐྱེད་མ་ཡང་། །
དེ་རིང་ལས་ཀྱི་སྲིན་མོ་ལྟ་བུར་སྣང་། །
དགོང་མོ་མལ་དུ་བདེ་བར་ཉལ་བ་ཡང་། །
ཞོགས་པ་ཁང་བརྩེགས་ཞིག་པའི་བར་དུ་བཙིར། །
དབུགས་ཀྱི་རྒྱུ་བ་ཕྲ་མོའི་དབྱངས་འགྲོས་ཀྱིས། །
ཉམ་ཆུང་མི་ཡི་ཚེ་སྲོག་གདངས་སུ་འགུག །
འདི་སྣང་ཚོགས་དྲུག་ཡུལ་གྱི་རི་མོ་ཀུན། །
མི་རྟག་གསལ་པོར་སྟོན་པའི་སློབ་དཔོན་ཏེ། །
སྔོན་གྱི་དམ་པ་དག་གིས་གང་གསུངས་པའི། །
ཐར་པའི་ལམ་ལ་བདག་བློ་འཇུག་པར་ཤོག །
(༢༠༡༦/༤/༡༩)འཇར་པན་ས་ཡོམ་གནོད་ཐེབས་ཀྱི་པར་འགའ་མཐོང་བའི་རྐྱེན་གྱིས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྐྱོ་ཤས་ཀྱི་བློ་ཅུང་ཟད་བཅས་འཕྲལ་བྲིས།
འདི་དིང་དུས་ཀྱི་དོ་ཧ་རེད། འོནད་ཀྱང་། སྔོན་མ་ངས་ཁྱེད་ལ་ད་རྒོལ་བ་ཡང་བྱུང་ཡོད་སྙམ། ད་མི་དྲན།
ང་མི་སྨྱོན་པ་ཅིག་ཡིན། དེས་ན་ཁྱེད་ཅག་ང་ལ་ཆིད་ཆེས་མ་བྱེད་ཅིག
མི་ཡིའི་མི་ཚེ་ཚེ་ཡིའི་ཁྲལ་ཡིན་ཏེ་།
ཁྲལ་པ་འཆི་བདག་དྲུང་དུ་མ་སླེབ་བར་།
སྐྱིད་དུས་རིང་དུ་གཏོང་རྒྱུ་མེད་ན་ཡང་།
སྡུག་དུས་ཐུང་དུ་གཏོང་རྒྱུ་གང་ན་ཡོད་།
ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་གསུང་ལས་བཏུས་།
འཆི་དུས་ངེས་པ་མེད་ན་ཡང་། །
འཆི་བ་ངེས་པ་ཉིད་དུ་གྲུབ། །
འཆི་རྐྱེན་ངེས་པ་མེད་ན་ཡང་། །
འཆི་རྐྱེན་འབྱུང་བ་ངེས་པ་ཉིད། །
སྐྱེ་འཆི་ཉི་མ་འཆར་ནུབ་འདྲ། །
ལུགས་འདི་དོན་གྱིས་རྟོགས་གྱུར་ན། །
འཚོ་དུས་འཆི་བར་སྐྲག་དོན་མེད། །
འཆི་དུས་འཚོ་བར་ཞེན་དོན་མེད། །
རྐྱེན་ཆགས་ནི་ངེས་མེད་ཡིན་ནོ། སྐྱེ་འཆི་ནི་གཞན་དབང་ཡིན་ནོ་།། ངེས་འབྱུང་བློ་བུར་བ་དེ་ནི་།། རྫ་ཚེ་བཀྲ་རྟོགས་མགུར་བླངས་སོ།། རང་ལ་ནི་ཆབ་སྲིད་ལྟ་གྲུབ། །གླེང་རྒྱུ་ནི་རྫོགས་ཆེན་ངོམས་འཆོས། །མུན་སེལ་གྱི་སློབ་བུ་ཡིན་ཟེར། །རྫ་ཚེ་བཀྲ་སྤྲོ་འཆམས་ལ་ལྟོས་དང་།།མཁན་ཆེན་དང་རྫོགས་ཆེན་གྱི་བུ་སློབ།།སྦྲོ་སྡུག་ན་སྦྲོ་ལུང་བཟང་ན་ི་རེད།།རྫ་ཚེ་བཀྲ་ཆབ་སྲིད་རྒྱང་དུ་བོོར།།བསྟན་འགྲོ་ལ་ཕན་པར་རེ་ཞུ་ཐལ།།
