ཨ་དོན།
༼གཅིག༽
ལ་ལ། མང་བ་ལ། ད་འདུག་གི་འཇུག་རྩིས་མ་རེད།
ལྷ་མོས་རང་སེམས་རྣལ་དུ་ཕབ་ནས་འབྲི་བཞིན་པའི་སྒྲུང་གཏམ་དེ་འབྲི་མཚམས་བཞག་ཅིང་ཁ་ནས་དེ་ལྟའི་ཆིག་ལབ་ཅིག་དབང་མེད་དུ་ཤོར།
ཧ་བོ། འདི་བ་ཚང་ཡང་མཚོ་སྔོན་པོར་ཐོན་འདུག གནའ་ཤི་འདི་དག་མགྱོགས་པ་ལ།
མོས་སྐད་འཕྲིན་ནང་གི་གྲོགས་པོ་དག་གི་སྐད་ལམ་རེ་རེར་རགས་ལྟ་ཐེངས་ཤིག་བྱས། སེམས་སུ་སྒྲུང་གཏམ་གྱི་བྱུང་རིམ་ལ་བར་ཆད་ཅིག་ཐེབས་སོང་སྙམ་ནས་གྲོགས་མོ་མེ་ཏོག་ལ་ཡང་ད་སོ་མའི་དམོད་མོ་དེ་ཁ་ནས་དོན་མེད་དུ་ཤོར་སོང་། ཤོར་ནས་ཀྱང་གནས་སྐབས་ཡུན་ཐུང་གི་ཁ་སྤོ་དེར་འགྱོད་པ་ཙམ་སྐྱེས་ཞོར་མུ་མཐུད་དུ་སྐད་འཕྲིན་ཕར་སློག་ཚུར་སློག་བྱས།
ཁ་བ་དཀར་པོ་ཨ། ང་ཡོང་གིན་ཡོད། གནམ་སྔོན་པོ་ལྟེབས་ནས་ཡོང་གིན་ཡོད།
སེམས་ཀྱི་དག་ཞིང་། ཉི་མ་ལྷ་ས། མཁའ་ནས་མཐོང་བའི་ཁྱེད་རང་ཅི་འདྲའི་བརྗིད་ཆེ་ཨང་།
སྤོས་ལྡན་གྲོང་གི་ཁྲོན་ཚོད་ཀྱི་རོ་བྲོ་ལ་ཁྱད་ཆོས་ལྡན་གི ད་རེབ་བུ་ཕྲུག་བཟའ་ཟླ་དང་བཅས་ལྷན་དུ་བཟའ་འཐུང་རྒྱགས་ཆོད་པ་ཞིག་བྱེད་དགོས། ངའི་མགོ་ཐོག་གི་གནམ་སྔོན་པོ་སྟེ། བདག་གི་དགའ་གུས་དབྱེར་མིད་ཀྱིས་བཏེགས་པའི་ཁྱོ་ག་ལགས། ཁྱེད་ཀྱིས་ཁོ་མོའི་རྒྱང་བཞུད་ཀྱི་རྨི་ལམ་མངོན་དུ་གྱུར་སོང་བས། ང་ཚེ་འདིར་ཁྱོད་ལ་དགའ་དགའ་ཞིག་སུ་ལ་འང་དགའ་མི་སྲིད་ལ། ཁྱོད་ལས་ཆེ་བ་ཞིག་ནམ་ཡང་མི་མཁོ།
གྲོགས་དག སེམས་པ་དེ་བྱ་ལྟ་བུ་ཞིག་ཡིན་ཏེ། འཕུར་ས་དགུང་ཡིན་པས་གཤོག་རྒྱང་གཅོད་དང་། དམའ་རྒྱ་མཚོའི་ཁ་ན་འབྲོག་མོ་ངོ་མ་མེད་རུང་རྒྱ་མོ་གཅེར་མོ་མང་གི ལྟ་ས་མང་གི ཧ་ཧ།
མོས་སྐད་འཕྲིན་གྱི་རྒྱབ་ལྗོངས་ཁ་ཕྱེས་མ་ཐག་སྐད་གྲོགས་དག་ནི་ག་ས་གང་དུ་ཐོན་འདུག་པ་དང་། པར་སྣ་ཚོགས་ཀྱི་སྒང་ལ་འགོག་མིན་ཐོལ་བྱུང་གི་སེམས་ཚོར་དང་ཤིས་ཚིག་སྣ་ཚོགས་དབྱར་གྱི་ཚ་སྒང་གི་ལུག་གཤོགས་པ་ལྟར་གང་སར་གཏོང་གིན་འདུག་པ་མཐོང་། མ་གཞི། དེ་རིང་ནི་རྒྱལ་སྟོན་དུས་ཆེན་གྱི་ངལ་གསོའི་ཉིན་མོ་དང་པོ་ཡིན་ལ། ས་མིང་ཆུ་མིང་བགྲང་གིས་མི་ལངས་ཤིང་རྫོང་མིང་བཏགས་མ་གཅིག་པོ་ས་གྲགས་གནམ་གྲགས་ཡིན་པའི་རྒྱན་ཚང་རྫོང་ལ་གློ་བུར་བའི་ལྷིང་འཇགས་ཤིག་འཁོར་འདུག
ལྷ་མོས་ཐེངས་འདིའི་ཉིན་བཅུའི་གུང་སེང་བེད་སྤྱད་ནས་སྒྲུང་འབྲིང་ཞིག་འབྲི་བའི་འཆར་གཞི་དེ་ཡང་ད་ནངས་ནས་མགོ་བརྩམས་པ་ཡིན་འདུག མོ་རྒྱུན་པར་གཞུང་ཤག་ཀྲུའུ་རེན་གྱི་མིང་བཏགས་ཆུང་ཆུང་དེས་ཁྱི་འདོགས་འདོགས་བྱས་ནས་ཡོད་པས། ནམ་རྒྱུན་རྩོམ་འཁྱོགས་ཐུང་ཐུང་རེ་འབྲི་རྒྱུ་མ་གཏོགས་རང་གི་བློར་འབབ་པའི་བརྩམས་ཆོས་ཡག་པོ་ཞིག་འབྲི་བའི་དུས་ཚོད་ཡེ་ནས་རེག་གིན་མིད། དེ་བས། མོས་ད་ཐེངས་ཅིས་ཀྱང་ཕྱིར་འགྲོ་ཐབས་མེད་པ་སྔ་མོ་ནས་ཤེས་ཡོད།
