གནས་ཚུལ་གཏོང་མཁན། འཚོ་སྐྱིད།
ཕྱི་ལོ་༢༠༡༦ ཟླ་༣ ཚེས་༧ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐལ་རྡོར་ལགས་ཀྱིས་༧ སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་དང་སྟབས་བསྟུན་གྱིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་༼མལ་སྒྲི་སིན༽(University of Wisconsin-Madison) དུ་ཕེབས་ཏེ་དབུས་ལས་བྱེད་བདག་གཉེར་ལས་ཁུངས་སུ་གཟིགས་སྐོར་གནང་ཞིང་། གཙུག་ལག་སློབ་ཆེན་གྱི་དབུས་ལས་བྱེད་བདག་གཉེར་ལས་ཁུངས་ཀྱི་སྤྱི་ཁྱབ་དབུ་འཛིན་སྦོབ་ལ་ཝིག་ན་(Bob Lavigna, Assistant Vice Chancellor-Human Resources)དང་། ལས་བྱེད་རིག་རྩལ་གོང་སྤེལ་ལས་ཁང་གི་འགན་འཛིན་སྒྲོན་ཞུ་ཊི (Don Schutt, director for Office of Talent Management) ། སྐད་ཡིག་རིག་གཞུང་ཞབས་ཞུ་ཁང་གི་འགན་འཛིན་ཀར་མན་རོ་མེ་རོ་ (Carmen Roremo, Director for cultural Linguistic Services)། ལས་བྱ་སྨན་པ་གཡང་འབུམ་རྒྱལ་བཅས་དང་ཐུག་འཕྲད་ཀྱིས་དོན་གནད་མང་པོ་ཞིག་གི་སྟེང་བགྲོ་གླེང་ལྷུག་པོར་གནང་ཡོད།
དབུས་ལས་བྱེད་བདག་གཉེར་ལས་ཁུངས་ཀྱི་སྤྱི་ཁྱབ་དབུ་འཛིན་སྦོབ་ལ་ཝིག་ན་ཡིས་གཙུག་ལག་སློབ་ཆེན་སྤྱིའི་གནས་ཚུལ་ངོ་སྤྲོད་དང་སྦྲགས། གཙུག་ལག་སློབ་ཆེན་འདིས་ཁྱད་པར་དུ་མི་རིགས་དང་སྐད་ཡིག ཤེས་ཚད། ཆོས་ལུགས་དད་མོས་སོགས་དབྱེར་མེད་ཀྱིས་མི་སྒེར་ཚོགས་སྡེ་སུ་ཞིག་ཡིན་རུང་འདི་ག་གཙུག་ལག་སློབ་ཆེན་དུ་སློབ་ཞུགས་དང་ལས་ཀ་བྱེད་ཆོག་པའི་སྲིད་ཇུས་གུ་ཡངས་དང་རིས་མེད་སྣ་འཛོམས་དགོས་པའི་ལྟ་བ་གཙོ་བཟུང་བྱེད་ཀྱི་ཡོད་པ་དང་། དེའི་ཉེར་ལེན་ལ་བརྟེན་ནས་འདི་ག་གཙུག་ལག་སློབ་ཆེན་དུ་ཡུལ་ལུང་དང་མི་རིགས་འདྲ་མིན་གྱི་ལས་བྱེད་མང་པོ་ཡོད་ཁོངས་ནས་བོད་མི་ལས་བྱེད་བདུན་ཅུ་ལྷག་ཡོད་པ་དང་ཁོང་ཚོའི་ཆེད་དུ་བོད་ཀྱི་སྐད་ཡིག་ཐོག་ལས་བྱེད་སྦྱོང་བརྡར་དང་ཡིག་བསྒྱུར་གྱི་ཞབས་ཞུ་ཡོད་པ་མ་ཟད། བོད་རིགས་སློབ་མ་ཡང་མི་ཉུང་བ་ཞིག་ཡོད་སྐོར་སྙན་སྒྲོན་བྱས། སྐུ་ཚབ་དོན་གཅོད་སྐལ་རྡོར་མཆོག་གིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་༼མལ་སྒྲི་སིན༽དུ་སྐད་ཡིག་མི་འདྲ་བའི་ལས་བྱེད་དཔུང་ཁག་ལ་ཕན་རླབས་ཆེ་བའི་ཞབས་ཞུ་སྣ་ཚོགས་ཞུས་དང་ཞུ་མུས་ཡོད་པར་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐོག་ནས་བོད་རིགས་སྤྱི་དང་ཡང་སྒོས་སུ་ས་གནས་བོད་རིགས་མི་དམངས་དང་ལས་བྱེད་ཚོའི་ཆེད་དུ་ཞབས་ཞུ་ཞུ་གི་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དེ་ལྟའི་ལས་དོན་མུ་མཐུད་གནང་རོགས་ཞེས་འབོད་སྐུལ་ཞུས་ཤིང་། གཙུག་ལག་སློབ་ཆེན་གྱི་ངོས་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་དངོས་ཤུགས་གཉིས་ཀའི་ཐོག་ནས་མཐུན་རྐྱེན་རོགས་སྐྱོར་བྱེད་རོགས་ཞེས་རེ་འདུན་ཡང་ཞུས་ཡོད།
ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་༼མལ་སྒྲི་སིན༽ (University of Wisconsin-Madison) གྱི་ཨེ་ཤེ་ཡའི་སྐད་ཡིག་དང་རིག་གཞུང་སྡེ་ཚན་ (Department of Language & Cultures of Asia) དུ་བོད་ཀྱི་སྐད་ཡིག་དང་ནང་བསྟན་སྐོར་འཆད་ཁྲིད་ཞིབ་འཇུག་བྱེད་པའི་ལས་རིམ་འགོ་བཙུགས་ནས་ད་བར་མི་ལོ་ ༤༠ ལྷག་ཕྱིན་ཡོད་པ་དང་ལས་རིམ་འདི་དག་གིས་ནུབ་ཕྱོགས་སུ་བོད་ཀྱི་ཤེས་རིག་དང་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་ཐད་ལས་དོན་ཆུང་ངུ་རེ་བསྒྲུབས་དང་བསྒྲུབ་མུས་ཡིན་པ་དང་། ཕྱི་ལོ་ ༢༠༠༧ ཙམ་ནས་གཙུག་ལག་སློབ་ཆེན་གྱིས་སླར་ཡང་ལས་བྱེད་བདག་གཉེར་ལས་ཁུངས་ (Office of Human Resource) ཀྱི་སྐད་ཡིག་རིག་གཞུང་ཞབས་ཞུ་ཁང་ (Cultural & ་Linguistic Services) ཁོངས་སུ་བོད་ཀྱི་སྐད་ཡིག་གི་ཞབས་ཞུ་གསར་འཛུགས་བྱས་ཏེ་སློབ་ཆེན་གྱི་གཞུང་འབྲེལ་ལས་ཞུ་སྙན་ཤོག་དང་། ལས་བྱེད་ཚུད་རྒྱུགས་ངག་ཐོག་དྲི་བ། གསལ་བསྒྲགས། ལས་ཐོག་སྦྱོང་བརྡར། ཁེ་ཕན་ཐོབ་ཐང་སོགས་བོད་སྐད་ཐོག་ཡིག་ངག་གཉིས་ཀྱི་ལམ་ནས་མཁོ་སྤྲོད་བྱེད་ཀྱི་ཡོད་པས་ཨ་རིའི་རྒྱལ་ཁབ་ཀྱི་སློབ་གཉེར་ཁང་ངམ་ལས་ཁུངས་ཤིག་གིས་འཛིན་སྐྱོང་གི་ལས་དོན་ཐོག་གཞུང་འབྲེལ་གྱིས་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་མཁན་ཐོག་མ་ཆགས་ཡོད་པ་རེད།།
ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་༼མལ་སྒྲི་སིན༽གྱི་བོད་ཀྱི་སྐད་ཡིག་གི་ལས་དོན་ཁག་ཅིག་གཤམ་གསལ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་དྲ་ཐག་ནས་གཟིགས་ཐུབ།
ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་སྒྲིག་འཛུགས་ལས་བྱེད་དཀྱུས་མའི་བླང་དོར་སྒྲིག་གཞིའི་དྲ་ཐག
http://www.ohr.wisc.edu/polproced/CPPP/cppp_chapter18_app18a-tibetan.pdf
ལས་ཀའི་ཞུ་སྙན་འགེང་ཤོག་དྲ་ཐག
http://www.ohr.wisc.edu/employment/application/RAS%20cust%20app.aspx
ལས་བྱེད་དཔྱ་ཁྲལ་བསྡུ་འབབ་འབུལ་མིའི་ངོས་སྦྱོར་ W-4 འགེང་ཤོག་དྲ་ཐག
http://www.ohr.wisc.edu/benefits/docs/pay-w4-employee-withholding-statement-uw1389-tib.pdf
བོད་སྐད་འཛིན་གྲྭའི་དྲ་ཐག
http://languages.wisc.edu/languages/tibetan
རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་གི་དྲ་ཐག
https://www.ohrd.wisc.edu/Home/Portals/0/CLS/CLS%20brochure%20Oct%202014%20-%20Tibetan.pdf
རྒྱ་བའི་སྐུ་འཕྱར་ཤ་ཚ་དང་འགན་འཁུར་མེད་མཁན་གྱི་ལས་བྱེད་འདི་ལྟ་བུ་ཞིག་ད་དུང་བློ་སེང་ཁོས་བརྗེ་བོ་མ་རྒྱབ་པར་མི་མང་ལ་ཀྱག་ཀྱག་མིན་གང་ཡིན།
གཙུག་ལག་སློབ་གྲ་འདིའི་ནང་བོད་ཕྲུག་མཐོ་སློབ་འཐོན་པ་གང་མང་ཚུད་པའི་འགན་བཞེས་དགོས་པ་ལས་གཟིགས་སྐོར་གནང་བ་ཙམ་གྱི་མི་མང་ཕན་ཐོག་ཨ་ཡོད་རང་མིང་གྲགས་ཐུབ་ཙམ་མིན་འགྲོ་།