སྐྱེ་བའི་གོམ་པ་འཆི་བའི་ཕྱོགས་སུ་འགྲོ་།
འཆི་བའི་གོམ་པ་སྐྱེ་བའི་ཕྱོགས་སུ་འགྲོ་།
སྐྱེ་འཆི་གཉིས་ཀ་འཇིག་རྟེན་འཁོར་བ་རེད་།
འཁོར་བ་མ་སྟོང་བར་དུ་འཁོར་ནས་འགྲོ་།
བཅོས་མིན་འཆི་བ་བསམ་པའི་བློ་ཡོད་ན།
དགོང་མོ་ཞེས་པ་མ་དག་འདུག་སྙམ་སྟེ།
སྔོན་བྱོན་བོད་ཀྱི་མཁས་པས་དགོངས་མོ་ཞེས།
སྐད་ཀྱི་རྗེས་སུ་འབྲང་ནུས་མཁས་པ་ཡིན།།
སྐྱེས་རྒས་ན་འཆི་འཇིག་རྟེན་སྲིད་པའི་ལུགས་།
སྐྱེས་རྒས་ན་འཆི་འཁོར་བའི་ཆོས་ཉིད་རེད་།’
སྐྱེས་པ་ཐམས་བཅས་འཆི་བ་རེད་།
འཆི་བ་ཐམས་བཅས་སྐྱེས་པ་རེད་།
སྐྱེ་འཆི་སེམས་ལ་ཟན་ན་ཆོས་པ་མིན་།
སྐྱེ་འཆི་ངེས་པ་མེད་པའི་འཁོར་བ་ན།། སྐྱེ་འཆི་དོན་ལ་གནས་པ་མཐོང་ཆོས་ཡིན།། སྐྱེ་འཆི་རང་དབང་མི་ཐོབ་ང་འདྲ་པོ།། སྐྱེ་འཆི་གནས་ལ་མི་འཇིགས་ཡ་མཚན་རེད།།
ཡུལ་ལུང་པ་སྟོབས་འབྱོར་ཆེན་པོ་ཟེར་བ་དེ་ནམ་ཡིན་ཡང་སྐྱིད་པོ་རེད། ཉི་ཧོང་དང་ཐའེ་ཝན་ལྟ་བུར་འབྱུང་བའི་འཇིགས་པ་ཕྲན་བུ་རེ་བྱུང་ན་ཡང་གདུང་གླུང་དང་སྐྱོ་མགུར་ཆར་བ་འབབ་འབབ་རེད། ཧྥ་རན་སི་ལྟ་བུ་ཡོ་རུབ་ཀྱི་ཡུལ་ལ་རྐྱེན་ངན་ཞིག་བྱུང་ན་དེ་མ་ཐག་ཏུ་རང་རང་ལ་རྐྱེན་ངན་དེ་བྱུང་བ་ལྟ་བུར་སེམས་འཚབ་བྱེད། གདུང་སེམས་མཉམ་སྐྱེད་བྱེད་མཁན་མང་པོ་རེད། ཧྥེ་གླིང་སོགས་སུ་མུ་གེ་དང་ནད་ཡམ་གྱིས་མི་སྲོག་གྲངས་ལས་འདས་པ་ཉི་མ་རེ་རེ་བཞིན་དུ་ཤོར་གྱིན་ཡོད་པ་དང་། ཨེ་ཤེ་ཡའི་ཡུལ་མང་པོར་ཡང་དབུལ་ཕོངས་དང་། དམངས་ཁྲོད་གདུག་རྩུབ་གྱིས་འཇིགས་པས་སྐྱེ་བོ་གྲངས་ལས་འདས་པ་མནར་བཞིན་པ་དང་། དབུས་ཤར་ཡུལ་སོགས་ལ་ཕལ་ཆེར་ཉིན་རེ་བཞིན་དུ་འཇིགས་སྐུལ་བའི་འཇིགས་པ་དང་། དམག་འཁྲུགས་ཀྱི་འཇིགས་པས་མི་སྲོག་བརྒྱ་ཕྲག་མང་པོ་ཤོར་གི་ཡོད་ན་ཡང་གདུང་སེམས་མཉམ་སྐྱེད་བྱེད་མཁན་མེད་པའི་སྟེང་ལ་ཕལ་མོ་ཆེའི་རྗེས་སུ་ཡི་རང་ཡང་བྱེད་ཀྱིན་ཡོད་པ་ལྟ་བུར་མཐོང་། སྤྱིར་མི་ཟེར་བ་དེ་དྲང་པོ་མ་རེད། དེ་སྐྱོ་བོ་རེད། རྩོམ་པ་པོ་འདི་སྒེར་ལ་ཞུས་པ་ནི་གང་ཡང་མིན།