གལ་ཏེ་འཆར་གཞི་འདི་ལས་གཡོལ་ན་ཕལ་ཆེར་ལོ་གཅིག་པོར་སྒྲུང་གཏམ་ཞིག་ལེགས་འགྲུབ་འབྱུང་ཐབས་མི་འདུག་ཅེས་བཤད་ཆོག་ཆོག་ཡིན། མོས་ད་ལྟ་ཕྱིར་འདང་རེ་བརྒྱབ་ན། རྫོང་སྲིད་གཞུང་གི་ལས་ཁུངས་དེར་ཞུགས་པ་ནས་བཟུང་། སྔ་དྲོ་ཚོགས་འདུ་མིན་ན་ཕྱི་དྲོར་གཞུང་ཡིག་སློབ་སྦྱོང་བྱེད་པའི་ལས་ཏག་ཏག་གི་ནང་ནས་དུས་ཚོད་བསྐྱེལ་དགོས་པ་དང་། ཟླ་གཅིག་གི་ཟླ་ཕོགས་དེ་དོན་དམ་ཟླ་གཅིག་ལ་ཉིན་རེར་ལས་ཀའི་ཆུ་ཚོད་བརྒྱད་ཀྱི་གླ་ཕོགས་ཡིན་ཡང་། ལས་བྱེད་པ་མང་པོ་ཞིག་གིས་ཟླ་རྗེས་མའི་ཕོགས་དངུལ་ཟླ་སྔོན་མ་ནས་བརླགས་ཚར་འགྲོ་བ་མང་ཤོས་རེད། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞེས་འབོད་པའི་ཆོ་ལོ་དེ་དང་ལས་ཁུངས་ནས་གཙོ་གཞོན་ཟ་ཟུར་གྱི་དཔོན་གནས་ཆུང་ཆུང་ཞིག་གི་རྐུབ་སྟེགས་བདེ་ལེ་ཞིག་སྤྲད་ཡོད་པ་དེས། ལས་བྱེད་པ་མང་པོ་ཞིག་གི་བློ་ངོར་རང་ཉིད་དངོས་གནས་རྒྱུ་དང་དབང་གི་བདག་པོ་ཡིན་སྙམ་པའི་འཕྲུལ་སྣང་དགོད་བྲོ་བ་ཞིག་སྐྱེ་རུ་བཅུག་ཡོད།
གང་ལྟར། དེ་རིང་གི་ཚོགས་པའི་ནང་དུ་ལ་ལ་གནམ་གྲུར་འཕུར་ལ། ལ་ལ་མི་འཁོར་དུ་རྒྱུ་ཞིང་། ལ་ལ་སྒེར་འཁོར་དུ་འདུར་ཞིང་། ལ་ལ་རྐང་ཐང་དུ་རྒྱུག་བཞིན་པའི་ལས་གྲོགས་དེ་དག་གི་དངུལ་བྱང་ནང་དུ་སྒོར་མོ་ག་ཚོད་ཡོད་པ་ཁོ་མོའི་སེམས་སུ་ཁྲིགས་ཁྲིགས་ཡིན།
ཞིབ་ཏུ་འདང་བརྒྱབ་ན། མོས་རང་ཉིད་ཀྱང་དོན་དམ་གར་འགྲོ་ངེས་མེད་ཡིན་ཁར། གལ་ཏེ་ད་ཐེངས་ཕྱི་ལ་འགྲོ་བའི་དབང་དུ་བཏང་ཡང་དངུལ་བྱང་དུ་ཟླ་འདིའི་ཕོགས་དངུལ་འཕྲོད་ཡོད་མེད་ཀྱང་ད་དུང་མི་གསལ་བས། སེམས་སུ་གློ་རྡེག་ཏུ་སྨྲ་མི་ཤེས་པའི་སྐྱོ་སྨྲེང་ཞིག་འཁོར་ཞིང་ཁོག་ནས་ཨ་ཐང་ཆད་པའི་ཤུ་སྒྲ་ཞིག་དབང་མེད་དུ་འཆོར།
ཡང་གཅིག་བཤད་ན། མོས་ད་རེབ་ཡུན་རིང་ལ་གྲ་སྒྲིག་དང་སྟ་གོན་བྱས་ཀྱང་རེ་འབྲས་མ་སྨིན་པའི་སྒྲུང་གཏམ་ཞིག་ཚགས་པར་ཁང་ལ་སྐུར་འཆར་གྱི་འཆར་གཞི་འདི་དངོས་སུ་ལག་བསྟར་བྱེད་ཐུབ་སོང་བ་ཡིན་པས། རང་གིས་རང་ལ་སེམས་གསོ་ཞིག་ཅི་ལ་མིན་སྙམ་ནས་སེམས་ཅུང་བདེ་ལ་བབས་ནས་མུ་མཐུད་དུ་འབྲི་མགོ་བརྩམས།
གར་འགྲོ་མི་ཡི་སྐྱིད་འདི།།རྟག་པ་ཡིན་ན་བསམས་བྱུང་།།
གར་འབབ་བྱ་ཡི་སྐྱིད་འདི།།འཕུར་རྒྱུ་བྱུང་ན་བསམས་བྱུང་།།
ཕར་འགྲོ་ཚོམས་ཀྱི་གྲོགས་དག །ཚུར་ཡོང་མིད་ན་བསམས་བྱུང་།།
མོས་གློ་བུར་བའི་དྲན་སྣང་ཞིག་སྐད་འཕྲིན་གྱི་བར་སྟོང་དུ་འགོད་རྒྱུ་དྲན་མ་ཐག་གོང་གི་ཚིགས་བཅད་དེ་ཤར་མར་བྲིས་ནས་བཏང་། མོས་གཞུང་ཤག་ཏུ་རང་གི་རྐུབ་ཤ་ན་བཞིན་འདུག་ཅེས་འབྲི་མ་སྤོབས་ལ་རང་ཉིད་གནས་གང་ཞིག་ན་སྐྱིད་པོར་རོལ་གྱིན་ཡོད་ཅེས་རྫུན་ཡང་ལབ་མ་ཕོད། ཏག་ཏག་འདི་ལྟར་འབྲི་དགོས་དོན་ཡང་ཏན་ཏན་ཉིན་འདི་དག་ལ་ལས་གྲོགས་དང་གྲོགས་པོ་གྲོགས་མོ་ཀུན་གྱིས་ཕན་ཚུན་གྱི་བར་སྟོང་དང་རྒྱབ་ལྗོངས་སུ་མཉམ་བཞག་ནས་ཡོད་པས་ཡིན་ལ། ཅི་ཡང་མ་བྲིས་ཚེ་ཁྱོད་ལ་གནད་དོན་ཞིག་བྱུང་འདུག་པ་ལྟ་བུའི་གནས་ཚུལ་ཞིག་ཏུ་རང་བཞིན་གྱིས་ཆགས་ཀྱིན་ཡོད། འདི་ནི་ད་ལྟའི་སྐད་འཕྲིན་གྱིས་འཚོ་བར་བཏང་བའི་བརྡབ་གསིག་དང་ཁ་ལོ་བསྒྱུར་པའི་མཇུག་འབྲས་འབའ་ཞིག་ཡིན།
མོས་འདི་ལྟར་བྲིས་ཚེ་མ་མཐའ་ཡང་སྐད་གྲོགས་ཕལ་མོ་ཆེའི་ཁྲོད་ཀྱི་ལ་ལས་ཅི་ཡང་མི་གོ་བར་ཧད་དེ་ལུས་ངེས་ལ། ལ་ལས་མ་གོ་གོ་ཁུལ་གྱིས་དཔྱད་བརྗོད་ཀྱང་སྤེལ་ངེས། གང་ལྟར། འདི་ནི་ཕན་ཚུན་ལ་དེང་རབས་རང་བཞིན་གྱི་སེམས་ཁུར་དང་དོ་ཁུར་བྱེད་སྟངས་ཀྱི་བརྡ་ཐབས་གསར་པ་ཞིག་གམ། ཡང་ན་ངས་ཁྱོད་ལ་མཉམ་བཞག་ནས་ཡོད་ཅེས་པའི་ཁ་ཡག་བཤད་སྟངས་བསོ་མོ་ཞིག་ཡིན་པ་འདྲ། ཁོ་ཐག་ཆོད་པ་ཞིག་ལ་དོན་པོ་ཁོ་ནས་ལྷ་མོ་གཞུང་སྒྲུབ་ཁང་དུ་ཡོད་པ་ཤེས་འཕྲལ་ལན་དུ། སྡུག་གྱོང་རེད། ཅེས་པའི་ཡིག་འབྲུ་གསལ་ཞིང་ཐང་བ་བཞི་བར་སྟོང་གི་མཆན་མིག་ཏུ་བཏང་བ་དེ་རྒྱུ་འབྲས་ཤེས་གསལ་གྱི་ལན་ཡང་དག་ཉག་གཅིག་རེད།
