སྐྱོ་བྲག་དགའ་དབང་།
ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ། འདི་གྱིས་དང་། འདི་མ་བྱེད། ཟེར་ནས། ལམ་སྟོན་གནང་མཁན་གྱི་སྐྱ་སེར་རྒས་གཞོན་ནི་ཧ་ཅང་གི་མང་པོ་རེད་ལ། ལམ་སྟོན་ལ་བརྩི་འཇོག་བྱ་མཁན་གྱི་སྐྱ་སེར་ཕོ་མོ་ཡང་ཆེས་མང་པོ་རེད། ཡིན་ནའང་། འདི་གྱིས་དང་། འདི་མ་བྱེད། ཟེར་བའི་ལམ་སྟོན་རྐྱང་པས་སྤྱི་ཚོགས་ཡར་རྒྱས་ལ་ཕན་ཐོགས་དམིགས་བསལ་བ་ཞིག་ཡོང་གི་མེད་པ་ནི། ང་ཚོའི་ལོ་མང་གི་གནས་ཚུལ་གྱིས་ཤེས་པ་ཡིན།
ང་ཚོ་ཡང་འཛམ་བུའི་གླིང་པ་སྤྱི་མཚུངས་ཀྱི་ཡར་རྒྱས་ཤིག་ཡོང་དགོས་ཀྱི་ཡོད་ན། ང་ཚོ་ལ་ཡང་དོན་དངོས་ཀྱི་ལག་ལེན་ཡོད་དགོས་པས་ན། ང་ཚོ་ལམ་སྟོན་བྱ་མཁན་ཚོས་ཀྱང་ཁ་སྟོང་པའི་ལམ་སྟོན་ཙམ་མིན་པར། ལག་ལེན་དངོས་ཀྱི་སྦྱོར་བརྡར་སྤྲོད་ཐབས་ལ་ཤུགས་སྣོན་བྱ་དགོས་ཀྱི་འདུག །
དཔེར་ན། ཁྱོད་ཀྱིས་དཔལ་འབྱོར་ཡར་རྒྱས་གྱིས། ཟེར་བ་ཙམ་མིན་པར། ཁོ་ལ་དཔལ་འབྱོར་ཡར་རྒྱས་བྱ་ཐབས་ཀྱི་རིག་པ། ཚོང་དོན་རིག་པ་ལྟ་བུ་གང་རུང་ཞིག་སློབ་ཐུབ་དགོས་པ་ཡིན། གལ་སྲིད་ཁོ་ལ་དཔལ་འབྱོར་རིག་པ་ཞིག་བསླབས་ཐུབ་ཡོད་ན། ཉ་ཤ་སྤྲད་པ་ལས་ཀྱང་། ཉ་བཟུང་ཐབས་སློབ་པ་དགའ། ཟེར་བ་དེ་ཡོང་གི་རེད། དེ་བཞིན་དུ། དམར་སྤངས་དཀར་སྐྱོང་དགོས། ཟེར་བ་ཙམ་མིན་པར། དཀར་ཟས་བཟོ་ཐབས་ཀྱི་སྦྱོར་བརྡར་ཡག་པོ་ཞིག་སྤྲོད་ཐུབ་པ་ཡིན་ན། དུས་གཏན་གྱི་དཀར་སྐྱོང་བ་ཞིག་ཡོང་གི་རེད།
དེས་ན་ང་ཚོས་ལག་ལེན་དངོས་ཀྱི་སྦྱོར་བརྡར་སྤྲོད་ཐབས་བྱ་དགོས་ལ། ལག་ལེན་དངོས་ཀྱི་སྦྱོར་བརྡར་མང་པོ་ཞིག་ནི། ལོ་ཟླའི་ཕྲེང་བ་བགྲང་འདུག་མི་དགོས་པར། ཟླ་ཞག་འགའ་རེའི་ནང་དུ། ཡུན་རིང་སྦྱངས་བརྩོན་བགྱིས་པའི་ཆེད་མཁས་མི་སྣ་དང་། བྱ་བ་དངོས་ལ་ཞུགས་ཏེ་རྒྱལ་ཕམ་གྱི་ཉམས་མྱོང་ཐོབ་ཡོད་པ་དག་གདན་འདྲེན་གྱིས། ཟབ་སྦྱོང་ཡག་ཐག་ཆོད་རེ་སྤྲད་ཐུབ་པ་ཡིན་ནའང་། ཡར་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་ཕྱིར། ཡར་རྒྱས་སུ་སོང་བའི་ཡུལ་ལུང་རྣམས་ནས་ཀྱང་དགོས་ངེས་ཀྱི་ཟབ་སྦྱོང་གང་མང་སྤྲོད་ཀྱིན་པ་བཞིན། ང་ཚོས་ཀྱང་མི་དམངས་རྣམས་ལ་ནམ་ཁོམ་གྱི་དུས་སུ་ལག་ལེན་བྱེད་དུ་ཡོད་པའི་ཟབ་སྦྱོང་དག་སྤྲོད་ཐུབ་ན་ཡར་རྒྱས་ཡོང་བ་ལ་ཆེས་ཕན་གྱི་རེད།
གང་ལྟར་ང་ཚོའི་སྤྱི་ཚོགས་ནང་ལ། འདི་གྱིས་དང་། འདི་མ་བྱེད། ཟེར་བའི་ལམ་སྟོན་མང་དྲགས་མེད་ནའང་། ཉུང་དྲགས་མ་སོང་བས། རང་གིས་ལག་བསྟར་བྱེད་པ་དང་། གཞན་ལ་ལག་ལེན་དངོས་ཀྱི་སྦྱོར་བརྡར་སྤྲོད་ཐུབ་པ་ཞིག་འདུག་ན་ནི་གནང་རོགས་གྱིས། དེ་ལས་གཞན་པ་སྟོང་ནག་ཁ་འབྱམས་ཙམ་ཡིན་ན་ནི་ཕན་ཐོགས་ཡོད་པ་ཞིག་ཏུ་ཅང་མཐོང་མ་བྱུང་།
དགའ་དབང་ལགས། ནང་འགལ་ཆེ་ཐག་ཆོད་འདུག འདི་བྱོས་དང་འདི་མ་བྱེད་ཟེར་མཁན་མང་འདུག་པས་ལག་ལེན་དགོས་པ་གལ་ཆེན་པོ་རེད་ཟེར་བཞིན་དུ་ཁྱེད་རང་གིས་ཀྱང་རྩོམ་ཡིག་འདིའི་མཐའ་བསྡོམས་འདི་བྱོས་དང་འདི་མ་བྱེད་ཅེས་ཟབ་སྦྱོང་རེ་སྤྲད་ན་ཡར་རྒྱས་སུ་འགྲོ་ངེས་རེད་ཟེར་བ་དེ་རེད། ཧ་ཧ་་་