ད་རིང་སླར་ཡང་དགེན་ལ་དྭགས་པར་དོགས་སློང་ཞིག་བྱ།
1-སྔོན་བྱུང་མཁས་པས “སྙན་དངགས” དང་”སྙན་ངག”གཉིས་ལས་སྔ་མ་ནི་མཚན་ཉིད་དང་དབྱེ་བ། མཚན་གཞི། སྡེབ་སྦྱོར་སོགས་སྟོན་པའི་སྙན་ངག་གི་རིག་པའི་གཞུང་ལུགས་ལ་ཟེར་ཞིང་། ཕྱི་མ་ནི་ལག་ལེན་གྱི་འབྲས་བུ་གང་སྟེ། བརྗོད་བྱ་དོན་དང་ལྡན་ཞིང་རྗོད་བྱེད་ཚིག་རྒྱན་ཕུན་སུམ་ཚོགས་པའི་སྒྱུ་རྩལ་རྩོམ་ཡིག་རང་ལ་ངོས་འཛིན་མཛད་པ་ཡོངས་གྲགས་མ་རེད་དམ།
2- སྔོན་བྱུང་མཁས་པའི་རྗེས་ “འབྲངས་” དགེ་འདུན་ཆོས་འཕེལ་ཞེས་བྲིས་འདུག་པར། གལ་ཏེ་གཏགས་ནོར་ཡིན་ན་ནི་གླེང་བྱ་ལྷག་མེད། མིན་ན། སྐབས་འདིར་དངོས་པོ་བདག་ཡིན་པས། འདས་ཚིག་མི་སྦྱོར་སྟེ་ས་མཐའ་ངེས་པར་དུ་འདོར་དགོས་པ་མ་རེད་དམ།
3- མཚན་མོའི་མིང་གི་རྣམ་གྲངས་ལ། ད་ལྟའི་བར་”དགོང་མོ”འམ་”དགུང་མོ”གདམ་ངར་སྤྱོད་པ་ལས། “དགོངས་མོ”ཞེས་འབྲི་མཁན་གྱི་མཁས་པ་ཞིག་མཇལ་མ་མྱོང་བ་ང་རང་ཉིད་མཐོང་རྒྱ་ཆུང་བས་ལན་པ་ཡིན་སྲིད། དེ་ལྟར་ཆེ་གེ་མོ་སུས་བྲིས་འདུག་གམ། “དགོངས”ནི་སེམས་སམ་བསམ་པའི་ཞེ་ས་ཡིན་པས། དེ་དང་འཁྲུལ་གཞི་ལས་དགོས་པ་ཅི་བདོག་གམ།
ལན་ཡོད་པ་ཞུ།
ལོ་ཡག་ལེགས་སུ།
དག་ཡིག་ཟ་མ་ཏོག་ཏུ།
་
་དགོངས་པ་དང་ཕྱི་དྲོའི་དགོངས།
་
ཞེས་དང་། དེ་བཞིན་དུ། ངག་སྒྲོན་དུ།
་
དགོངས་མོ་གཟོང་དགྲམ་མེ་ཏོག་དགྲམ།
ཞེས་སོགས་ཡིག་གེའི་་དག་ཆ་རྣམས་བནྡེ་ཡེ་ཤེས་དང་། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུ་ཡི་རྒྱལ་མཚན། རིན་ཆེན་བཟང་པོ་སོགས་ཀྱིས་སྔོན་བྱོན་བོད་ཀྱི་མཁས་པ་རྣམས་ཀྱིས་བཀོལ་པ་དེ་རྣམས་ཀྱིས་བསྒྱུར་པའི་བཀའ་བསྟན་གྱི་དཔེ་ཆ་དག་དང་་རང་བརྩམས་ཀྱི་དཔེ་ཆ་རྣམས་ལས་བཏུས་ཏེ། ཞ་ལུ་ལོ་ཙ་པ་དང་། དཔལ་ཁང་ལོ་ཙ་པས་བདག་ཅག་ལ་བསྟན་པ་ཡིན། རང་ཅག་བོད་ཡིག་འབྲི་བ་པོ་རྣམས་ཕལ་སྐད་གཙོ་ཆེ་བར་མ་འཛིན་པར་དག་ཡིག་དེ་དག་ཉམས་ལེན་བྱེད་དགོས་སོ་སྙམ་མོ།