སྐབས་དེར་མོས་མུ་མཐུད་དུ་སྒྲུང་གཏམ་གྱི་བྱུང་རིམ་ལ་འདང་རྒྱག་ཞོར་དང་འབྲི་ཞོར་བྱེད་པའི་མོད་ལ་གཅིན་གཏོང་ཚུར་སྣང་དྲག་པོ་ཞིག་ཐོན་ཡང་། བྱུང་རིམ་འཆོལ་འགྲོ་བར་སྐྲག་ནས་བཟོད་བསྲན་གྱིས་མུ་བསྐྱངས། འོན་ཀྱང་། གློ་བུར་དུ་སེམས་སུ་ཏག་ཏག་ད་སོ་མ་ལས་གྲོགས་བདེ་འཚོ་ཡིས་ཁྲིན་ཏུའུ་ནས་བསྐུར་བའི་སྐད་འཕྲིན་ལྗོངས་ངོས་ཀྱི་བཟའ་འཐུང་ཁ་སྐྱིད་ཀྱི་ངོམས་སོ་དེ་ཡིད་ལ་འཆར་བ་དང་། ད་གཟོད་རང་ཉིད་ཀྱིས་ནངས་ཇ་ཡང་འཐུང་རྒྱུ་བརྗེད་སོང་བ་ཡིད་ལ་དྲན་ནས་གསང་སྤྱོད་ཁང་དུ་འགྲོ་ཞོར་ཅི་ཞིག་འཐུང་བར་འདང་རྒྱག་དགོས་སྙམ་ནས་སྒོར་འབུད་རྩིས་བྱས།
འོ། ཀྲུའུ་རེན་ནང་ན་ཡོད་དམ། ང་ཡི་མཛེས་མ།
ཏག་ཏག་སྒོར་འབུད་གྲབས་ཡོད་པའི་སྒང་ལ་ལས་གྲོགས་དོན་པོས་གཞུང་ལས་ཁང་གི་སྒོ་བརྡུངས་ཙམ་གྱིས་ནང་དུ་འཛུལ་བྱུང་བ་དང་། ཁོ་མོར་གུས་ཞབས་དང་ཀུ་རེའི་ཚུལ་དུ་ཅོག་ཙེ་མདུན་གྱི་ཀོ་ནག་འབོལ་ཁྲི་དེའི་སྟེང་ནས་ཁ་གཏད་དུ་བསྡད་བྱུང་བས་ཆེད་དུ་ཁ་བརྡ་བྱེད་དུ་ཡོང་བ་ཤེས་ཐུབ།
ཅུང་ཙམ་སྒུག་རོགས། ངས་ད་རུང་ནངས་ཇ་འཐུང་མིད།
ལྷ་མོས་ད་ནི་སྒྲུང་གཏམ་འདི་ཅིས་ཀྱང་འབྲི་ཐུབ་མ་སོང་བ་རེད་སྙམ་བཞིན། སེམས་འཚིག་དང་བཅས་ཏེ་སྒོར་བུད་ཅིང་དོན་པོར་སྐར་མ་ག་ཚོད་ལ་བསྒུག་དགོས་པའི་གསལ་འདེབས་ཀྱང་གཏིང་བརྗེད་དུ་གྱུར།
སྒོར་བུད་དུས་མོས་བསྲན་ཐུབ་པ་ནི་ནངས་ཇ་ཡིན་ལ་བསྲན་དཀའ་བ་ནི་སྔར་བཞིན་འགད་ལ་ཉེ་བའི་གཅིན་ལྒང་གི་ན་ཟུག་དེ་ཡིན་པ་གཞི་ནས་ཚོར་བས་གསང་སྤྱོད་དུ་ཤར་མར་བརྒྱུགས། གཅིན་པ་བཏང་ཚར་དུས་ལུས་ལ་སྐད་ཅིག་མའི་བདེ་སྣང་ཕྲན་བུ་ཞིག་བྱུང་བ་དང་། སེམས་སུ་ད་སོ་མ་དོན་པོར་བསྟན་པའི་རྣམ་འགྱུར་དེར་འགྱོད་པ་ཕྲན་བུ་ཞིག་ཀྱང་སྐྱེས། ནམ་རྒྱུན་མགོ་བ་ཞིག་གིས་ལས་ཁུངས་ཀྱི་ལས་མི་རྣམས་ལ་གཡོག་པོ་བཞིན་གང་འདོད་དུ་སྡིགས་ཆོག་ཅིང་། ཞབས་འབྲིང་བཞིན་གང་འདོད་དུ་མངགས་ཆོག་པ་ནི་རྒྱུན་ལྡན་ཡིན་པར་མ་ཟད། མགོ་རྒན་ལ་ལས་ཐ་ན་རང་ཉིད་ཀྱི་སེམས་ཁམས་སྡུག་པོ་ཡིན་དུས་ལག་འོག་གི་ལས་མི་དག་ཁོའི་སྤོ་འཕོ་ས་བྱེད་མཁན་ཡང་མང་ཤོས་ཡིན།
གནས་ཚུལ་དེ་དག་དྲན་ན་མོའི་རྣམ་འགྱུར་དེ་ཅི་ལ་ཡང་བརྩི་རིན་མེད་པ་ལྟ་བུ་ཞིག་ཏུ་རང་བཞིན་གྱིས་ཆགས་ཡོད་མོད། འོན་ཀྱང་། གནད་འགག་ནི་མོ་རང་ད་དུང་ཁའོ་གཞོན་པ་ཆུང་ཆུང་ཞིག་ཡིན་པ་དེ་རེད།ཕར་དེད་ན་ཁོ་མོ་གཡོག་པོ་ཆེན་པོ་ཞིག་གི་ལས་གཡོག་ཆུང་ཆུང་ཞིག་གི་ལས་གནས་ལ་གཏན་འཁེལ་བྱས་པའི་དཔོན་གྱི་ཅི་གསུངས་ཆོས་སུ་སྒོམ་དགོས་པའི་ཞབས་འབྲིང་ཆུང་ཆུང་ཞིག་ཡིན་པ་ཙམ་པོ་དེ་རེད།
