རྩོམ་པ་པོ། ཨ་འདུས་མིག་ཆུ།
ཁྲེས་པོ་ཁུར་ཏེ་རྔུལ་ཆུ་འབྱིད་བཞིན་ལམ་དུ་ཆས།།
བྱེ་མའི་ལམ་གྱི་འགག་འཕྲང་བརྒལ་ནས་མདུན་དུ་བསྐྱོད།།
ཕུགས་རེ་ཉར་ཞིང་སེམས་པ་སྐྱོ་བཞིན་ག་ལེར་བཞུད།།
སྐྲག་བཞིན་འདར་བཞིན་ས་མཐའི་གཞི་ཁྱིམ་ཐོད་པས་བསུས།།
ཕ་མར་བྲལ་སོང་ཕ་ཡུལ་བསྐྱུར་པའི་མྱི་ལྡོམ་ཁྱུ།།
ཟ་འཐུང་མེད་ལ་མགོ་ཁང་བྲལ་ཡང་མི་ཞུམ་ལ།།
དངུལ་ལོ་མེད་ཀྱང་མཛའ་བརྩེ་ཁུར་ནས་ག་ལེར་འོངས།།
མིག་ཆུ་མེད་ཀྱང་དྲན་གདུང་ལྕི་རུང་གཞན་ཡུལ་འགྲིམས།།
མེད་མུག་ཁྲོད་དུ་རྐང་པར་བརྟེན་ནས་ཡུལ་དུ་བྱོལ།།
བཟའ་རྒྱུ་དབུལ་ཡང་རྩྭ་སྔོན་ཟ་བཞིན་མདུན་དུ་བསྐྱོད།།
ངོ་ཤེས་མེད་ཀྱང་གནམ་ས་གཉིས་ལ་རེ་བློ་བཅོལ།།
ཕུཊ་བསམ་ཆེན་པོས་གང་ལ་མ་འཛེམས་ཤ་རེར་བཞུད།།
ཨ་མ་དྲན་སོང་མིག་ཆུས་སེམས་ལ་དཔུང་འཇུག་བྱེད།།
ཨ་ཕ་དྲན་སོང་གདུང་བས་སྙིང་ཤ་བཙིར་གནོན་བྱེད།།
ཕྱིར་བཀྱེད་མེད་པར་ཕུཊ་བསམ་ཆེད་དུ་དམ་བཅའ་བཟུང་།།
ལག་པ་འཁྱག་སོང་རྐང་པ་འཕྱིད་ཀྱང་སེམས་ཤུགས་ཡོད།།
ཚ་བས་གཟིར་སོང་རྔུལ་ཆུའི་ཐིགས་པ་ཕྲུམ་ཕྲུམ་བཞུར།།
དུག་སྦྲང་བཙན་སོང་ཟུངས་ཁྲག་ཁོལ་མ་ཐོལ་ཐོལ་འཛག།
གཞན་སྐད་མ་ཤེས་ལྐུགས་པའི་རྟུལ་ཞུགས་སྐྱོ་སྣང་མཆེད།།
མི་ཡུལ་ས་མཐར་མིག་ཆུ་མ་འཐོར་དཔའ་བོ་སུ།།
འཕྲུལ་རིགས་ནང་ནས་མགོ་བོ་ན་ཞིང་ཞེ་མེར་ལངས།།
གཡག་རོག་བཞོན་པའི་རྩྭ་ཐང་འཚོ་བ་སྐྱིད་སྣང་ཚོར།།
སྐུ་ངོ་རེ་འགའི་གསུང་སྐད་བཙན་ལ་བརྙས་བཅོས་མྱངས།།
ཤེས་མེད་ཕ་ཡུལ་རྒན་རྒོན་དེ་ཚོ་ཡང་ཡང་དྲན།།
གནས་མཆོག་རྡ་སའི་ཕོ་བྲང་མཇལ་དུས་ཡིད་སེམས་གསོ།།
རང་རེ་སྤུན་ཟླའི་ཞལ་རས་མཐོང་དུས་སྣང་བ་སྤྲོ།།
རྒྱལ་བའི་ཞལ་གསུང་སྙིང་ལ་འབབ་དུས་དགའ་སྐྱོ་ཡི།།
མཆི་མའི་རྒྱུན་ཐག་རེ་རེ་འཐོར་སོང་ཤ་རེ་ཚ།།
