ཨ་རིག་འགྱུར་མེད།
ང་དང་སྙིང་སྡུག་མས་སེམས་གཏམ་གླེང་དུས
འཇིག་རྟེན་གྱི་མི་ཚོགས་ཉལ་ཞིང་
དབུགས་ཐོགས་ཚད་ཀྱི་འཁུན་སྒྲ་འཇགས་འདུག
ཧ་ཅང་རྒྱང་རིང་རྒྱང་རིང་ཞིག་ན
ཆུ་བོའི་བཞུར་སྒྲ་ཙམ་ལས་ཅི་ཡང་མི་ཐོས
ཡིན་ནའང་། ངས་སྙིང་སྡུག་མའི་བརྩེ་ཆང་འཐུང་སྟེ
གསང་གཏམ་ཤབ་ཤུབ་ཅིག་གླེང་དུས
མཁའ་མཐའི་ཟླ་བ་བགད་བྱུང་
མཚམས་མེད་པར་ངེད་གཉིས་ལ་བལྟས་ནས་བགད་སྟབས
ངས་ཟླ་བ་འདི་སྤྲིན་གྱིས་བསྒྲིབས་ཏེ
སྐར་ཚོགས་ཀྱང་གཉིད་དུ་ཡུར་ན་བསམ
ཡིན་ནའང་ དུས་དེ་ནས་བཟུང་
ཟླ་བ་གཅིག་པུས་ངའི་གསང་བ་རྟོགས་ཤིང་
ང་དང་སྙིང་སྡུག་མའི་བརྩེ་བ་རྟོགས་པས
ངའི་ལུས་ཀྱི་ཟུངས་ཁྲག་ཟད་ཅིང་
དབུགས་ཀྱི་རྒྱུ་བ་འགགས་ནའང་
ཟླ་བ་ནི་ང་དང་མཛའ་མོའི་བརྩེ་དུང་གི་དཔང་པོ་ཡིན
དུས་དེ་ནས་བཟུང་
ཟླ་བས་མཁའ་མཐའ་ན་བལྟས་ཡོད་བསམ་ན
ཟླ་བས་ཁ་རོག་གེར་ཉན་ཡོད་བསམ་ན
ང་དང་མཛའ་མོའི་སེམས་རྩ་དྲོ་ཞིང་
བརྩེ་དུང་གི་རྒྱབ་རྩ་ཇེ་བརྟན་དུ་གྱུར་འགྲོ
ཟླ་བ་ལགས ཁྱེད་ཀྱིས་ངའི་གསང་བ་རྟོགས་སམ
རྩོམ་པ་བོའི་མཆན།
གོང་གི་རྩོམ་ཡིག་དེ་དངོས་གནས་སེམས་ཚོར་རྒྱ་ཡན་པ་ཞིག་ལ་བརྟེན་ནས་བྲིས་པ་ཡིན་ལ། དུས་ཚོད་ཀྱི་འགྲོ་སོང་དང་བསམ་གཞིག ཐ་ན་ཤོག་སྨྱུག་གི་འགྲོ་སོང་ཞིག་ཀྱང་མ་བཏང་བར་ཁ་ཐུག་ཏུ་བྲིས་པ་ཡིན། བྲིས་ཚར་རྗེས་རང་ཉིད་ཀྱིས་ཚར་གཅིག་བཀླགས། ཅིག་ཡིན་པའི་ཚོར་སྣང་ཞིག་སྤྲད། ཡིན་ནའང༌། ངས་རང་གི་སྙན་ངག་དེ་ཚར་འགའ་བསྐྱར་ཀློག་བྱས་རྗེས། ད་བཟོད་སྙན་ངག་ཅིག་མ་རེད་ཅེས་ཐག་བཅད། དཔེར་ན། ཟླ་བས་ངེད་གཉིས་ལ་བལྟས་ནས་བགད་ཚུལ་ཞིག་བྲིས་འདུག ཟླ་བས་ངེད་གཉིས་ལ་བལྟས་ནས་དགོད་ཤེས་རྒྱུ་རེད་དམ། ཇི་ལྟར་དགོད་གི་རེད། སྐད་ཆ་འདི་ངོ་མ་དགོད་སྤྱད་རེད། ཟླ་བས་ངེད་གཉིས་ལ་བལྟས་ཏེ་འདི་ལྟར་དགོད་ཀྱིན་འདུག་ཅེས་འགྲེལ་ཤེས་ཀྱི་མེད་བཞིན་དུ་བགད་ཚུལ་ཞིག་བྲིས་པ་ནི་རྫུན་ཁོ་ན་རེད་ལ། ང་སྙན་ངག་པ་རྫུན་མ་ཞིག་ཏུ་འགྱུར་ཉེན་འདུག