དེའང་ཞིབ་ཏུ་བཤད་ན་དཔོན་གཡོག་གི་འབྲེལ་བ་འབའ་ཞིག་སྟེ། ནམ་ཞིག་རིམ་པ་སྤར་ཏེ་ཁའོ་རིམ་པ་ངོ་མ་ཞིག་དང་། དེ་ནས་རྫོང་གཞོན་དང་རྫོང་རིམ་པ་ངོ་མ། ད་དུང་ཁུལ་དང་ཞིང་ཆེན་དང་དེའི་ཡན་གྱི་ཀྲུང་དབྱང་བར་གྱི་དྲ་བའི་སྡོམ་རྒྱ། ཨ་ཨ། དེ་ནི་ལག་དང་གོམ་པས་འཇལ་ཆོག་པའི་ལམ་ཚད་ཅིག་རྩ་བ་ནས་མིན་ལ། དགའ་ལྡན་གསེར་ཁྲི་བཞིན་དུ་ཨ་མའི་བུ་རྒོད་ཅིག་ལ་ཏན་ཏན་དབང་ཆོག་ཆོག་ཅིག་དེ་བས་ཀྱང་ག་ལ་ཡིན། ད་དུང་བཀང་བ་མེད་པའི་མི་སེམས་ཅི་འདྲའི་མང་པོ་ཞིག་གིས་མི་གཤིས་ཁྱི་གཤིས་སུ་གྱུར་པའང་མ་རྟོགས་པར་གཟུགས་མེད་ཀྱི་ལས་ཐོབ་དེའི་རྗེས་སུ་འདུར་གྱིན་ཡོད་འང་། མོའི་འདང་རྒྱག་གི་རྟ་ཡན་དེ་དེ་མུར་ཐང་སྟོང་ཡར་མར་བཅོ་བརྒྱད་དུ་ཤོར་ནས་སྤྱོད་དོང་ཁ་ནས་ཡར་འགྲེང་དུས་རོ་སྨད་ཀྱང་སྦྲིད་པར་གྱུར་པ་དང་། ཅུང་མིན་ན་ཕོ་གསར་ཚོའི་མིག་དབང་འགུགས་པའི་དོར་ཕྲ་སྐྱ་བསྡམས་མ་དེའང་སྒྱིད་ཁུག་ནས་ལུས་པར་གྱུར།
འོ། མགོ་གཙོ་མ། དེ་རིང་ཐུགས་དྭངས་ཀྱིན་མེད་པ་ག་རེ་བྱས་སོང་།
མོའི་རྐང་པའི་སྦྲིད་པ་ད་རུང་ཡོངས་སུ་དྭངས་མེད་པས་འཐེང་འགྲོས་ཀྱིས་ཕྱིར་ནང་དུ་ཐོན་པ་ན། དོན་པོ་ཡར་ལངས་ནས་སེམས་ཁུར་དང་ཀུ་རེ་འདྲེས་མའི་ཚུལ་དུ་དེ་ལྟར་བཤད། དོན་ངོ་མ་དོན་པོས་ཀྱང་ད་ཐེངས་ཀྱི་རྒྱལ་སྟོན་གནང་བར་འཆར་གཞི་མང་པོ་ཞིག་བཟོས་ཡོད་པ་ཁོ་མོར་བཤད་དུ་ཡོང་བ་ཡིན་མོད། དཔོན་ཆུང་ལྷ་མོའི་ངོ་མདངས་དང་རྣམ་འགྱུར་ལས་ནམ་རྒྱུན་ལྟར་ཁ་བརྡ་གློད་མོ་ཞིག་གི་མགོ་ཅི་ནས་ཀྱང་འཛུགས་ཐབས་མ་བྱུང་།
ལོ་གཅིག་པོར་རྒྱལ་སྟོན་ལས་རིང་བའི་ངལ་གསོའི་དུས་ཚོད་མེད་པ་མི་ཤེས་སམ། ཆུང་མ་དང་ལྷན་དུ་ལྗོངས་རྒྱུ་ལ་མི་འགྲོ་དོན་ཅི་ཡིན། མོས་དོན་པོར་དེ་རིང་གི་སེམས་ཁམས་དེ་ཇི་ལྟར་བཤད་དགོས་ཤིང་གང་ནས་རྩོམ་དགོས་པའང་མ་ཤེས་པར་ཁ་ནས་གང་བྱུང་དུ་རང་བཞིན་གྱི་དྲི་བ་དེ་དྲིས། སྐབས་དེར་ཁོ་མོའི་བསམ་གཞིག་གི་རི་མོ་གསལ་ལ་མི་གསལ་བ་ཞིག་གི་སྐྱ་ཐིག་དེ་སྔར་བཞིན་མདུན་གྱི་གློག་ཀླད་ནང་གི་སྒྲུང་གཏམ་དེའི་ཁྲོད་དུ་ལུས་ནས་ཡོད་ལ། ཁོ་མོའི་ལག་ཟུང་གི་མྱུར་སྟབས་དང་བློས་བསླངས་ཀྱི་བཀོད་པ་ཁོ་ནས་རེ་ཞིག་མིག་མདུན་གྱི་གནད་དོན་ཐག་གཅོད་ཐབས་མེད་པ་འདྲ་སྟེ། གཅིག་ནས་དོན་པོ་ཡེ་ནས་འགྲོ་རྩིས་མེད་ལ། གཉིས་ནས་ལག་པ་གློག་ཀླད་ཀྱི་མཐེབ་གཞོང་དུ་བཞག་ཡོད་ཀྱང་། ཀླད་པ་སྟོང་ཧང་ངེར་ཡོད་པས་སྒྲུང་གཏམ་འབྲི་འཕྲོ་འཇོག་པ་ལས་འོས་མེད་པར་གྱུར་པའང་གསལ་པོར་རྟོགས།
ཨུན། ད་ཐེངས་འགྲོ་འཆར་མེད། སང་ཉིན་ནས……
ཁ་པར་དུ་གླུ་བ་གསར་ཡག་གི་གླུ་རེ་ཨེ་ཡོད། ཡོད་ན་བསྐུར་དང་།
མོས་བསམ་བཞིན་དོན་པོའི་སྐད་ཆ་སྣང་མེད་དུ་བཞག་ཅིང་བཤད་མཚམས་བཅད་དེ། ཁོ་མོ་དགའ་བའི་གླུ་བ་གླང་དམར་གྱི་གླུ་ལ་ཉན་ཞོར་ཡུན་གྱིས་ཁ་བརྡ་བྱེད་ཆོག་པའི་རྣམ་འགྱུར་བསྟན། འདི་ནི་ནམ་རྒྱུན་གཞུང་ལས་ཁང་ནས་ཉི་མ་གཏོང་བར་གོམས་ལོབས་སུ་གྱུར་པའི་བྱེད་ཐབས་དགའ་ཞིག་ཡིན། ཡང་གཅིག་བཤད་ན་ཁོ་མོར་ཅིས་ཀྱང་དཔེ་ཀློག་གི་གོ་སྐབས་ཤིག་མེད་དུས་སེམས་ཁམས་སྙོམས་སྒྲིག་བྱེད་པའི་གོམས་གཤིས་དགའ་རབ་ཅིག་ཏུ་རྩི་བཞིན་ཡོད།
ཧེ། གླང་དམར་དེར་ངོ་མ་སུན་གི ལོ་ལོ་མ།
དེ་བས་ངས་ཁྱོད་ལ་གྲྭ་པ་མཛོད་མོའི་ལོ་རབས་བཤད། ཅི་འདྲ་རེད།