སྣེ་ལེན་ཁང་དུ་ལྷན་འཛོམས་དགོད་སྒྲས་ལྷིང་འཇཊ་དཀྲོཊ།།
འབབ་ཚུགས་དེ་ནས་བྲལ་གདུང་མིག་ཆུ་འཛད་མེད་བཞུར།།
གྱེས་བྲལ་རེ་རེའི་ན་ཟུག་ཁུར་ཏེ་ཕྱོགས་སུ་འཐོར།།
དྲན་གདུང་བརྩེ་བ་ཡི་གེར་ཕབ་ཏེ་རྒྱང་ལ་བསྐུར།།
གསོག་སྒར་སློབ་གྲྭའི་སྒོ་ཐེམ་བརྒལ་དུས་མིག་ཆུ་ཞིག།
སུ་ཇཱ་སློབ་གྲྭའི་ཅོང་སྒྲ་ཐོས་དུས་སེམས་ངལ་ཞིག།
གྲྭ་ས་ཁག་གི་གླིང་ཆེན་འགྲིམ་དུས་རེ་བ་ཞིག།
གསར་འབྱོར་ང་ཚོ་འདི་ལྟར་འཛོམས་ཤིང་གྱེས་པ་འོ།།
ལྡ་ལིའི་བྲོ་བ་ལྕེ་ཡིས་མྱོང་ཚེ་རྩམ་པ་དྲན།།
ཚ་ཟེར་འོད་ཀྱིས་ལུས་པོ་ངལ་དུས་བསིལ་རླུང་དྲན།།
མཐོང་ཆུང་ཚིག་གི་ཟུར་སྣེ་གོ་དུས་ཕ་མ་དྲན།།
དྲན་གདུང་མང་པོས་མནར་བཞིན་མནར་བཞིན་ས་མཐར་ལྷག།
ཕྱི་མི་སྣ་ཚོགས་འཛོམ་སར་གྱུར་པའི་རྡ་ས་འདི།།
གསར་འབྱོར་མང་པོའི་རེ་བ་འདྲ་མིན་ལྷག་ས་ཡིན།།
འདི་ནས་དགའ་ལ་འདི་ནས་སྐྱིད་ཀྱང་ད་དུང་ཡང་།།
མིག་ཆུ་བཏང་ཞིང་ཚེ་སྲོག་ཤོར་བའི་གཏམ་རྒྱུད་བྲིས།།
གླས་ཁང་གླད་ན་རྡོ་ལེབ་བཀབ་པའི་ཨུ་ཁུང་མང་།།
དབྱར་གྱི་ཆར་ཐིཊ་ཁོག་ཚུལ་མི་འདུག་སྙིང་རེ་རྗེ།།
དགུན་གྱི་ལྷགས་རླུང་ངར་གྱིས་འཚུབ་ཏེ་ལུས་སེམས་ཀུན།།
སྐྱོ་ཞིང་འདར་རུང་ཨུ་ཚུགས་མི་བྱེད་ཐབས་གཞན་ཅི།།
ཁང་མིག་ཆུང་ཆུང་ཆ་རྐྱེན་ཞན་པའི་ནང་རོལ་ན།།
མི་གསུམ་མི་བཞི་འཚང་ཁའི་ངང་ནས་ཉལ་ལེབ་བྱས།།
ཞོགས་པའི་མཚམས་སྤྲིན་ཐོད་ལ་བབས་དུས་འབྲི་དེབ་རེ།།
ལག་པར་ཁུར་ནས་དབྱིན་ཡིག་འགའ་རེ་སྦྱོང་ལ་འབད།།
ཟླ་གཅིག་འགོར་བའི་ཞོགས་པ་རེ་རེ་སྔ་པ་ལ།།
སྒོ་ལུང་རྡུང་བའི་ཐག་སྒྲ་དེ་དག་རྣ་བར་གཟན།།
ཁང་གླ་འདེད་པའི་སྐད་ཅོར་དེ་དག་སྙིང་ལ་གཟན།།
ཟླ་གཅིག་བསགས་པའི་སྒོར་རྡོག་འགའ་བོ་སྦྱིན་པར་བྱས།།
མདོར་ན་འདི་ནས་གཤོག་པ་ཐོགས་ཏེ་ཕྱི་ཡུལ་འགྲིམས།།
ཕ་མ་དྲན་དེ་ཡུལ་ལ་ལོག་པ་ག་ཚོད་ཡོད།།
