-ཨ་ནུ་ཐང་བསོད་ནམས།
སྤྱིར་ནུབ་ཕྱོགས་ཀྱི་སློབ་ཆེན་མང་པོས་རིག་གཞུང་ནི་དོན་ཚན་གསུམ་གྱི་སྟེང་ནས་སྡོམ་ཚིག་འགོད་ཀྱིན་ཡོད། ལག་རྩལ་དང་རིག་པ། ཁྲིམས་ལུགས་སམ་གོམས་སྲོལ་བཅས་ཀྱི་སྟེང་ནས་འཇོག་ཀྱང་། དོན་ཚན་བྱེ་བྲག་པ་ལ་བགོས་ན་འདི་ལྟར་ཏེེ།
༡༽ སྐད་ཡིག
༢༽ སྨན་ཐབས།
༣༽ ཆོས་ལུགས།
༤༽ བྱིས་པ་སྙོར་སྐྱོང་བྱེད་ཐབས།
༥༽ ཟས།
༦༽ སྲོལ་རྒྱུན་གྱི་གླུ་གཞས་སྒྱུ་རྩལ།
༧༽ དུས་ཆེན།
༨༽ ཁ་ཤགས།
༩༽ ཀུན་སྤྱོད།
༡༠༽ གོན་པ་དང་དེ་གྱོན་སྟངས།
༡༡༽ ལས་ཀ་བྱེད་སྟངས་ཀྱི་འཆར་གཞི།
བཅས་དོན་ཚན་བཅུ་གཅིག་ཕྱེས་འདུག་པ་མ་ཟད། ནུབ་ཕྱོགས་ཀྱི་རིག་གཞུང་ཚན་ཁག་གི་སློབ་གཞིའི་ནང་དུ་དེང་དུས་ཀྱི་གློག་བརྙན་བཟོ་སྟངས་ཀྱང་འཇོག་ཀྱང་། བོད་ཡིག་ཏུ་བསྒྱུར་བའི་རིག་གཞུང་ངམ། རིག་གནས་གསར་རྗེས་ཀྱི་རིག་གནས་ནི་དབྱིན་སྐད་དུ་ culture ཟེར་བ་དེ་ཡིན་ཞིང་། དེ་ནི་མོ་མན་གྱི་སྐབས་སུ་བྱུང་བའི་ཐ་སྙད་ཅིག་ཡིན།
འབྱུང་ཁུངས་ཀྱི་ཚིག་རྣལ་མ་ནི་ cultivate ཟེར་བའི་དོན་ཡིན། དེ་ལ་འགྲེལ་བཤད་མི་མཐུན་པ་དུ་མ་ཡོད་ཀྱང་གཙོ་བོ་ནི་འདི་ལྟར་ཏེ།
༡༽ས་ཞིང་འདེབས་ལས་དང་། རྨོ་སྟངས། འབྲེག་སྟངས་དང་སྐྱེད་སྲིང་བྱེད་སྟངས་སོགས་ལ་གོ་བ་མ་ཟད། དེ་ལྟར་བྱེད་པའི་ལག་རྩལ་དང་། ཅ་ལག བཟོ་སྟངས་བཅས་ལ་གོ
༢༽ རྩྭ་དང་ཤིང་ནགས་སྙོར་སྐྱོང་བྱེད་སྟངས་དང་དེ་ཡར་རྒྱས་གཏོང་ཐབས།
༣༽ གྲོགས་ཀྱི་མཛའ་བརྩེ་ཉར་ཐབས་དང་སྤྲོ་སངས hobby བྱེད་སྟངས།
༤༽ སྤྱི་ཚོགས་དེའི་ནང་དུ་ཐོན་སྐྱེད་བྱེད་སྟངས་དང་དཔལ་ཡོན་བསྐྲུན་ཐབས་སོགས་དྲངས་པའི་དོན་ལ་གོ་ཡང་། དུས་རབས་འཕེལ་བ་དང་མཉམ་དུ་རིག་གཞུང་གི་ནང་དོན་ལ་ཡང་། འཕེལ་རྒྱས་དང་འགྱུར་བ་མི་ཉུང་བ་ཞིག་ཕྱིན་ཡོད། འོན་ཀྱང་། དེང་སྐབས་རིག་གཞུང་གི་ནང་དོན་ནི། མི་འབོར་གཅིག་གམ། སྤྱི་ཚོགས་གཅིག་གིས་གཅིག་གྱུར་གྱི་ངོས་ནས་མི་ཚེ་སྐྱེལ་སྟངས་དང་། ཀུན་སྤྱོད། ཡིད་ཆེས་དང་རིན་ཐང་ལྟ་སྟངས། མཚོན་རྟགས་དང་སྒྱུ་རྩལ། ལག་རྩལ་དང་། ཅ་དངོས། གོམས་གཤིས་དང་ཡུལ་ཁྲིམས་སམ་ཁྲིམས་ལུགས་བཅས་ལ་རང་བཞིན་གྱིས་ངོས་ལེན་གནང་ཞིང་། དེ་མི་རབས་ནས་མི་རབས་སུ་བརྒྱུད་པའི་དོན་ལ་གོ