དོན་པོས་མ་གཞི་ནས་གླུ་དེར་ཉན་མི་སྲིད་ལ་གླུ་བ་དེར་མང་ཚོགས་ཀྱིས་ཁ་ན་ལ་རྒྱ་མེད་ཅིང་ཁོག་ན་རིག་གནས་མེད་པའི་གླུ་བ་གླང་དམར་ཞེས་འབོད་པའི་གླེང་ཕྱོགས་དེ་ཡང་དང་བསྐྱར་དུ་བཤད་ན་སྙིང་པོ་མེད་པར་འདོད་ནས། བྱིས་པ་གསུམ་གྱི་ཕ་ཕོ་གསར་ཞིག་གིས་གཉེན་ཚང་ནས་སྡུག་མ་འཁྱོགས་པར་མཛོ་མོ་གཉིས་བཙོངས་ནས་ཡར་ལོག་བྱེད་པའི་ལོ་རྒྱུས་དེ་བཤད་པར་རྩོམ་པ་ན། ལྷ་མོས་ཡང་བསྐྱར་ཚིག་མཚམས་བཅད།
དེང་སང་ཕྱི་ཡག་ནང་རུལ་དེ་ཚོ་སུ་ལ་ཡང་འཕྲོད་པ་མིན་ནམ། མོས་བསམ་བཞིན་གླང་དམར་ལ་རྒྱབ་སྐྱོར་གྱིས་ཁ་བརྡ་མེད་པར་བཟོས་ནས་དོན་པོར་སེམས་ལ་འབབ་པའི་ལན་ཞིག་མ་བྱིན། ཡིན་པ་ནི་གླང་དམར་གྱི་གླུ་ཚར་ཞིག་ལ་ཉན་རྗེས་མུ་མཐུད་དུ་སྒྲུང་གཏམ་གྱི་རྔ་མར་འཇུ་འདོད་ཀྱི་འདུན་པ་དེ། དོན་པོའི་དགག་རྒྱག་གི་གླེང་ཕྱོགས་དེ་དང་ཆ་མེད་རྒྱུས་མེད་ཀྱི་གོ་ཐོས་དེས་མེད་པར་བཟོས་སོང་བས། ཁོ་མོས་བསམ་བཞིན་སྐད་ཆ་དཀྱོགས་ལ་བླངས་ནས་མཇུག་བསྡུ་ཐབས་བྱས།
ཡ། ད་ང་བུད་འགྲོ། སང་ཉིན་སྔ་མོར་སྒྲ་བློར་སྐྱོར་དགོས། དེས་ན་ཞོར་དུ་ང་ལ་ཤ་མོག་འགའ་ཁྱེར་ཡོང་ཐུབ་བམ།
དོན་པོར་ཁ་བརྡ་བྱེད་པའི་སེམས་ཁམས་རྩ་ནས་མེད་པར་གྱུར་པ་དང་ཡར་ལངས་ནས་ཐད་ཀར་བུད་སོང་། ཁོས་རང་ཉིད་ཀྱི་སེམས་གཏམ་གླེང་འདོད་སའི་ལྷ་མོར་རང་གིས་འབུམ་རམས་པར་རྒྱུགས་ལེན་འདོད་ཀྱི་འཆར་གཞི་དེའང་འགྲོ་ཁ་མར་ཚིག་ཟུར་ཙམ་ལས་བཤད་པའི་གོ་སྐབས་མ་བྱུང་ལ། ལྷ་མོས་སྒྲུང་གཏམ་འབྲི་འཕྲོ་དེ་སེམས་ནས་གཏོང་མ་ཐུབ་པར་སང་ཉིན་གྱི་ནངས་ཇ་ཡང་དོན་པོར་བཅོལ་གདམས་བྱས། གང་ལྟར། དོན་པོ་སྒོར་བུད་པ་དེ་ལྷ་མོར་མཚོན་ན་དགའ་འོས་པའི་དོན་བཟང་ཞིག་ཅི་ལ་མིན།
༼གཉིས།༽
ད་ནི་སུས་ཀྱང་བར་ཆད་བྱེད་མི་སྲིད་དེ། ལྷ་མོས་རྒྱུས་ཡོད་ཀྱི་གཞུང་ཤག་འདིའི་གྱང་ངོས་ཀྱི་ཏང་སྲིད་སྤྱི་བསྒྲགས་ར་བའི་ནང་གི་རང་ཉིད་ཀྱི་ཚོན་ལྡན་པར་མགོ་དེའི་ཕྱོགས་སུ་ལྟ་ཕྱོགས་ཤིག་གིས་མིག་བསྲིངས་པ་དང་མཉམ་དུ། རང་ཉིད་ཀྱི་ལོ་ངོ་འདི་དག་གི་བཤུལ་ལམ་ཕྲ་ལ་ཕྲན་བུ་ཞིག་སྒྲུང་གཏམ་དུ་འཇུག་དགོས་སྙམ། རྩོམ་འབྲི་དང་བློས་བསླངས་དེ་ཏན་ཏན་འདི་འདྲ་ཡིན་སྲིད་པ་རེད། འཚོ་བའི་ངོས་དང་ཟུར་གང་དུ་ཡང་ཚོར་བའི་ས་བོན་མེད་མི་སྲིད་དེ། ད་ནི་ལྷ་མོའི་བསམ་གཞིག་དང་ཚོར་བ་མཐའ་དག་གནས་གཅིག་ཏུ་འདུས་ཡོད་པ་འདྲ། ཁོ་མོའི་གདོང་གི་གཟབ་ནན་གྱི་རྣམ་འགྱུར་དང་སེམས་ངོགས་སུ་རྒྱུ་བའི་ཕྱིར་དྲན་གྱི་རླབས་རིས་དེ་དྭངས་ཤིང་གསལ་བའི་སེམས་ཀྱི་སྒོ་མོ་སྟེ་སྐར་ཆེན་ལྟ་བུའི་མིག་ཟུང་ལས་མཐོང་ཐུབ། མོས་རྣམ་རིག་ཡོད་ཚད་བསྒྲིམས་ནས་རང་སེམས་ལ་ཁྲུས་གསོལ་ཐེངས་ཤིག་བྱས། ལྷག་པར་ཁོར་ཡུག་གིས་བསྐྱེད་པའི་ནད་འབུ་ཕྲ་མོས་རྨ་ཁ་ཟ་བཞིན་པའི་རང་ཉིད་ཀྱི་གཤིས་ཀ་རྨས་མ་དེར་དུས་ཐུང་སྐར་ཆ་གཅིག་ལ་ཡང་བདག་པོ་རྒྱག་ཐུབ་ན་ཅི་མ་རུང་སྙམ་སྟེ་ཉ་ཉོག་མ་མོག་ཅི་ལ་ཡང་འདང་མ་བརྒྱབ་པར་རེ་ཞིག་མིག་ཟུང་བཙུམས་ནས་རང་གིས་རང་ལ་བསམ་བཞིན་ཚོད་ལྟ་ཐེངས་ཤིག་བྱས།
ཝེ། ལས་ཁུངས་སུ་ཡོད་དམ། ངོས་ལེན་ཡི་གེ་ཚགས་ཨེ་ཡོད།