་
སྐ་ཅོག་ཞང་སོགས་མཁས་མང་གི
་
འདི་ན་ཞང་ཞེས་པ་བེ་རོ་ཙ་ན་གོ་དགོས་ཏེ། ་ལོ་ཙ་པ་བློ་ལྡན་ཤེས་རབ་ཀྱིས།
་
བེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ།
སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ།
རིན་ཆེན་བཟང་པོ་མཐོ་རངས་སྐར་ཆེན་འདྲ།
ཁོ་བོ་ཅག་ནི་སྲིན་འབུ་མེ་འ༏ཁྱེར་བཞིན།།
་
ཞེས་གསུངས་པ་ལྟར་རོ། དི་རིང་འདི་ཙམ་ཡིན། ལས་འབྲེལ་ཤིན་ཏུ་ཆེ། ལོང་འབྱུང་དུས། གཞན་དག་ལ་ལན་རྒྱབ་པར་འབད་ངེས། ཡིག་ནོར་དག་ལ་ཞུས་དག་མཛོད།
“2- སྔོན་བྱུང་མཁས་པའི་རྗེས་ “འབྲངས་” དགེ་འདུན་ཆོས་འཕེལ་ཞེས་བྲིས་འདུག་པར། གལ་ཏེ་གཏགས་ནོར་ཡིན་ན་ནི་གླེང་བྱ་ལྷག་མེད། མིན་ན། སྐབས་འདིར་དངོས་པོ་བདག་ཡིན་པས། འདས་ཚིག་མི་སྦྱོར་སྟེ་ས་མཐའ་ངེས་པར་དུ་འདོར་དགོས་པ་མ་རེད་དམ།”
བདག་པ་གཞན་རྠི་ཚུལ་འདི་བོད་ཀྱི་བརྡ་སྤྲོད་སྦྱོང་བ་པོ་རྣམས་འཐོམ་པར་བྱེད་པའི་གནས་སུ་མཐོང་། དེས་ན། བྱ་ཚིག་གང་ཡིན། ཡུལ་ཡོད་དང་། ཡུལ་མེད་བྱ་ཚིག་གཉིས་སུ་འདོད། དཔེར་ན། སྒྲུབ་དང་། འགྲུབ་ཅེས་པ་ལྟ་བུ། ཁྱོད་ཀྱིས་གསེར་སྒྲུབ། བསྒྲུབས། བསྒྲུབ། སྒྲུབས། རིམ་བཞིན། ད་ལྟ་འདས་མ་འོངས་སྐུལ་ཚིག་གོ།
ཁྱོད་ལ་གསེར་འགྲུབ། གྲུབ། འགྲུབ། འདི་ལ་སྐུལ་ཚིག་མེད། ཁྱོད་ཀྱིས་གསེར་བསྒྲུབས། ཞེས་པར་ཁྱོད་བྱེད་པ་པོ་བདག་དང་། ཁྱོད་ཀྱིས་གསེར་བསྒྲུབ་པར་བྱ། གསེར་བྱ་བའི་ཡུལ་གཞན་ཡིན། དེ་བཞིནདུ། ཡུལ་ཡོད་བྱ་ཚིག འབྲང། འབྲངས། འབྲང་། འབྲོངས། ཞེས་པ་ཡོད་པར་ལེགས་པར་སྦྱང་བར་བྱའོ། འདི་ཉིད་ལེགས་པར་རྟོགས་ཐུབ་ཚེ། སྔོན་བྱུང་མཁས་པའི་རྗེས་ “འབྲངས་” ཞེས་པ་ངེས་ཐུབ་བོ།
སྔོན་གྱི་མཁས་པ་རྣམས་ཀྱི་དཔེ་ཆ་རྣམས་ན། སྙན་དངགས་ཞེས་པ་ཤ་སྟག་ཏུ་མཐོང་ངོ།་དཔེར་ན། རྗེ་ཙོང་ཁ་པས་མཛད་པའི་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་ལ་གཟིགས་ཤིག།