དེ་ན། ནམ་ཞིག་ངའི་ཡིད་སེམས་སྐྱོ་གདུང་དྲག་པོ་ཞིག་གིས་མནན་ཏེ། ངུ་སྐབས་ཟླ་བས་ཀྱང་ང་ལ་ཅེར་ཏེ་ངུ་གི་འདུག་ཅེས་ཁྱེད་ཚོར་བསྟན་ན། ཁྱེད་ཚོས་ཡིད་ཆེས་བྱ་སྲིད་དམ། ཟླ་བ་ངུ་སྲིད་པའི་དབང་དུ་བཏང་ཡང་ང་ལྟ་བུ་གཅིག་གི་ཆེད་དུ་ངུ་དགོས་ན་ངུ་ཚོད་མེད་ལ། དགོད་དགོས་ན་དགོད་ཚོད་ཀྱང་མི་འདུག་སྟེ། སྤྱི་ཚོགས་ཕྱེད་གཉིད་དུ་ཡུར་དུས་ཕྱེད་ལངས་ནས་འགྲོ་གི་ཡོད་ལ། སྲོག་ལྡན་འབུམ་ཕྲག་ཅིག་ལ་དབུགས་ཐོགས་སྐབས། འབུམ་ཕྲག་ཅིག་འཆི་བཞིན་ཡོད། མི་འབུམ་ཕྲག་ཅིག་དགོད་སྐབས་འབུམ་ཕྲག་ཅིག་ངུ་གི་ཡོད། དེ་ལྟར་འཛམ་གླིང་འདིའི་ཤར་ལྷོ་ནུབ་བྱང་ན་དགོད་མཁན་དང་ངུ་མཁན། དགའ་མཁན་དང་སྡུག་མཁན་གཅིག་ཀྱང་མེད་དུས་ཤིག་ཡོད་མི་སྲིད་པས་ཟླ་བ་འདི་ངོ་མ་སྙིང་རྗེའི་ཡུལ་ལོ། །
ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༢ མཚན་མོར།
འགྱུར་མེད་ཡིན་ན་འདིས་སྙན་ངག་ར་ཨེབ་ཆེན་རེ་འབྲི་གི་འདུག ངས་བསམ་ན་སྙན་ངག་འདིར་འཚོ་བའི་ཆེས་ཚད་དམའ་ས་ན་ཡོད་པའི་ན་གཞོན་ཞིག་གི་ཡུད་ཙམ་པའི་འཆར་སྣང་བརྗོད་ཡོད་པ་མ་ཟད། རང་ཉིད་དང་དགའ་མའི་བར་གྱི་བརྩེ་དུང་གི་ཕྱི་མཐའ་ལ་རེ་སྨོན་ཀྱང་བཅངས་འདུག སྙན་ངག་འདིར་སྙན་ངག་གི་ཁྱད་ཆོས་ལས་ལྷག་པར། མཚན་ཉིད་རིག་པའི་ཁྱད་ཆོས་ཤིག་ཀྱང་འཛོམས་འདུག་པ་འདྲ་སྟེ། རྩོམ་པ་པོ་རང་ཉིད་ཀྱིས་བཏབ་པའི་མཆན་གྱི་ནང་གསལ་ལྟར། 《སྤྱི་ཚོགས་ཕྱེད་གཉིད་དུ་ཡུར་དུས་ཕྱེད་ལངས་ནས་འགྲོ་གི་ཡོད་ལ། སྲོག་ལྡན་འབུམ་ཕྲག་ཅིག་ལ་དབུགས་ཐོགས་སྐབས། འབུམ་ཕྲག་ཅིག་འཆི་བཞིན་ཡོད། མི་འབུམ་ཕྲག་ཅིག་དགོད་སྐབས་འབུམ་ཕྲག་ཅིག་ངུ་གི་ཡོད། དེ་ལྟར་འཛམ་གླིང་འདིའི་ཤར་ལྷོ་ནུབ་བྱང་ན་དགོད་མཁན་དང་ངུ་མཁན། དགའ་མཁན་དང་སྡུག་མཁན་གཅིག་ཀྱང་མེད་དུས་ཤིག་ཡོད་མི་སྲིད་པས་ཟླ་བ་འདི་ངོ་མ་སྙིང་རྗེའི་ཡུལ་ལོ། །》ཞེས་པ་འདི་སྙན་ངག་གི་བསམ་བློའི་ནང་འཛོམས་ཡོད་ཚེ་དོན་དངོས་ཀྱི་ཆོིས་ཉིད་ཅིག་ལ་དབྱེ་ཞིབ་ཀྱི་བསྡུར་ཚད་སྤྱད་ནས་འཇིག་རྟེན་གྱི་ངོས་གཅིག་ལ་སྡོམ་ཚིག་ཀྱང་བཞག་འདུག འོན་ཀྱང་སྙན་ངག་རང་གི་ངོས་ཤིག་ནས་བསམ་བློ་འདི་འདྲ་མཚོན་ཐུབ་ཀྱི་མེད་པ་འདྲ། མ་ཟད་རང་མོས་སྙན་ངག་ཅིག་གི་ཚད་ནས་ལྷུག་ཆེ་བའི་སྐྱོན་ཞིག་ཀྱང་ཡོད་པ་འདྲ་སྟེ། ཨ་ཁུ་ཀླུ་སྨྱོན་སོགས་ཀྱིས་དབྱེ་ཞིབ་གསལ་བོ་གནང་ཐུབ་ན་དགེ་མཚན་ཆེ།
