ཟམ་གདོང་རིན་པོ་ཆེ། ༼བསྟན་རྣམ་གྱིས་འོས་སྦྱོར་ཞུས།༽
ཁྲིམས་དང་སྒྲིག་གཞི་བཟོ་རྒྱུ་དེ་ལས་དོན་སླ་རུ་འགྲོ་བའི་ཆེད་དུ་བཟོས་པ་རེད་མ་གཏོགས། ལས་ཀ་བྱེད་དཀའ་རུ་འགྲོ་རྒྱུ་དང་མགོ་རྙོག་ཏུ་འགྲོ་བའི་ཆེད་དུ་བཟོས་པ་མ་རེད། ལས་ཀ་བྱེད་མཁན་དེས་དྭོགས་པ་བྱེད་མི་དགོས་པར་ཁྲིམས་དང་སྒྲིག་གཞི་ལ་བལྟས་ནས་ལམ་སེང་ལམ་སེང་ཐག་གཅོད་ཐུབ་པ་ཞིག་དང་། ཐག་བཅད་པ་དེའང་རྗེས་མ་མི་གཞན་གྱིས་འགྲིགས་མི་འདུག་ཅེས་ལབ་ནའང་སྒྲིག་གཞི་དང་ཁྲིམས་གཞི་བཟུང་བྱས་ཏེ་ངས་ལས་ཀ་བྱས་པ་ཡིན། ག་འདྲ་མ་འགྲིགས་པ་རེད་དམ་ཞེས་ལབ་སྟེ་ཁུངས་བསྐྱལ་རྒྱུ་ཡོད་པ། གང་ཟག་ལ་ལྟོས་མི་དགོས་པ། འདི་གཅིག་གིས་ལབ་ཀྱི་འདུག གཅིག་གིས་རྒྱབ་གཉེར་གནང་གི་འདུག་ཟེར་བ་དེ་འདྲ་ལབ་ས་མེད་པ། སྐྱོ་པོ་ཡོངས་རྫོགས་ལ་འདྲ་མཉམ་གྱི་ཐོག་ནས་ཐོབ་ཐང་ཡོང་ཐུབ་པ་དང་། ཐག་གཅོད་བྱེད་མཁན་དེ་ཚོ་ལའང་བསམ་བློ་དང་ལྟ་སྤྱོད་གང་གི་ཆ་ནས་དཀའ་ངལ་མེད་པ། ལས་ཀ་བྱས་པའི་རྗེས་ལའང་དེ་ལ་སྐྱོན་འཛུགས་དང་ཐལ་ཆ་ཕྱིན་པའི་གོ་སྐབས་མི་ཡོང་བར་སྟབས་བདེ་པོ་ཞེ་དྲགས་ཡོང་བའི་ཆེད་དུ་ཁྲིམས་དང་སྒྲིག་གཞི་དེ་དག་གཏན་འབེབས་བྱེད་ཀྱི་ཡོད་པ་རེད།
ཁྲིམས་དང་སྒྲིག་གཞི་ཇི་ཙམ་གྱིས་མང་བ་དང་། ཇི་ཙམ་གྱིས་ཁ་གསལ་བ་དེ་ཙམ་གྱིས་ལས་ཀྱི་སྣེ་ལ་སྡོད་མཁན་ཚོར་ལས་ཀ་བྱེད་སྟབས་བདེ་རུ་འགྲོ་བ་དང་། ལས་ཀ་མགྱོགས་སུ་འགྲོ་བ་གཉིས་ཀ་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོའི་བསམ་བློ་འཁྱེར་ཕྱོགས་ཀྱི་ཐོག་ནས་ཁྲིམས་དང་སྒྲིག་གཞི་ལ་འདོད་མོས་དང་། དེ་བྱུང་ན་ལས་དོན་བདེ་པོ་དང་ལས་སླ་བ་དང་། སྐྱོན་ཆ་ཉུང་བ་ཞིག་ཡོང་གི་ཡོད་པའི་གནས་ཚུལ་དེ་གསལ་རྟོགས་ཤིག་མ་བྱུང་གི་བར་དུ། དཀའ་ལས་བརྒྱབས་ནས་སྒྲིག་ལམ་འཁྱེར་སྡོད་རྒྱུ་ཞིག་ཡིན་ན། དེ་རྒྱན་དུ་མ་སོང་བར་ཁུར་དུ་སོང་བ་ཡིན་ཙང་། སྐུ་མཉེལ་པོ་རེད་བསམ་གྱི་འདུག ཉིན་མ་ག་ཚོད་དཀའ་ལས་བརྒྱབ་དགོས་རེད།
ལྷམ་ཞིག་ཡིན་ནའང་དང་པོ་ནས་རན་པོ་ཞིག་མེད་ན། དེ་དཀའ་ལས་བརྒྱབས་ནས་གྱོན་གྱི་ཡིན་གསུངས་ན། དཀའ་ལས་རྒྱག་པ་རང་མ་གཏོགས། ཉིན་གཅིག་རྐང་པ་ལ་རྨ་བཟོ་ངེས་ཅན་ཞིག་རེད། བྱས་ཙང་ངེས་པར་དུ་ཁྲིམས་སྒྲིག་ཁག་ནི་ཁུར་དུ་མ་སོང་བ་ཞིག་གི་ཐོག་ནས་འདི་ལས་དོན་བྱེད་སླ་རུ་འགྲོ་བའི་ཆ་རྐྱེན་ཞིག་ཡིན་དགོངས་པ་ཞིག་གི་ཐོག་ནས་ཕྱག་ལས་གནང་ཐུབ་པ་ཡིན་ན། ཁྲིམས་ཀྱི་ལམ་སྲོལ་འོག་འགྲོ་རྒྱུའི་ཐོག་ཡར་རྒྱས་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་རེད།
(སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྤྱི་འཐུས་ཚོགས་གཙོ་ཡིན་སྐབས་ ༡༩༩༥ ཕྱི་ཟླ་ ༢ ཚེས་ ༡༤ ཉིན་གྲོས་ཚོགས་སུ་གནང་བའི་གསུང་བཤད་ལས་ཕྱུང་།)
ཁྲིམས་ཀྱི་ཐོག་ལ་སྐད་ཆ་བཤད་དུས་ལས་སླ་པོ་རེད། ཁྲིམས་ཀྱི་འོག་ལ་མི་ཚེ་བསྐྱལ་དུས་དངོས་གནས་ཁག་པོ་རེད།