ལུང་ཁུངས་བརྡ་གཞུང་གཉི་ག་ཚད་ལྡན་རེད། ཁས་ལེན། ཐོས་པའི་གསོས་སུ་སྨིན། ཐུགས་རྗེ་ཆེ། ད་འོ་ན་དེ་ལྟར “་དགོངས་མོ” ཡོངས་གཅོད་ལ་གྲུབ་ཚེ་ “དགུང་མོ” དང་ “དགོང་མོ” རྣམ་བཅད་ལ་ཁེགས་དགོས་པའི་རྒྱུ་མཚན་ཅི་ཡོད། དཔེར་ན། “དངངས་སྐྲག” དག་པར་ཁས་བླངས་ཀྱང་ “སྔངས་སྐྲག” མ་དག་པར་ཛི་ལྟར་འགྱུར། ཨམ་ཅོག་གཅིག་པུར་ཆ་མཚོན་ན། ཨམ་མཆོག ཨ་མཆོག ཨ་ཅོག རྣ་མཆོག རྣ་ཅོག ཨ་ཆོག་སོགས་འབྲི་ལུགས་སྣ་མང་རེད། དེ་བཞིན། རག་ལས། རེག་ལས། རེག་ལུས། རག་ལུས་སོགས་ཀྱང་འདྲ་སྟེ། སྔོན་གྱི་མཁས་ཆེན་རྣམས་དགོངས་གཅིག་མགྲིན་གཅིག་ཡིན་ན་ནི་ད་ལྟའི་ཆར་འདི་འདྲ་བྱུང་ཞིང་འབྱུང་དོན་མེད།
“རྗེས་འབྲང” གི་སྐབས་འདིར། ཕྲན་ལ་དེ་སྔའི་དཱལ་ཁང་(Dal House)གི་བོད་དགེ་ཞིག་གིས་གླེང་བའི་སྐད་ཆ་དྲན། ཁོང་ན་རེ། ཝར་ན་ནས་ཐོན་པའི་བོད་དགེ་ཚོར་བོད་ཡིག་གི་བྱང་ཆ་མི་འདུག རྙོག་གླེང་ཞིག་དང་འཕྲད་ཚེ་ལམ་སེང་སཾསྐྲིཏ་ཐབས་ཆག་ཅིག་ཤེས་པ་དེ་སྤྱད་ནས་ཁ་འགོག་ཐབས་བྱས་ཡོང་ཟེར། དགེན་རང་ཉིད་རང་རེའི་མཁས་པ་སྔོན་མ་ཚོ་ཞེས་ཡང་ཡང་བགྲང་མཁན་ཞིག་ཡིན་བཞིན་དུ། བར་འདི་ནས་སྐད་ཡིག་གཞན་དུ་མཆོངས་དོན་ཅི་ཡིན། ཁྱེད་ཀྱིས་ “འབྲངས” ཡུལ་མེད་བྱ་ཚིག་ཏུ་བྱས་ཏེ་བདག་གཞན་མི་བརྩི་ན། “འཐོམ” ཡུལ་ཡོད་མེད་གཉིས་ལས་གང་རེད། ཁྱེད་ཀྱི་ལུགས་ལྟར་ན་ཡུལ་མེད་ཡིན་པས་བདག་གཞན་གྱི་ཁྱབ་ཁོངས་ནས་ཕུད་དགོས་ཀྱང་། མ་ཕུད་པར་དེ་མ་ཐག་” སྦྱོང་པ་པོ་རྣམས ‘འཐོམ་བྱེད’ ཅིག” ཡིན། ཞེས་ཐོན་སོང་། ཧ་ཧ་ཧ། འདི་ལ་བདག་གི་སྒྲ “བྱེད” ཚིག་སྦྱར་བ་ཁས་བླངས་དང་མ་འགལ་ལམ། ཁྱེད་ཀྱི་ “སྔོན་གྱི་མཁས་པའི་རྗེས་འབྲངས་དགེ་འདུན་ཆོས་འཕེལ ” ཞེས་པའི་ཚིག་འདི་རྒྱས་པར་ཕྲལ་ན། སྔོན་གྱི་མཁས་པའི་རྗེས་སུ་འབྲང་པ་པོ་དགེ་འདུན་ཆོས་འཕེལ། ཞེས་པའི་དོན་མ་ཡིན་ནམ། དགེན་ལགས་ལ་ནི་ “འབྲངས་པ་པོ” ཞེས་བྲི་རྒྱུར་ཐེ་ཙོམ་མེད་པ་འདྲ་སྟེ། རང་ཉིད་ཕྱོགས་འདི་ལ་འཐོམས་སོང་བའི་འབྲས་རྟགས་རེད། ལར་ནས་འདི་ཧ་ཅང་ལས་སླ་བས། གླེང་རན་མི་འདུག དགེན་ལགས།