འདི་ནས་འཛོམས་ཤིང་འདི་ནས་གྱེས་པའི་གསར་འབྱོར་དག།
མིག་ཆུ་མོད་པོའི་གཏམ་རྒྱུད་བྲིས་ཏེ་ཕྱོགས་མཐར་ཆས།།
གསར་འབྱོར་དག་ལ་ཞིང་ཁ་ཟེར་བའི་ཐ་སྙད་མེད།།
གཞིས་ཆགས་ཟེར་བའི་གྲོང་སྡེ་ཙམ་ཡང་ཡོད་མ་གྱུར།།
འགྱིག་ཤོག་འོག་ཏུ་ལ་ཕན་བཙོངས་ཤིང་བག་ལེབ་བཙོང་།།
འཚོ་བ་རྣལ་མས་རང་ཁ་གསོས་ཏེ་མྱི་ཚེ་རྫོགས།།
དཀའ་སྡུག་འོག་ཏུ་སློབ་སྦྱོང་ཕྱོགས་ལ་བློ་སེམས་བཅོལ།།
ཡི་གེའི་ལམ་ནས་སེམས་ཚོར་རྣལ་མ་གཟུགས་ལ་ཕབ།།
བོད་སྐད་བོད་ཡིག་དུང་ཞེན་ཟབ་མོས་སྙིང་ལ་བཅངས།།
བོད་རྩོམ་སྐྱ་རེངས་འཕགས་པའི་ཡུལ་དུ་ཤར་བར་བྱས།།
བོད་ཡིག་སྦྱངས་པས་རང་ཁ་མི་སོས་སྐྲག་སྣང་མེད།།
བོད་ལྭ་གྱོན་པས་འཕྱ་རུ་དོགས་པའི་སེམས་ཚོར་མེད།།
རང་ནོར་རང་སྲུང་འབད་པས་བྲེལ་བ་འདི་ཁོ་ན།།
གསར་འབྱོར་ང་ཚོའི་གཟི་བྱིན་ཡིན་པ་སེམས་ལ་ཉར།།
ཕ་ཡུལ་ཕྱོགས་ན་ང་ཚོར་གང་ཡང་ཡོད་པ་མིན།།
འཕྲུལ་རྟ་རྫིག་པོ་ཁ་པར་གོང་ཆེན་ག་ལ་ཡོད།།
མི་འདུག་ཅེས་ཏེ་འཕྱ་ལ་དགའ་བ་མང་ཚོད་རེད།།
ང་ཚོ་འདི་ལྟར་འཕྱ་མོད་ཁྲོད་ནས་ལང་ཚོ་རྒྱས།།
མི་ཡུལ་བྱོལ་བ་དཔལ་འབྱོར་འཚོལ་ཆེད་ག་ལ་ཡིན།།
འཚོ་གནས་མེད་པའི་རི་ཁྱིམ་ཞིག་ནས་ང་ཚོ་འཚོས།།
དཔལ་འབྱོར་མེད་ཅེས་འཕྱ་བོ་དག་ལ་སྙིང་རེ་རྗེ།།
ཕ་མས་གནང་བ་རང་གིས་སྤྱོད་པ་ངོ་རེ་ཚ།།
ས་མཐར་འཁྱམ་པའི་ལོ་ཟླ་དུ་མའི་དཀའ་སྡུག་འདི།།
ང་ཚོ་ལས་གཞན་སུས་ཀྱང་མྱོང་བའི་སྤོབས་པ་བྲལ།།
ཐོས་རྒྱ་མཐོང་རྒྱའི་མིག་ཡངས་འདི་འདྲ་ཕ་ཡུལ་གྱི།།
ལུག་རྫི་བྱ་སའི་རི་མགོ་དེ་ནས་ཐོབ་ཡེ་བྲལ།།
ང་ཚོར་ལོ་དང་དཔང་ཡིག་རེ་རེའི་ཚད་བཀག་གིས།།
ཐོབ་དང་གོ་ས་རྨི་ལམ་ཙམ་ཡང་ཡོད་མ་ཡིན།།
ཟ་ལེ་རྒྱལ་དང་གསང་ཉུལ་བ་ཡི་མིང་བྱང་གིས།།
འུ་ཚོ་ཚང་མ་ས་ལ་སྦྱར་བ་གྲངས་ལས་འདས།།
༢༠༡༦/ ༥ / ༢ ་ཉིན་ཨ་མདོའི་གྲོང་གསེབ་ཏུ་བྲིས།