ཁ་པར་ཡོང་མཁན་དེ་མགོ་གཙོ་གཞོན་པ་རེད། དེ་ནི་ཁོ་མོ་དང་རིམ་པ་གཅིག་གིས་མཐོ་བའི་མགོ་བ་དེ་རེད། རུས་ལི་ཅན་གྱི་མགོ་གཙོ་གཞོན་པ་དེས་ལས་ཁུངས་འདི་ནས་ཕལ་ཆེར་ལོ་ཉི་ཤུ་རྩ་གྲངས་སུ་སྡུག་ཤ་དང་ཤུན་པགས་བརྗེ་རེས་ཀྱིས་ལས་ཀ་བྱས་མྱོང་། ཁོ་ཐོག་མར་སློབ་མཐར་ཕྱིན་དུས་སློབ་ཆེན་ག་གེ་མོ་ཞིག་གི་བོད་རྒྱ་སྐད་གཉིས་ཀྱི་ཆེད་ལས་ཡིན་ཡང་། བྱ་བའི་དབང་གིས་རྒྱ་ཡིག་གི་གཞུང་ཡིག་འབྲི་ཁུལ་གྱིས་ད་ལྟ་བོད་ཡིག་གི་ཡིག་ངོ་ཆོད་པ་ཙམ་ལྟ་ཅི། ཐ་ན། བོད་སྐད་འཆད་པར་ཡང་གདེང་ཚོད་མེད་པ་ཞིག་ཏུ་གྱུར་ཡོད།
འོན་ཀྱང་། ཁོས་སྔར་བཞིན་དེ་ངོ་ཚ་ཞིག་ཏུ་གཏན་ནས་རྩི་བཞིན་མེད་དེ། ནམ་རྒྱུན་ཟ་ཁ་ཆང་ཁ་ནས་རང་ཉིད་ཀྱི་རྒྱ་ཡིག་འབྲི་རྩལ་དེ་གཞན་ལ་ངོམ་སྤྱད་བྱས་ནས་གཟི་བརྗིད་ཅིག་ཏུ་རྩི་བཞིན་ཡོད། ཟ་གྲོགས་འཐུང་རོགས་དེ་ཚོས་ཀྱང་ཁོ་ལ་བོད་ཞིག་གིས་རྒྱ་ཡིག་གི་གསར་འགྱུར་འབྲི་ཐུབ་པ་ལས་སླ་མོ་མ་རེད་ཅེས་ངོ་བསྟོད་བྱེད་ངེས། ཁོ་ཡང་དེ་ལས་སླ་མོས་དང་ལེན་བྱེད་འགྲོ་བའི་མི་སྐྱིད་ཅིག་ཡིན། གང་ལྟར། ལྷ་མོ་ཁོ་ལ་སེམས་གཏིང་ནས་ཞེན་པ་ལོག་པའི་རྒྱུ་མཚན་ཉག་གཅིག་ནི། ཁོའི་སྐྱེས་ཡུལ་ར་མ་ལུག་གི་རྒྱ་མིན་བོད་མིན་གྱི་ས་དེ་ཡིན་པས་མ་ཡིན་པར། ཁོའི་རང་གཤིས་མེད་པའི་སྒལ་ཚིགས་ཆག་པོ་དེ་དང་ཁ་ནས་བོད་དང་བོད་སྐད་ཙམ་ཡང་བཤད་མི་ཤེས་པ་དེ་ཁོ་ནས་ཡིན།
ཨ། བརྡ་རྟགས་ཨེ་ཡིན་ནམ། གསལ་པོ་ཞིག་ཐོས་མ་སོང་། མགོ་བ་ལི།
ལྷ་མོས་བསམ་བཞིན་གོ་ཡང་མ་གོ་ཁུལ་གྱིས་ཡང་དང་བསྐྱར་དུ་ཐེངས་འགའ་ལ་དྲིས་པས་ལི་མགོ་བའི་ད་སོ་མའི་དཔོན་སྐད་ཐོག་འབེབས་འབེབས་བྱས་པ་དེ་ལམ་དུ་འགྲོ་རུ་མ་བཅུག
མགོ་གཙོས་ཁྱོད་ཀྱི་ངོས་ལེན་ཡི་གེ་འདྲི་བཞིན་འདུག ཐུང་ཐུང་ལ་ཚགས་དགོས་འདུག
ཐེངས་གཉིས་པར་བཤད་སྐབས་ད་སོ་མའི་བཤད་ཚུལ་དེ་ཡོངས་སུ་བསྒྱུར་སོང་བ་དང་། ཁོས་བཤད་ཀྱིན་པའི་མགོ་གཙོ་དེ་ཡང་ཁོའི་ཡན་གྱི་མགོ་བ་དེར་བཤད་ཀྱིན་ཡོད་ལ། ཁ་པར་རྒྱག་དོན་མགོ་གཙོ་དང་པོའི་བཀའ་ཡིན་པའི་རྒྱབ་གནོན་དེའང་དལ་བ་དལ་བུའི་སྒོ་ནས་བརྒྱུད་བྱུང་། དེའང་ལྷ་མོའི་སྐུད་ལམ་གྱི་ལན་ཁོ་ནར་འབྲེལ་བ་ངེས་ཅན་དུ་ཡོད་པ་ཞིག་ཀྱང་མིན་པར། ལི་མགོ་བ་རང་ཉིད་ཀྱིས་ཀྱང་མགོ་གཙོ་དང་པོའི་བསམ་ཚུལ་ངོ་མ་ཞིག་ཡེ་ནས་རྟོགས་ཀྱིན་མེད་པས་ཡིན། དེའང་ཕར་དེད་ན་ཕན་ཚུན་ལ་རྒྱུས་མི་སྟེར་བའི་སྲིད་འཛིན་གར་སྟེགས་སྟེང་གི་གོང་འོག་དབང་རྩོད་ཀྱི་གར་རྣམ་གསར་པ་ཞིག་རེད། སྐབས་དེར་ལྷ་མོའི་སྒྲུང་གཏམ་གྱི་བྱུང་རིམ་དེ་བྱིས་བློ་དྭངས་མ་ཞིག་གིས་བཞེངས་པའི་རྩེད་ཁང་ནང་བཞིན། ཇི་ལྟར་བློ་བཀོད་འཐེན་ཡང་དེ་བས་ཀྱང་འགྲུབ་ཐབས་མེད་པ་ཞིག་ཏུ་གཞི་ནས་གྱུར།
རྒྱུ་མཚན་ནི། ངོས་ལེན་ཡི་གེ་ནི་དང་ཐོག་ཚོགས་ཐོག་ནས་བཤད་ཚོད་དུ་མགོ་གཙོ་ཡིས་ལྷ་མོར་བཅད་པའི་ཁྲིམས་ཆད་ཅིག་ཡིན་མོད། རྗེས་སུ་མགོ་བ་ལི་བར་དུ་འཛུལ་ནས་ལྷ་མོར་ཟླ་ངོ་གཅིག་ལ་གནོན་ཤུགས་སྟེར་བའི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་པ་དང་། ཐ་ན་ངལ་གསོའི་ཉིན་མོར་ཡང་འཇབ་རྒོལ་ལྟ་བུ་བྱེད་ཀྱིན་པ་འདི་ནི་ཕལ་ཆེར་དཔོན་ཆུང་གིས་གཡོག་ཆུང་རིག་ས་མེད་ཅེས་པའི་དཔེ་ལྟར། ལྷ་མོས་བསམ་ཞིང་བསམ་བཞིན་འགོག་མིན་ཁོང་ཁྲོ་ཞིག་གཏིང་ནས་སྐྱེས་ཤིང་ལག་གཡས་པས་མཐེབ་གཞོང་ནང་དུ་ངར་གྱིས་ཁུ་ཚུར་ཞིག་གཞུས་པ་དང་། ཁུ་ཚུར་གཅིག་གི་དོན་དག་ལ་ངོས་ལེན་ཡི་གེ་ཐེངས་ལྔར་བཅའ་དགོས་པའི་ཁྲིམས་ཤིག་གང་ན་འདུག རྩ་འཛུགས་ལ་སྤྲད་དང་ཆོག ངས་འབྲི་མི་ཐུབ།