རྗེ་ཙོང་ཁ་བའི་༼གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་༽ལ་དོ་སྣང་མ་བྱུང་བས་དགེན་ལགས་བདེན་ངེས། རྗེས་སོར་སྟབས་ཀ་ནམ་འགྲིག་ལ་བལྟ། འོན་ཀྱང་། དེ་ཙམ་གྱིས་སྙན་ཚིག་དམ་དུམ་ཡན་ཆད་ལ་ “སྙན་དངགས” ཞེས་བརྗོད་རུང་མིན་བརྟག་བྱ་ཡིན། དགོངས་གཞི་འཚོལ་དགོས།
ཁྱེད་ཀྱིས “ལས་འབྲེལ” ཡོད་ཅེས་པ་གཏགས་ནོར་ཏེ་ “ལས་བྲེལ” ཡིན་རྒྱུ་རེད། མིན་ན་ནི། ང་བྲོས་ན་ལེགས་ཏེ། ཁྱེད་ཀྱི་རྩོད་ཟླར་ལང་བའི་ལས་འབྲེལ་ག་ལ་ཡོད། ཨ་ལ། ཀུ་རེ།
དགེན་ལགས་ཀྱིས་ངལ་བར་མ་འཛེམས་པར་ལན་བཏབ་པ་ལ་ཐུགས་རྗེ་ཆེ་ཞུ།
ོ
ྶསྐ་ཅོག་ཞང་གསུམ་བརྩི་དུས། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་ཞེས་འབྱུང་ལ། ཕྲན་གྱིས་བཻ་རོ་ཙ་ནའི་རྣམ་ཐར་ན། “བོད་སྐད་ལ་བསྒྱུར་ཏེ། མཚན་ལ་ཡེ་ཤེས་སྡེ་ཞེས་བཀོད” (ཚིག་ཇི་མ་ཇི་བཞིན་ཡིན་དཀའ)ཅེས་པ་ཞིག་མཇལ་བས། བོད་འགྱུར་མང་པོའི་མཇུག་བྱང་དུ། ཡེ་ཤེས་སྡེ་ཞེས་པ་མཇལ་དུས། བཻ་རོ་ཙ་ནའི་འགྱུར་ལ་ངོས་འཛིན་བྱེད་མུས་ཡིན། འོན་ཀྱང་ བཻ་རོ་མ་ཡིན་པའི་ཡེ་ཤེས་སྡེ་འབོད་པ་གཞན་ཞིག་ཀྱང་ཡོད་ཡོད་འདྲ་བས། བརྟག་བྱར་ལྷག་ཡོད་མོད།
དགེན་ལ་དྭགས་པ་ལགས་ཀྱིས།
འདི་ན་ཞང་ཞེས་པ་བེ་རོ་ཙ་ན་གོ་དགོས་ཏེ། ་ལོ་ཙ་པ་བློ་ལྡན་ཤེས་རབ་ཀྱིས།
་
བེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ།
སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ།
རིན་ཆེན་བཟང་པོ་མཐོ་རངས་སྐར་ཆེན་འདྲ།
ཁོ་བོ་ཅག་ནི་སྲིན་འབུ་མེ་འ༏ཁྱེར་བཞིན།།
་
ཞེས་གསུངས་པ་ལྟར་རོ། ཞེས་གསུངས་པ་འདིས་དེ་བས་ཀྱང་ངེས་ཤེས་ཆེ་བར་བྱུང་།