ཨ་རོགས་ཚོ། དགུང་མོར་ཟླ་བ་ཤར་དུས། ཨོ། དོ་དགོང་ཚེས་བཅོ་ལྔ་ཡིན་པས་ཟླ་བ་ངོ་མ་དཀར་ཞིང་སྒོར། དོ་དགོང་ལྟ་བུའི་ཟླ་འོད་ཀྱིས་འཇིག་རྟེན་འདི་ཞི་འཇགས་ཀྱི་ཀློང་དུ་བསྙལ་བའི་མཚན་མོ་རེ་རེར་ག་ལེར་ཕྱི་རོལ་ཏུ་གོམ་བགྲོད་བྱས་ན་སེམས་ནང་ཞི་བདེའི་ཚོར་བ་དམིགས་བསལ་བ་རེ་སྐྱེ་རྒྱུ་འདུག དེ་ལས་སྙན་ངག་རེ་འབྲི་དུས་ཀྱང་ཟླ་འོད་རང་གི་བསིལ་ཟེར་གྱི་འོག་ཏུ་ཕྱི་ལོགས་ནས་གང་འཚམ་རེ་བསྡད་ན་སེམས་ནང་སྙན་ངག་ཐན་ཐུན་རེ་འཆར་རྒྱུ་འདུག དཔེར་ན་རྒྱ་ནག་པ་སུའུ་ཏུང་ཕོའི་སྙན་ངག་གྲགས་ཅན་ཞིག་ཏུ། དཀར་བསིལ་ཟླ་བ་ག་དུས་འཆར་མིན་དེ། །ཆང་ཕོར་བཏེགས་ནས་དགུང་སྔོན་མཐོན་པོར་འདྲི། །ཞེས་པ་ལྟ་བུ་བཀླགས་ཚེ། སྙན་ངག་པ་ཞིག་གིས་རྒུན་ཆང་མངར་མོའི་བཟི་ཁའི་ཀློང་ནས་ནམ་མཁའི་ཟླ་བ་ཤར་རྒྱུར་རེ་སྒུག་བྱེད་བཞིན་པའི་སྣང་བརྙན་ཞིག་མིག་ལམ་དུ་ཤར་རྒྱུ་འདུག
ཨ་ཁུ་ཀླུ་སྨྱོན་ལགས། ཁྱེད་ཀྱིས་བཏབ་པའི་མཆན་འདིར་གཞི་རྩའི་ཆ་ནས་དོན་འདུས་ཤིང་བློ་བསྐྱེད་ཡོད་པའི་རྩོམ་ཐུང་ཡག་པོ་ཞིག་རེད་མོད། སྐབས་འདིར་ང་ཚོས་རེ་བ་རྒྱག་ས་ནི་འདི་མིན་པར། ད་ལྟའི་སྙན་ངག་པ་ཨ་རིག་འགྱུར་མེད་ཀྱི་སྙན་ངག་འདི་ལྟ་བུར་སྙན་ངག་པ་རྒན་པ་ཚོས་ངོས་ནས་ལྟ་ཕྱོགས་གང་འདྲ་འཛིན་གྱི་ཡོད་པ་དང་། སྙན་ངག་འདིའི་ཕྱི་ནང་གསང་གསུམ་ན་ཁྱེད་ཚོའི་འདོད་ཕྱོགས་སུ་འབབ་པའི་གཤིས་ཉམས་འདྲ་ཡོད་མེད་དེ་རེད། གླེན་པ་ལུག་གིས་རེ་འབོད་ཞུ་རྒྱུ་ལ། ཨ་རིག་གི་སྙན་ངག་འདིར་བཟང་ངན་ཤན་འབྱེད་ཀྱི་ཁྱེད་རང་གི་ལྟ་ཚུལ་ལྷུག་པོར་གསུངས་པའི་རེ་བ་ཞུ། འདི་ནི་ཨ་རིག་པ་ཁོང་གི་རེ་བའང་ཡིན་སྲིད། ང་ནི་སྨོས་ཅི་དགོས། ཨ་ཁུ་ལགས། རེ་བ་སྟོང་ཟད་དུ་མ་གཏོང་རོགས།
ཤོག་་་་་་་་་་་་་་་་་་་་་་
ཨ་རིག་འགྱུར་མེད་ལགས། ངས་བལྟས་ན་ཁྱེད་ཀྱིས་དངོས་གནས་སྙན་ངག་ཡག་པོ་ཞིག་བྲིས་འདུག འོན་ཀྱང་ཁྱེད་ཀྱིས་མཆན་གྱི་ནང་བཤད་པ་དེ་ཚོར་ང་མོས་མཐུན་མེད། གང་ཡིན་ཟེར་ན། སྙན་ངག་ནང་གི་ཟླ་བ་དགོད་ཤེས་པ་མ་ཟད་ངུ་ཡང་ཤེས། སྤྱིར་འཛམ་བུ་གླིང་ལ་ཟླ་བ་གཅིག་ཡིན་ཀྱང༌། སྙན་ངག་གི་འཇིག་རྟེན་ན་སྙན་ངག་པ་རེ་རེར་ཟླ་བ་རེ་ཡོད་ཀྱང་ཆོག དེ་ནི་སྙན་ངག་གི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པར་སེམས། དེ་བས་ཁྱེད་ཀྱི་བརྩེ་དུང་གི་དཔང་པོ་ཟླ་བ་དེ་མདང་དགོང་རྡ་ས་ན་མཚན་གང་གཉིད་མ་ཁུག་པར་སྐབས་རེར་དགོད་པ་དང༌། སྐབས་རེར་ངུ་ཡི་ཡང་ཡོད་ཚོད་འདུག དེ་ལྟའི་རྡ་སའི་ཟླ་བ་དེ་ཡང་མདང་དགོང་བཅོ་ལྔའི་ཟླ་བ་དང་འགྲོགས་ནས་ཟླ་བ་གཞན་ཞིག་ལ་ཕྱིར་དྲན་བྱེད་བཞིན་གཉིད་ཀྱི་ཞིང་ཁམས་འཇའ་བཞིན་ཡལ་བར་ཡང་བཤད། ཨ་ཨ་ཨ་་་་་་་ ཟླ་བ་ཡ་ཟླ་བ། ཨ་རིག་གི་ཟླ་བ། བརྩེ་དུང་གི་དཔང་པོ།
