བོད་ཨ་མདོ་ནསལྷ་མོ་སྒྲོལ་མས 2008-11-13 ཉིན
ཉི་མ་སེར་བོ་ལུས་ལ་ཤར་ན་ཡང༌།།
བུ་མོ་ང་རང་རྒྱུན་ལྟར་མལ་ན་ལུས།།
ཆུ་ཚོད་དགུ་དང་ཕྱེད་ཀ་ཡས་མས་སུ།།
འཐད་མི་འཐད་ཀྱི་སྒོ་ནས་མལ་ལས་ལངས།
ནང་གོས་ལུས་ལ་གཡོགས་ཙམ་བྱས་ནས་སུ།།
བརྙན་འཕྲིན་སྒོ་ཕྱེ་རང་ཉིད་ཆེས་དགའ་བའི།།
འོད་སྡེར་དེ་ཉིད་ནང་དུ་བཞག་པ་དང༌།།
ང་ཚོ་མཉམ་དུ་ཡོད་ཞེས་དལ་གྱིས་གྲགས།།
ཁ་ལག་བཀྲུས་ཅིང་ཟ་མ་ཟོས་རྗེས་སུ།།
རང་ཉིད་གོམས་ལོབས་སོང་བའི་ས་ཕྱོགས་དེར།།
དཔེ་ཆ་ལག་ཏུ་བཟུང་ནས་དལ་གྱིས་བསྐྱོད།།
དགོན་པའི་གཡས་ཕྱོགས་སྒུར་མགོ་ཐོན་པ་ན།
།གྲུབ་འབྲས་ཡག་པོ་མེད་པས་སྐྱོ་རབས་གླེང༌།།
བོད་པའི་མགོ་ལ་ཆག་འཇིགས་ཐོན་རབས་ཟེར།།
དེ་ནས་ཡུན་གྱིས་མདུན་དུ་སོང་བ་ན།།
བོད་ཡིག་སློབ་འབྲིང་སྒོ་ཁའི་གཡས་གཡོན་དུ།།
རྒྱ་བོད་སྐད་ཆ་འདྲེས་མའི་གླེང་མོལ་ཞིག།
ཐོས་འཛིན་རྣ་བའི་ནང་དུ་ག་ལེར་ལྷུང༌།།
ཕ་ལོ་མ་ལོ་རྨོངས་དད་ཆེ་རབས་གླེང༌།།
ཕུ་བོ་ཨ་ཅེ་གླེན་རྟགས་མོད་རབས་བརྗོད།།
ནུ་བོ་ནུ་མོ་གོ་རྒྱུ་མེད་རབས་བཤད།།
མགོ་བོ་གནམ་དུ་འཁོར་ནས་སྡུག་རབས་སྨྲ།།
དེ་ནས་ཆུ་བོའི་ཕ་རོལ་སོང་བ་ན།།
མགོ་དཀར་རྒན་པོ་འགའ་ཡི་གླེང་མོལ་ཐོས།།
རྒྱ་བོད་གྲོས་མོལ་བརྒྱད་པ་ཚོགས་རབས་བཤད།།
སྟོབས་དར་འདང་རྒྱག་མེད་པའི་གྲྭ་གཞོན་འགའི།།
རྒྱ་ནག་འདི་ལ་གནས་ལུགས་མེད་རབས་དང༌།།
མི་རིགས་དོན་དུ་རང་སྲོག་གཏོང་དགོས་ཟེར།
དེ་ནས་མདུན་རིའི་ནགས་འདབ་སླེབས་པ་ན།།
ཤེལ་མིག་དཀར་ནག་གྱོན་པའི་ལས་བྱེད་འགའི།།
རང་བཙན་ཐོབ་ན་དགེ་མཚན་མེད་པ་དང༌།།
ཁ་རོག་བསྡད་ན་སྐྱིད་རབས་བདེ་རབས་གླེང༌།།
དེ་ནས་ང་རང་ནགས་ཀྱི་དཀྱིལ་ལ་སོང༌།།
མི་གཞན་མེད་པའི་གནས་ནས་ས་ལ་བསྡད།།
རྒྱབ་ལ་ཉལ་ནས་ནམ་མཁའི་དབྱིངས་ལ་བལྟས།།
སྤྲིན་དཀར་ཁྱུ་ཚོགས་ནུབ་ཏུ་བཞུད་པ་མཐོང༌།།
ཡིད་སེམས་སྐྱོ་བའི་སྡུག་བསྔལ་རླུང་ལ་བསྐུར།།
དྲན་གདུང་སེམས་པ་སྔོན་མོ་སྤང་ལ་སྦྱར།།
མིག་ཆུའི་ཐིགས་པ་མདུན་གྱི་ཆུ་ལ་འདྲེས།།
གཙང་བོའི་རྦ་རླབས་དྲག་ཏུ་མཁའ་ལ་འཕྱོ།།
ཞི་མོ་ལོ་ལོ་དེ་ལྟར་བཤད་ན་ངོ་མ་སེམས་པ་སྐྱོ་བ་ཞིག
ཞི་མོ་ཁྱོད་ཀྱི་རྩོམ་ཡིག་འདི་ལ་རྡོ་རྗེ་གཅོད་པའི་རིན་ཐང་འདུག
རྒན་རྒོན་འདི་ཚོརཁག་ཅིག་ཅི་ཡོད་ལང་ཚོའི་ཉི་མ་ནུབ་རིར་ཕྱོགས།
མ་ཤི་སྔོན་དུ་ཡིད་བཞིན་ནོར་བུར་ལན་གཅིག་མཇལ་ན་ལོས་ཀྱང་འདོད།
གྲྭ་བརྒྱགས་དག་ལ་ཁག་ཅིག་ཆེ་ཡོད་དགོན་པ་ཞིག་ནས་བསྡད་ན་ཡང་།
བཙོན་ཁང་བཞིན་དུ་ཟླ་བ་རེ་རེར་ཆབ་སྲིད་སློབ་སྦྱོང་བཙན་གྱིས་འགེལ།
ལས་བྱེད་དེ་ཚོརཁག་ཅིག་མེད་ཀི་ལས་ཁུངས་ནང་ནས་ཉལ་བསྡད་ཀྱང་།
མི་དམངས་ཁྲག་སྒོར་སྟོང་ཕྲག་འགའ་རེ་ཨ་ཞང་ཚང་གིས་ཆད་མེད་སྟེར།
ཞི་མོ་ཁྱོསཀྱང་གཞན་པ་དག་གིས་ཅི་བཤད་གཅིག་བུར་མ་ཉན་པར།
ཡར་ལ་ལོངས་དང་མོ་ལོ་ཉི་ཤུ་གསེར་སྲང་སྟོང་གིས་ག་ལ་ཁུག
སློབ་སྦྱོང་ཕྱོགས་ལ་ཧུར་ཐག་བྱོས་དང་རྩོམ་གྱི་བག་ཆགས་ཁྱོད་ལ་འདུག
བླ་རྒན་ངས་ཀྱང་གོ་ལའི་རྒྱབ་ནས་གོ་མིན་གང་ལྟར་སྨོན་ལམ་འདེབ།