མཁས་དབང་བརྩོན་པའི་མཆོག་གྱུར་དུ་དཀར་བློ་བཟང་འཕྲིན་ལས་ཀྱིས་རང་གི་ཚིག་མཛོད་ཆེན་མོ་ན། འདི་ལྟར་གསུངས་ཏེ། མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་བྲིས། སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས།
སྔོན་མར་བདག་གིས་ཞང་ཞེས་པ་ཡུལ་ཞིག་ཡིན་ནམ་སྙམ་དེ་ནོར། ལ་དྭགས་ལ་ད་ལྟར་ཡང་རང་རང་གི་མའི་མིང་པོ་ལ་ཨ་ཞང་ཞེས་འབོད། དེས་ཞང་ཞེས་པ་གུས་བཀུར་ཚུལ་གྱིས་ཞང་ཡེ་ཤེས་སྡེ་ཞེས་འབོད་པ་བྱུང་།
་ལོ་ཡག་ལེགས་ཀྱིས་འགྲེང་བུ་གཉིས་བརྩེགས་ཇི་ལྟར་བཟོ་བའི་སྟབས་ཡི་གེར་འགོད་པར་མཛོད།
བདག་ལ་མཁོ་བ་ཞིག་ཡིན།
དཔེར་ན། “དངངས་སྐྲག” དག་པར་ཁས་བླངས་ཀྱང་ “སྔངས་སྐྲག” མ་དག་པར་ཛི་ལྟར་འགྱུར། སྔོན་འཇུག་ད་ཡིག་དེ། ར་དང་ལ་དང་ས་རུ་འབོད་པས་དེ་ལྟར་ནོར་བ་ཤིན་ཏུ་མང་། དཔེར་ན། སྐྱེ་དགུ་ལ་སྐྱེ་རྒུ་དང་། ཆུའི་དབུ་བ་ལ་ཆུའི་ལྦུ་བ་དང་། དམིགས་རྒྱུ་ལ་སྨིག་རྒྱུ། སོགས་སོ།
ལྕོགས་ནས་མཆོག་སྒྲ་མཚུངས་ཀྱིས་ནོར་བ་དང་། དར་ལྕོགས་ཀྱི་ཚིག་དོན་ཤེས་ན། རྣ་ལྕོགས་ཀྱི་དོན་ཤེས་སླ།
སང་ཉིན་ནས་བཟུང་ཟླ་གསུམ་རིང་དབྱར་གྱི་བར་མཚམས་སུ་ཡུལ་གཞན་སོ་སོར་སྐྱོད་དགོས་པས། ལྷན་རྒྱས་རྣམས་དང་རྩོད་པ་སྐབས་ཐོབ་ལ་རག་ལས་སོ།
“ལོ་ཡག་ལེགས་ཀྱིས་འགྲེང་བུ་གཉིས་བརྩེགས་ཇི་ལྟར་བཟོ་བའི་སྟབས་ཡི་གེར་འགོད་པར་མཛོད།”
ཞེས་པའི་ལན་ཨེ། དེ་ནི་ལས་སླ་ཤོས་གཅིག་པུ་དེ་རེད། གུས་པས་སཾསྐྲི་ཏ་རྩ་ནས་སྦྱངས་མ་མྱོང་། དེ་རེད། བཻ་རོ་ཙ་ནའི “བཻ་” དབྱངས་རིང་ཆ་ཅན་དུ་བྱས་པ་ནི། དེ་སྔ་ མིག་བྱང་ལ་སོང་པ་དབང་བཙན་དུ་བཅུག་པ་ཙམ་ཡིན། གཞན་རྒྱུ་མཚན་ཞུ་རྒྱུ་ཅང་མེད་ལགས།
ཡི་གེའ་གཞོང་པ་འདྲ་བ། wylie དང་ Otani ཞེས་གཉིས་ཡོད་པ་ལས། གཉིས་པ་དེ་ལེན་དགོས་པ་འདུག་པས་ཤེས་པ་ལགས་སོ། སཾསྐྲི་ཏ། ཞེས་པར་ཀི་གུ་མི་འདྲ་བ་དགོས་སོ།
མཁས་དབང་དགེན་ལ་དྭགས་པའི་ཚིག་གི་སྡེབ་སྦྱོར་ལ་ཁས་ལེན་དང་དགའ་མོས་ནམ་ཡང་མེད། གཞན་རྣམས་ཡི་རང་གི་གནས་སོ། བཀའ་དྲིན་ཆེ།