གླེན་པ་ལུག སྐད་ཆ་ཡིན་ན་འདི་ཚོད་ཚོད་བཤད་རྒྱུ་ཞིག་མིན་པར་བསམ་བློ་བཏང་ནས་བཤད་དགོས་དུས་ཤིག་ཀྱང་ཡོད་པ་རེད། ཁྱོད་ཀྱིས་སོམས་དང་། ཁྱེད་ཀྱིས་ངའི་རྩོམ་ཡིག་ལ་བཏབ་པའི་མཆན་དེའི་ནང་༼སྙན་ངག་འདིར་སྙན་ངག་གི་ཁྱད་ཆོས་ལས་ལྷག་པར། མཚན་ཉིད་རིག་པའི་ཁྱད་ཆོས་ཤིག་ཀྱང་འཛོམས་འདུག་པ་འདྲ་༽ཞེས་པ་དང་། ༼འོན་ཀྱང་སྙན་ངག་རང་གི་ངོས་ཤིག་ནས་བསམ་བློ་འདི་འདྲ་མཚོན་ཐུབ་ཀྱི་མེད་པ་འདྲ། མ་ཟད་རང་མོས་སྙན་ངག་ཅིག་གི་ཚད་ནས་ལྷུག་ཆེ་བའི་སྐྱོན་ཞིག་ཀྱང་ཡོད་པ་འདྲ་༽ ཟེར་བ་འདི་གཉིས་ནང་འགལ་རེད་ལ། མཆན་ཆུང་ཆུང་ཞིག་འདེབས་སྐབས་འབའ་སྐད་ཡག་པོ་ཞིག་རྒྱག་མི་ཤེས་པར་བལྟས་ན། ཁྱོད་ཀྱིས་མི་ཤེས་ཤེས་ཁུལ་བྱེད་ཀྱི་འདུག
གལ་སྲིད་ངས་བྲིས་པའི་སྙན་ངག་འདི་ཡག་ན་ཡག་གི་ཟེར་བའི་ཚིག་དེའི་སྟེང་དུ་བསྡད་ནས་ཤོད། མི་ཡག་ན་མི་ཡག་གི་ཟེར་བའི་ཚིག་དེ་འཇུས་ནས་སྡོད། ཡག་བཙོག་དང་བཟང་ངན་གཉིས་ཀ་བཤད་འདོད་ན། དབྱེ་ཞིབ་ཡག་པོ་བྱོས། སྤྱིར་ངས་འགྲོ་ཞོར་འདུག་ཞོར་གྱི་སྙན་ངག་ཅིག་ལ་དབྱེ་ཞིབ་བྱེད་རུང་བའི་ཆ་མེད་མོད། བཤད་འདོད་ན་དེ་ལྟར་ཤོད། གོ་ཁའི་རྒན་མོ་ཁ་མང་ཚོས་ད། འདི་ལྟར་ད་ཡར་བཤད་ན་ཅང་མ་འགོར་བར་མར་བཤད་གི་རེད།
གླེན་ལུག ད་ལོ་ངར་དགུན་ཤ་ཤིག་གི་དགོས་མཁོ་ཡོད་ལ། གཅིག་བྱས་ན་སྟོན་མོ་ཞིག་ཀྱང་བཤམས་འདོད་འདུག་པས་ཤེད་རྒྱས་གི་མ་འཇུག
ཨ་ཁུ་ཀླུ་སྨྱོན། ཁམས་བཟང་། ངས་ཁྱེད་རང་ངོ་ཤེས་མོད་ཁྱེད་ཀྱིས་ང་མཁྱེན་གི་མ་རེད། གང་ལྟར་གོང་གི་རྩོམ་ཡིག་དེ་འདིར་བཀོད་དོན་ཁྱེད་ལྟ་བུའི་རྩོམ་པ་བོ་རྒས་གྲས་ཚོས་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་རེ་གསུངས་ན་ཕྱིན་ཆད་ཀྱི་ས་ནས། ཕྱི་བུག་གི་གནས་ནས། ང་རང་ཉིད་ལ་ཅུང་ཙམ་རེ་ཨེ་ཕན་བསམ་པས་ཡིན།