ལྷ་མོས་ལས་གྲོགས་རྒྱ་ཕྲུག་ཞིག་གི་གདོང་ལ་ཁུ་ཚུར་ཞིག་གཞུས་པའི་དོན་དག་དེར་སྔ་ཕྱིར་ངོས་ལེན་ཡི་གེ་དེ་ཐེངས་ལྔར་བཅོས་མོད། ཐེངས་ལྔ་བོར་མགོ་གཙོ་དང་པོས་ངོས་ལེན་གཏིང་མི་ཟབ་པའི་སྐྱོན་བརྗོད་བྱས་འདུག་ཅེས་ལི་མགོ་བས་དང་ལེན་མ་བྱས། ད་ཐེངས་ཚིག་རྡོ་སྒྱོགས་འཕེན་འཕེན་བྱས་པ་དེ་ཁོ་མོའི་སེམས་ཐག་རྨང་ནས་ཆོད་པའི་ངར་ཤུགས་དང་། བློ་ཁོག་དང་ཤེས་རྒྱ་མེད་པའི་ལས་སྣེ་དེར་ཁོ་ཆད་སུན་སྣང་གི་ཡ་ལན་སྤྲད་པའི་མཐའ་མཇུག་གི་ཐ་ཚིག་ཏུ་གྱུར།
ང་རྩ་འཛུགས་ཡིན། རྩ་འཛུགས་ང་ཡིན། ཆོག་གི གོང་རིམ་རྩ་འཛུགས་ནས་ཐུག
མགོ་བ་ལི་ཡིས་དཔོན་གཏམ་གྱི་རྔ་མ་གོང་རིམ་ལ་བཏགས་སོང་ལ། དོན་དམ་དུ་གོང་རིམ་ནི་ཁོས་བཤད་པའི་ཏང་གི་སྐྱིད་སྡུག་ཞུ་སའི་ཨ་བ་དེར་གོ་དགོས་པ་ཡིན། ཡིན་ཡང་། ཁོས་བཤད་པའི་གོང་རིམ་ནི་གཅིག་བྱས་ན་ཁོ་རང་ཉིད་ལ་ཡང་ཡིད་རྟོན་གྱི་གདེང་ཚོད་ཡེ་ནས་མིད་པའི་མགོ་བ་ཆེ་གེ་མོ་ཞིག་ཡིན་སྲིད་ལ། གཅིག་བྱས་ན་ཁོ་རང་ཉིད་ཀྱིས་མི་ལོ་ཉི་ཤུར་ཆགས་སྡང་དང་འགྲན་རྩོད་ཀྱིས་བཞེངས་པའི་མགོ་བ་ཆེ་གེ་མོ་ཞིག་གི་སྣང་བརྙན་ཞིག་ཡིན་ཡང་སྲིད། གང་ལྟར་ཁོའི་དཔོན་གཏམ་ལ་ལས་ཁུངས་འདི་ནས་མི་གཅིག་གིས་ཀྱང་ཁས་ལེན་ཐོབ་མ་མྱོང་། རྒྱུ་མཚན། ཁོ་བྱ་བར་ཞུགས་པ་ནས་མི་ལོ་ཉི་ཤུར་རྐུབ་སྟེགས་གཅིག་གི་ཐོག་ནས་ཁའོ་རིམ་པ་ནས་ལང་ཚོ་ཟད་སོང་བས་ཡིན།
ཁྱོད་རྩ་འཛུགས་ཡིན་ན་ང་རྩ་བ་ཡིན། མང་ཚོགས་ཡིན། གང་འདོད་བགྱིས། ངས་དར་དམར་དཔང་ལ་བཞག་པ་ཡིན། ཁྱོད་ལས་ཁུངས་ནས་འཕུད་མ་ཐུབ་ན་ཞེས་དར་དམར་དཔང་ལ་བཞག་ནས་མནའ་དགོད་བྲོ་བ་ཞིག་ཀྱང་བསྐྱལ་བྱུང་།
སྐབས་དེར་མགོ་བ་ལི་ཡིས་ཁ་པར་གྱི་སྒོ་གཏན་ཟིན་ཡང་ལྷ་མོ་སྔར་བཞིན་སྡོད་མི་ཚུགས་པར་ཕར་འགྲོ་ཚུར་འགྲོ་བྱས་ནས་ཁོ་ལ་སྡིག་དམོད་བྱེད་ཅིང་། ཏག་ཏག་ལས་ཁུངས་སུ་ལས་གྲོགས་དང་མགོ་བ་འདི་འདྲར་འཕྲད་དོན་ཅི་ཡིན་ནམ། ཐ་ན་ལོ་གཅིག་གི་ངལ་གསོའི་ཉིན་བཅུ་བོ་ཡང་ངོ་ཐང་དང་དབང་ཐང་གིས་གནོན་པ་འདི་ཅི་ཡིན་ནམ། ཐ་ན་རང་ཉིད་དགའ་བའི་བརྩམས་ཆོས་ཤིག་འབྲི་བར་ཡང་བགེགས་དང་བར་ཆད་འདི་འདྲ་མོད་པོ་ཞིག མོས་བསམ་ཞིང་བསམ་བཞིན་རང་ཉིད་ཀྱི་དང་ཐོག་གི་གདམ་གར་མགོ་ནས་མཇུག་བར་དུ་ཡང་བསྐྱར་ཞིབ་འདང་ཐེངས་ཤིག་མི་རྒྱག་ག་མེད་བྱུང་།
༼གསུམ།༽
ལྷ་མོས་ཁེར་རྐྱང་གི་མཐོང་སྣེ་གཞུང་ལས་ཐོག་ཁང་གི་དྲ་མའི་ཕྱི་རུ་འཕངས། དེ་རིང་གི་ཉིན་གཅིག་པོ་དེ་ཏན་ཏན་རྫོང་མཁར་ནུབ་རིའི་ཕྲག་པར་བསྙེས་པའི་སྟོན་མཇུག་གི་ཉི་མ་འདི་ཁོ་ན་དང་ཤིན་ཏུ་འདྲ་སྟེ། ད་ནངས་ཤར་རིའི་རྩེ་ནས་གསེར་མདོག་གི་ཟེར་བརྒྱ་ས་གཞིར་བཀྱེད་དུས་རེ་བ་དང་ཕུགས་བསམ་གྱི་འདུན་མ་ཡོད་ཚད་ལ་གསོན་ཤུགས་དང་སྐྱེས་སྟོབས་ཀྱི་དཔལ་འབར་ན་ཡང་། ད་ནི་མཚམས་སྤྲིན་གྱི་སྨྲེང་སེམས་ལས་མཆེད་པའི་དམར་ཁ་ཇེ་མཐུག་དང་གསེར་ཞལ་གྱི་དཀྱིལ་འཁོར་ལེབ་མོ་ཇེ་ཆུང་དུ་གྱུར་ཏེ། ཐང