དེ་མིན། གོ་ཚོད་ཡིན་ན་ཁྱེད་ཀྱིས་དགེ་བསྐོས་བཙན་པོ་ཟེར་བའི་དེབ་ཅིག་འདོན་རྩིས་ཡོད་རབས་ཟེར། དེབ་དེ་ངེས་པར་དུ་གདན་ས་སེ་འབྲས་དགེ་གསུམ་གྱིས་གཙོས་དགོན་སྡེ་ཁག་ལ་དཀྲམ་རོགས། ངས་རེ་བ་ཞུ་བཞིན་ཡོད་ལ། བཀླག་འདོད་ལས་མི་བ་གི
བོད་ཀྱི་བུ། ངས་མཁའ་མཐའི་ཟླ་བ་ངེད་ཅག་ཐུན་མོང་ལ་དབང་བའི་ཟླ་བ་གཅིག་པུ་དེ་ཡིན་སྟབས། ཁོ་ང་ལྟ་བུ་གཅིག་གི་ཆེད་དུ་དགོད་དགོས་ན་དགོད་ཚོད་མི་འདུག་ལ། ངུ་དགོས་ན་ངུ་ཚོད་མི་འདུག་ཅེས་བརྗོད་པ་ཡིན་མོད། ཁྱེད་ཀྱིས་མཁའ་མཐའི་ཟླ་བ་དེ་མི་རང་རང་གི་སེམས་ཀྱི་ཟླ་བ་ཞིག་ལ་ངོས་བཟུང་ནས། ངའི་ངྷ་སའི་ཟླ་བ་དེ་མདང་དགོང་དགོད་མ་ངུས་ཀྱིས་ནམ་ཟླ་བསྐྱལ་ཚུལ་ཞིག་བཤད་འདུག དེ་ཡང་འགྲིག་གི ཁྱེད་ཀྱིས་བཤད་པ་ལྟར་ན་ངའི་བཞུད་ཟིན་པའི་བཤུལ་ལམ་སྟེང་དུ་ཟླ་བ་ད་དུང་འགའ་རེ་ཡོད་ལ། ཟླ་བ་དེ་དག་གི་ཁྲོད་དུ་ཟླ་བ་ཁྲེལ་མེད་དང་། ཟླ་བ་ངོ་གཉིས་ཅན། ཟླ་བ་བཞུགས་ཁྲིད་ཅན། ཟླ་བ་རང་བཙོན་མཁན་མང་བོ་ཡོད་ལ། བརྗེད་མི་རུང་ཞིང་། ཡང་ཡང་དྲན་ཡོང་བའི་ཟླ་བ་འགའ་རེ་ཡང་ཡོད། འོན་ཀྱང་། ཨ་མདོ་འབྲོག་ཕྱོགས་ཀྱི་གསར་བུ་ཚོར་མཚོན་ན་ཟླ་བ་ཅི་ཙམ་གྱི་མང་ཞིང་། ཟླ་བའི་དགོད་སྒྲ་ཅི་ཙམ་གྱི་མང་བོ་ཐོས་ཤིང་། འཛུམ་ཞལ་ལ་རོལ་མྱོང་ཇི་ལྟར་མང་བ་བྱ་ཐུབ་ན། དེ་ནི་སྡེ་བའི་ནང་གི་གསར་བུ་དགའ་བོ་དང་། ན་ཟླའི་ནང་གི་ཟླ་བ་མང་ཤོས་ཆགས་པ་ཡིན་པས། དངོས་གནས་སྐྱིད་པོ་ཡོད་པ་རེད། ཡིན་ནའང་། ལྡོག་ཕྱོགས་ནས་བཤད་དགོས་ཚེ་དེ་བཞིན་སྡུག་བསྔལ་གྱི་རྒྱུ་རུ་གྱུར་འགྲོ་བའི་དུས་ཀྱང་མང་གི་ཡ།
ཨ་རིག མཚན་མོ་སྙིང་སྡུག་མ་དང་མཉམ་དུ་བསྡད་ནས་ཁ་གནམ་ལ་ཁོར་ནས་དོ་སྣང་ཚང་མ་ཟླ་བ་དང་སྐར་མའི་ཕྱོགས་ལ་བཏང་ནས་། བེམ་པོ་དེ་ཚོར་སྒྲོ་འདོགས་ཀྱི་རྣམ་འགྱུར་ག་རེ་སྦྱར་ནས་རང་ཉིད་ཀྱི་རྩོམ་ཡིག་ནང་ཇི་ལྟར་བསྲེས་སྟངས་ལ་བསམ་བློ་ཞིབ་མོ་བཏང་ནས་འདང་བརྒྱག་གི་ནང་ལ་ལྷུང་བསྡད་ན། སྙིང་སྡུག་མ་དེས་ཁྱེད་རང་གིས་མོ་ལ་སྣང་ཆུང་གཏོང་བའི་སྙིང་རིང་ཞིག་ཏུ་མཐོང་ནས་ཉོབ་འགྲོ་གི་རེད། དེ་ལས་སྙིང་སྡུག་མའི་ངག་གི་གདངས་དང་མིག་གི་འོད། ལུས་པོའི་ཉམས་དང་རྐུབ་ཀྱི་རེག་བྱ། མཆུ་འདབ་དང་བྲང་གཞུང་སྦྱར་མཚམས་ཀྱི་དགའ་བདེ་སོགས་འབུར་དུ་བཏོན་ཐུབ་ན། ད་བཟོད་སྙན་ངག་དེས་སྙིང་སྡུག་མ་མགུ་བར་བྱེད་ཐུབ་ལ། ཁྱེད་རང་གི་ལུས་ངག་ཡིད་གསུམ་མོ་རང་གི་སྟེང་ལ་འཐིམ་ཡོད་པའི་ཚོར་བ་ཞིག་སྟེར་རྒྱུ་གལ་ཆེན་པོ་མ་རེད་དམ། དེ་མིན་སྙིང་སྡུག་མ་ཁ་གཡར་ས་ཙམ་བྱས་ནས་ཟླ་སྐར་ཆུ་སྒྲ་སོགས་ཀྱིས་རྩོམ་ཡིག་
གི་ལུས་པོའི་བརྒྱ་ཆ་ ༩༥ ཡན་ཟིན་པ་ཡིན་ན། སྙིང་སྡུག་མ་དེས་ཁྱེད་རང་གི་སྙན་ངག་ནང་གསལ་ལ་མི་གསལ་གྱི་གྲིབ་གཟུགས་ཕྲ་མོ་ཞིག་གི་ས་ཆ་ལས་ཟིན་མེད་པས་སྙན་ངག་དེས་མོ་ལ་ཕོག་ཐུག་གཏོང་གི་མ་རེད་དམ། རྩེད་མཚར་བསྲེས་མའི་བསམ་ཚུལ་ཡིན་ལགས།
ཅི་ཙམ་གྱི་ཞེས་པ་གྱིས་ཞེས་བཅོས་རོགས།
སྟག་སྨྱོན། སྙན་ངག་འདིའི་ནང་མཛའ་མོའི་སྐོར་མང་ཙམ་འབྲི་དགོས་ཚེ། ངའི་སྐོར་ཡང་མང་བོ་ཞིག་འབྲི་དགོས་ཀྱི་འདུག དེ་ཡང་སེམས་ཁམས་དང་བསྟུན་ནས་འབྲི་དགོས། དེ་ཡིན་དུས་ཡང་བསྐྱར་ང་འོད་དུས་དེབ་སྟེང་འགྲོ་ན་མ་གཏོགས་ཡོང་ས་མ་རེད། མང་འགྲོ་གི་འདུག
མ་རེད་མ་རེད། རྗེས་མ་ཁྱེད་རང་གཉིས་འདུག་དུས་ཁྱེད་རང་༢གཙོ་བོ་བྱས་ནས་འབྲི་ཆོག་གི་རེད། སྔོན་མ་དེ་ཁྱེད་རང་གི་སྙན་ངག་འབྲི་སྲོལ་རྙིང་བ་ཞིག་ཏུ་བརྩི་ཆོག མ་འོང་བར་དེ་དང་མ་འདྲ་བའི་ཁྱེད་རང་གི་སྙན་ངག་གསར་བའང་འབྲི་ཆོག་གི་རེད།
སྟག་སྨྱོན། ང་ཅུང་ཙམ་མ་ཁོམ་ཐལ། ཁྱོད་ད་དུང་དྲ་ཐོག་ན་ཨེ་ཡོད།
རྗེས་མ་ངས་འབྲི་དུས་ངེད་གཉིས་ཀྱི་སྟེང་དུ་སྐྱེས་བུ་གསུམ་པ་ཞིག་སྦྱར་ནས་འབྲི་ན་འདོད། དེ་ཡང་ནུབ་ཕྱོགས་པའི་ཁྱུ་ཚོགས་བྱས་ནས་འབྲི་བཞིན་པ་དེ་འདྲ་ཞིག་འབྲི་ན་འདོད། འོན་ཀྱང་། ད་ལྟའི་ང་ཚོའི་སྤྱི་ཚོགས་ངོས་དང་། བོད་མི་ཚོའི་བསམ་པའི་འཁྱེར་ཕྱོགས་ཀྱི་ངོས་ནས་ད་དུང་རང་འདོད་དུ་འབྲི་ཆོག་ཆོག་ཅིག་ཡིན་ས་མ་རེད་པ།
ཁྱོད་དེ་འདྲ་འབྲི་ཨེ་ཤེས། ཡང་ན་བྲིས་ཨེ་མྱོང་། ཁ་བྲོ་དྲང་བོ་ཤོད་ད།
ཨ་རིག་འགྱུར་མེད་ལགས་སུ། ཁྱེད་ཀྱི་སྙན་ངག་དེ་ང་ལ་མཚོན་ན་ནང་དོན་གྱི་ཆ་ནས་ཅུང་ལེགས། ཡིན་ན་ཡང་ཚིག་སྦྱོར་ལ་སྙན་ངག་ཅིག་ལ་ཚང་དགོས་པའི་སྙན་ཆ་དེ་ཙམ་མི་འདུག་སྙམ། དེ་བཞིན་ཟླ་བ་དང་སྦྱར་ནས་བརྩེ་དུང་གི་སྙན་ངག་འབྲི་མཁན་ཕལ་མོ་ཆེས་བྲིས་ཡོད་པའི་ཟླ་བས་ཁྱེད་ལ་བཞག་པའི་བག་ཆགས་སམ་དུང་སྣང་གསོན་པོ་དེ་ཁྱེད་ཀྱིས་འདིར་བྲིས་མེད་པ་འདྲ་ཞིག་རེད། རབ་ཡིན་ན་ཁྱེད་ཀྱིས་མགོ་བོ་དགྱེ་ནས་མཁའ་དབྱིངས་ཀྱི་ཟླ་བ་དང་པོར