་ཆད་པའི་གོམས་འགྲོས་རྟབ་རྟབ་པོ་དེ་རེ་ཞིག་མུན་པའི་ཉག་ཁ་དེ་རུ་བགྲོད་མཚམས་མི་འཇོག་ག་མེད་དུ་གྱུར་ཡོད་པ་ནང་བཞིན། ལྷ་མོ་རང་ཉིད་ཀྱང་ལྗན་ལྗིན་གྱི་ཁོར་ཡུག་འདི་དང་མག་མོག་གི་མི་སེམས་གཉིས་ཀྱི་དམར་འཛིང་དབར་ནས་རེ་ཞིག་ཧད་པར་གྱུར་པ་དང་། ལུས་ལ་ཐང་ཆད་ཅིང་སེམས་ལ་སྐྱོ་སྣང་ཐན་ཐུན་ཞིག་གིས་ཉིན་གཅིག་གི་སྒྱུ་འཕྲུལ་ལྟ་བུའི་འཇིག་རྟེན་གྱི་ཁ་དོག་ལ་རི་མོ་ཡག་པོ་ཞིག་འགོད་འདོད་ཀྱི་ཕུགས་བསམ་སྙིང་རྗེ་བོ་དེ་གཞི་ནས་ས་སྲོད་ཀྱི་རྒྱང་མིག་ཆད་པ་དང་མཉམ་དུ་ནག་འཚུབ་བེར་ཡལ་བར་གྱུར།
ཡ། གཞས་ཤིག་ལ་ཉན་དགོས།
ཁ་ཕྱིར་འཁོར་བ་ན་གཞུང་ཤག་ཆུང་ཆུང་དེའི་ནང་རོལ་གྱི་ཅ་དངོས་ཡོད་ཚད་རང་རང་སར་འཇམ་ཅག་གེར་ཡོད་ལ། ཁོ་ཚོའང་ཕལ་ཆེར་ཁེར་རྐྱང་གི་སུན་སྣང་ཞིག་གིས་ཁོ་མོ་ཁ་ཕྱིར་འཁོར་བར་བསྒུགས་འདུག་པ་དང་འདྲ་སྟེ། གློག་ཀླད་ངོས་ཀྱི་སྨྱུག་མདའ་ནག་ཡོར་མ་དེས་ད་དུང་ལྷ་མོར་ལག་གཡུག་བྱས་དང་བྱེད་བཞིན་མཆིས། ཁོ་མོར་ཁོང་དགོད་ཅིག་སྐྱེ་ཞོར་སྙིང་ཉེ་བའི་གྲོགས་པོ་འདི་ཚོར་ཅིས་ཀྱང་ནུབ་ཁའི་སྲོད་ལ་སྦྱར་བའི་ཁྱིམ་དུ་ལོག་པ་ཞེས་པའི་ས་ཁི་སིའི་རོལ་དབྱངས་དེའམ་ཡང་ན་བཞོ་དབྱངས་ཞེས་པའི་དམངས་གླུ་སྙན་མོ་དེ་གཞི་ནས་གཏོང་དགོས་སྙམ།
ས་ཡང་རབ་རིབ་སྲོད་ཀྱང་མག་མོག་ཅིག
སེམས་དེ་ཡ་ཡོ་ལུས་ཀྱང་ནག་ནོག་ཅིག
གཅིག་པུར་བགྲོད་ལ་རྒྱབ་གཟུགས་ནག་པོ་ཞིག
བསམ་ན་རྡོག་པའི་སྣེ་ཡང་ནག་པོ་ཞིག
རླུང་ཡང་ཤ་ཤུར་དབུགས་ཀྱང་ཧལ་ཧལ་ཅིག
སྐྲ་དེ་ཐར་ཐོར་གོས་ཀྱང་ལྷབ་ལྷུབ་ཅིག
མཁའ་མཐར་འཆར་བའི་ལང་ཚོ་ནག་པོ་ཞིག
བྲིས་ན་སྨྱུ་གུའི་ཚོན་ཡང་ནག་པོ་ཞིག
སྡེ་དེ་ནག་པོ་གྲོགས་ཀྱང་ནག་པོ་ཞིག
གཞས་དེ་ནག་པོ་ལམ་ཡང་ནག་པོ་ཞིག
གཤིས་ལ་བསྟིམས་པའི་དུག་ཆུ་ནག་པོ་ཞིག
བཞུར་ན་ཕྱི་མའི་ལམ་ཡང་ནག་པོ་ཞིག
གཞུང་ཤག་ཆུང་ཆུང་དེའི་ནང་ན་ས་ཁི་སིའི་རོལ་དབྱངས་དེ་སྲོད་ཀྱི་ལྷུང་ལྷུང་འབབ་པའི་ཆུ་མོ་ནང་བཞིན་དལ་གྱིས་གྲགས་ཀྱིན་ཡོད་ལ། ཡིད་ཀྱི་དང་བ་འདྲེན་པའི་དབྱངས་ཀྱི་འགྱུར་ཁུགས་རེ་རེ་ནི་ཆུ་མོ་གར་དུ་རྩེན་པའི་སིལ་སིལ་གྱི་ཆུ་ཟེགས་འཕུར་བ་ནང་བཞིན་མཛེས་སྡུག་གི་ཆུ་རིས་དེ་ལྷ་མོའི་གམ་ནས་ཅ་དངོས་ཀྱི་གས་སྲུབས་ཡོད་ཚད་བརྟོལ་ཏེ་གཞུང་ཤག་གྲུ་བཞི་མ་དེའི་ལྷུ་ཚིགས་དང་ནང་གི་རྣམ་ཤེས་ཡོད་དོ་ཅོག་གོ་མེད་ཚོར་མེད་དུ་གཏོར་བར་བྱེད། སྐབས་དེར་ལྷ་མོའི་གམ་གྱི་གྲོགས་པོ་ཚོས་ཀྱང་བློ་གཅིག་སེམས་གཅིག་གིས་རང་ཁྱིམ་ལ་ལོག་པ་ལྟ་བུའི་རོལ་དབྱངས་དེར་ཅི་དགར་རོལ་མྱོང་དང་ཉམས་སུ་མྱོང་གིན་ཡོད་ཚོད་ཡིན། ལྷ་མོས་རོལ་དབྱངས་ཀྱིས་བཟི་བའི་རང་ཉིད་སྲོད་ཁའི་མཚམས་སྤྲིན་གྱི་དངུལ་རྭ་རི་བོའི་འདབས་རོལ་ཏུ་ཇི་ལྟར་སླེབས་པ་མ་ཚོར་ལ་ལག་ནས་རང་དབང་མེད་པར་སྨྲེང་སེམས་ཀྱི་བཞུར་རྒྱུན་དྲག་པོ་ཞིག་རིས་སུ་འཐག་པའང་མ་ཚོར་བར་སྐད་ཚོམས་སུ་བཏང་འཕྲལ་མདུན་གྱི་ཅོག་ཙེར་བསྙེས་ཏེ་གཉིད་དུ་ཡུར།
མཛེས་མ། འདི། ཤ་མོག་དང་ཤ་བག་ལེབ། དྲོན་པོ་ཡིན། འཁྱག་ཏུ་མ་འཇུག
གམ་གྱི་ཁྱིམ་མཚེས་ཆགས་རྒན་དེར་མི་སྐྲག་ན་ད་རུང་མུ་མཐུད་དུ་གཉིད།
༼རིག་བཀྲས་བརྒྱུད་གཏོང་བྱས།༽