་མཐོང་དུས་ཀྱི་ཚོར་བ། ཟླ་འོད་སབ་སིབ་ཅིག་ཁུ་སིམ་མེར་ཁྱེད་དང་ཁྱེད་ཀྱི་དགའ་མ་གཉིས་ཀྱི་སྙིང་དབུས་སུ་བབས་པའི་ཚོར་བ། ཚོར་བ་དེས་ཁྱེད་གཉིས་ཀྱི་བརྩེ་དུང་གི་བཟི་ཁ་དེ་སྔར་ལས་ལྡབས་འགྱུར་གྱིས་ཇེ་མངར་དུ་གྱུར་པའི་ཚོར་བ། དེ་ནས་ལས་སྐལ་དམན་པའི་ཟླ་བ་དེ་སྤྲིན་པས་སྒྲིབ་དུས་ཀྱི་ཚོར་བ། ཟླ་བ་དེ་ག་ལེར་གནམ་མཐར་ལྷུང་དུས་ཀྱི་ཚོར་བ་སོགས་བྲིས་ཡོད་རྒྱུ་ན་ཁྱེད་ཀྱི་སྙན་ངག་འདི་ཡག་ནས་ཡག་ཏུ་སོང་ཡོད་རྒྱུ་རེད། སློབ་དཔོན་དབྱུག་པ་ཅན་གྱིས། དེ་ནི་ད་ལྟའང་རྣམ་རྟོག་སྟེ། །འདི་དག་མ་ལུས་སུས་བརྗོད་ནུས། །གསུངས་པ་བཞིན། རྣམ་རྟོག་གིས་བཞེངས་ཤིང་རྣམ་རྟོག་གིས་བཤིགས་པའི་སྙན་ངག་འདི་ཚོར་དོན་ངོ་མར་ལེགས་ཉེས་ཀྱི་ཁ་ཚོན་གཅོད་རྒྱུ་ངོ་མ་དཀའ་མོ་ཞིག་རེད་ཡ།
དང་པོ། ཁ་སང་ཨ་རིག་འགྱུར་མེད་ཟེར་བའི་གསར་བུ་འདིས་རྩོམ་ཡོན་སྐོར་གྱི་རྩོམ་ཡིག་ཐུང་ཐུང་ཞིག་བྲིས་འདུག ཁོང་གིས་རྩོམ་ཡོན་ནི་གནད་འགག་ཆེན་པོ་ཡིན་པའི་སྐོར་གྱི་སྐད་ཆ་ཞིག་བཤད་པ་དེ་བདེན་པ་རེད་སྙམ། ངས་བསམས་སྐབས་རྩོམ་པ་པོས་དང་ཐོག་རྩོམ་ཡོན་ལ་མི་བལྟ་བར་རང་གིས་འབྲི་བཞིན་པའི་རྩོམ་ཡིག་ལ་བསམ་བློ་གནད་དུ་ཐིངས་པ་ཞིག་གཏོང་རྒྱུ་ནི་རྩོམ་ཡོན་ལས་ཀྱང་གལ་ཆེན་རེད། དེ་མིན་སྙན་ངག་ཐན་ཐུན་རེ་དང་རྩོམ་ཡིག་ཐུང་ཐུང་རེ་བྲིས་ནས་ངའོ་སྙམ་པའི་ང་རྒྱལ་དང་བཅས་ཏེ་སྤྱི་ཚོགས་ལ་འཁང་ར་བྱེད་རྒྱུ་ནི་ཅུང་མི་ལེགས་ཤིག་ཏུ་འཁུམས། གཉིས་པ། གོང་དུ་ཁོང་གིས་བྲིས་པའི་སྙན་ངག་འདིའི་བརྗོད་བྱ་ནི་བརྩེ་དུང་རེད། བརྗོད་བྱ་ལེགས་པོ་མི་འདུག་ཟེར་སྲོལ་ཡོད་པ་མ་རེད་དེ། ཚིག་གི་ཉམས་འགྱུར་གྱི་ཕྱོགས་ནས་བཤད་ན་ད་དུང་ན་ཆུང་རེད། ན་ཆུང་རེད་དེ། ངས་ཁོང་གིས་རང་མོས་སྙན་ངག་འབྲི་ཤེས་ཀྱི་མི་འདུག་ཟེར་གྱི་མེད་ནའང་། གྲོལ་བའི་སྙན་ངག་འདི་འབྲི་བ་ལའང་སྦྱོར་བརྡར་གྱི་གོ་རིམ་ཞིག་བརྒྱུད་དགོས་པ་ཡིན་སྟབས། གྲོལ་བའི་སྙན་ངག་གི་ཚབ་མཚོན་ལྟ་བུ། དཔེར་ན། གཅན་མེ་སྟག་གི་མགོ་ལོག འབྲོང་གི་ལྷ་ས། ལྷ་ས། ལྷ་ས། འཇུ་སྐལ་བཟང་གི་དགེ་འདུན་ཆོས་འཕེལ། གངས་ཞེན་གྱི་གཤོག་ཐོགས་ཀྱི་ཚོགས། རྨ་འོད་ཀྱི་ཁྲུང་ཁྲུང་དཀར་མོ་སོགས་ལ་སློབ་སྦྱོང་བྱས་ཏེ། ད་བཟོད་རང་མོས་སྙན་ངག་འབྲི་ཐུབ་ན་ལེགས་པོ་རེད་སྙམ།
ཨ་ཁུ་ཀླུ་སྨྱོན་དང་ཚེ་རིང་གི་བུ་གཉིས་ལགས།
དངོས་གནས་ཐུགས་རྗེ་ཆེ། གསར་སྐྱེས་རྩོམ་པ་བོ་ཞིག་གི་མདུན་སྐྱོད་ཀྱི་ལམ་དུ་ངེས་པར་དུ་དགོས་པ་ནི། རྒན་རབས་རྩོམ་པ་བོ་དག་གིས་བླ་མེད་ཀྱི་མཛུབ་སྟོན་དང་། ནོར་བ་ལེགས་བཅོས། ཞན་ཆ་རྗེན་སྟོན་བྱེད་པ་དེ་རེད་ལ། བརྒྱུད་རིམ་དེའི་ཁྲོད་ནས་ད་བཟོད་གསར་སྐྱེས་རྩོམ་པ་བོ་ཕྲན་ལྟ་བུ་ཞིག་ལ་མཚོན་ན། སྐྱོད་ཀྱིན་པའི་ལམ་གྱི་ཁ་ཕྱོགས་མི་འཆོལ་ཞིང་། ཁྱེད་རྣམ་པའི་ལམ་སྟོན་ཡོད་བསམ་ན་དེ་བས་ཀྱང་སྤོབས་པ་དང་སེམས་ཤུགས་ཀྱིས་མདུན་ནས་མདུན་དུ་རྒྱུག་རྒྱུར་རྔམ་ཞིང་བྲེལ།
ད་དུང་ཡང་མུ་མཐུད་མཛུབ་སྟོན་དང་ལྷག་པར་གོང་གི་སྙན་ངག་དེའི་ཞན་ཆ་མང་ཙམ་ཡོད་ངེས་པས་གསུངས་རོགས་མཛོད། དེ་ནི་ངའི་མདུན་ལམ་དང་འབྲེལ་ཡོད་པས་ངས་ཀྱང་དང་ལེན་དང་ལེགས་བཅོས་གཉིས་ཀ་བྱ་ངེས་པས་ཡིན། ཐུགས་རྗེ་ཆེ།
ངས་ཀྱང་ཁྱེད་ལ་སྐད་ཆ་རྡོག་མ་ཁ་ཤས་ཤིག་བཤད། མི་གཞན་པ་ཞིག་གིས་བརྗོད་བྱ་མ་མ་མ། ཚིག་སྦྱོར་མ་མ་མ། ཅིག་བྲིས་ན་ཡག་པོ་རེད། ཅིག་བྲིས་ན་ཡག་པོ་མ་རེད་ཟེར་བ་དེ་ཚོ་ཉན་ཡ་ཡོད་མ་རེད། དེ་ཚོར་ཉན་བསྡད་ན་ཁྱེད་རང་ཁྱེད་རང་མ་ཡིན་པའི་མི་གཞན་ཞིག་ཏུ་འགྱུར་གྱི་རེད། ཁྱེད་རང་གིས་སྙན་ངག་རྩ་ནས་འབྲི་མ་ཤེས་པ་ཆགས་པའི་ཉེན་ཁ་ཡོད་པ་རེད། ཁྱེད་རང་གི་སྙན་ངག་དེ་ཡང་ཁྱེད་རང་གི་མ་ཡིན་པ་ཆགས་པའི་ཉེན་ཁ་ཡོད་པ་རེད།
རང་གིས་རང་དབང་དང་བློ་བག་ཡངས་པོའི་སྒོ་ནས་གང་འདོད་འདོད་དུ་ཕྲིས། ཁྱོད་ཀྱིས་རྫ་ཟོར་ར་འདྲ་ཞིག་གི་མགོ་ནས། ལུག་སེར་ར་འདྲ་ཞིག་འཚོས་ནས། ཨ་རིག་ལ་རིང་རྒྱང་འཐེན་བྱེད་པར་སུ་གང་གི་སློབ་སྟོན་མི་དགོས་པ་དེ་བཞིན་རེད། ང་རྒྱལ་སྐྱེས་ན་ང་རྒྱལ་གྱི་གླུ་ལོངས། སྤྱི་ཚོགས་ལ་ཁོང་ཁྲོ་ཟ་ན་ཁོང་ཁྲོའི་གླུ་ལོངས། རང་ཉིད་རང་ཉིད་ཡིན་པ་ངོ་ཤེས་པ་གྱིས་ལ། རང་གི་སྙན་ངག་དེ་ཡང་རང་ཁོ་ན་ལ་གཏོགས་པ་ཞིག་ཡིན་དགོས། ང་ཁོང་གཉིས་ཀྱིས་སློབ་སྟོན་བྱས་པ་ལ་དགའ་མ་སོང་ལ་སློབ་གསོ་བྱེད་སྟངས་ལའང་དགའ་མ་སོང་། སྙན་ངག་འབྲི་བ་ལ་སློབ་སྟོན་ཟེར་བ་ཞིག་ཡོད་པ་རེད་པས། སྙན་ངག་མེ་ལོང་མར་དཔེ་བརྗོད་བཞག་ན། འགྲིག་མ་འགྲིགས་ཀྱི་སྐད་ཆ་ཡོད་རྒྱུ་རེད།