དེར་བརྟེན། རིག་གཞུང་གི་ནང་ནས་བླང་བྱ་དང་། བླང་བྱ་མ་ཡིན་པ་མང་ཁར། བླང་བྱ་དང་འདོར་བྱ་གཉིས་དུས་དང་། སྤྱི་ཚོགས་དེའི་ཁེ་ཕན་ལ་ལྟོས་ནས་དབྱེ་འབྱེད་བྱེད་སྟངས་དང་། ལག་ལེན་བསྟར་སྟངས་མ་ཤེས་པ་ཡིན་ན། དེ་སྤྱི་ཚོགས་དེ་བཅིང་བྱེད་ཀྱི་ར་བ་ཆགས་ཤིང་། མཐའ་ཡར་རྒྱས་དང་གསར་བཏོད་ཀྱི་འགོག་རྐྱེན་དུ་གྱུར་ཏེ། ནམ་ཡང་དུས་དང་མཐུན་པར་བསྐྱོད་མི་ནུས་ཤིང་། གཞན་རྗེས་སུ་ལུས་ནས་རྩ་མེད་འགྲོ་བའི་ཉེར་ལེན་བྱེད་ངེས་རེེད།
མ་གཞི་རྒྱ་གར་ནས་བརྒྱུད་དེ་བོད་ལ་ཡོང་བའི་བོད་བརྒྱུད་ནང་ཆོས་ནི་བོད་ཀྱི་རིག་གཞུང་གི་ཆ་ཤས་ཤིག་ཡིན་པ་དོན་དངོས་ཡིན་ཡང་། བོད་ལ་རིག་གཞུང་དེ་ལས་མེད་པར་འདོད་ན། མ་ངེས་ཤིང་། མ་ངེས་པ་གོང་གི་རིག་གཞུང་གི་འགྲེལ་བཤད་ལས་གསལ་བོ་རྟོགས་ཐུབ་པ་མ་ཟད། དེང་སྐབས་བོད་ཀྱི་གླུ་དང་། གྱོན་པ། སྨན་དང་རྩིས། བོན་དང་བོད་ཀྱི་ཁ་ཆེ། རང་འབྲོག་གི་འཚོ་བ་སྐྱེལ་སྟངས་དང་ལག་རྩལ། ཕྱི་བཞག་ཅ་དངོས་དང་སྐད་ཡིག་སོགས་ཀྱི་རིག་གཞུང་ཡོད་པ་མ་ཟད། དེ་ལ་ཕྱི་རྒྱལ་བ་ཁག་ཅིག་གིས་སློབ་སྦྱོང་ཡང་བྱེད་ཀྱིན་ཡོད་པ་མཐོང་ཆོས་རེད། དེར་བརྟེན། བོད་ཀྱི་རིག་གཞུང་ནི་ནང་ཆོས་ཁོ་ན་རེད་ཅེས་པ་ནི་བདེན་པ་མིན་པ་གོང་གི་གནས་ཚུལ་ལས་གསལ་བོ་ཤེས་ཐུབ།
གཞན་ཡང་། ཡོངས་གྲགས་མ་ཡིན་པའི་ཐོག་ནས་དེང་སྐབས་ཁག་ཅིག་གིས་རིག་གཞུང་ནི་མི་འམ་སྲོག་ཆགས་ཁྱུ་ཚོགས་གཅིག་གི་འཚོ་བ་སྐྱེལ་སྟངས་དང་། རང་ཉིད་མུ་མཐུད་དུ་གནས་ཐབས་ཀྱི་བྱ་སྤྱོད་དང་། ཐབས་ཇུས་འཐེན་སྟངས་ཀུན་ཡིན་ཚུལ་འདོད་པས། དེ་ལ་དེང་སྐབས་སྲོག་ཆགས་ཀྱི་རིག་གཞུང་དང་། སྐྱེ་དངོས་ཀྱི་རིག་གཞུང་བརྗོད་མཁན་རེ་ཟུང་ཡོད་ཀྱང་། ཡོངས་གྲགས་ཀྱིས་སྲོག་ཆགས་དང་སྐྱེ་དངོས་ཀྱི་རིག་གཞུང་ཟེར་བ་ཁས་མི་ལེན་ཞིང་། རྒྱལ་སྤྱིའི་སྤྱི་མཐུན་གྱིས་མི་ལས་སྲོག་ཆགས་དང་། སྐྱེ་དངོས་ལ་ད་དུང་རིག་གཞུང་གི་བརྡ་སྦྱར་གྱིན་མེད།
གསལ་བཤད།
བོད་ནང་ནས་ Culture ལ་རིག་གནས་ཞེས་བསྒྱུར་བའི་དོན་ལ་འདི་ལྟར་བརྗོད་ཚུལ་ལས། འདི་ལ་བརྟེན་ནས་བོད་ཀྱི་དེ་སྔོན་གྱི་རིག་གནས་ཀྱི་དོན་ཀུན་མེད་པ་བཟོས་ཞེས་པའི་དོན་མིན། ཡོད་པ་ནི་དབྱིན་ཡིག་གི་ culture ཡི་ནང་དོན་དག་ཡིག་གསར་སྒྲིག་སོགས་བོད་ནང་གི་ཡིག་སྒྱུར་བ་དུ་མས་རིག་གནས་ལ་བསྒྱུར་ཡོད་པས་དེའི་ནང་དོན་དབྱིན་ཡིག་གམ། ནུབ་ཕྱོགས་ཀྱི་ནང་དོན་དང་མཐུན་པར་འགྲེལ་བཤད་གནང་བས་ཡིན།
ཕྱི་ཕྱོགས་སུ་བསམ་བློ་བ་པདྨ་འབུམ་གྱིས་གསུངས་པ་བཞིན་ culture ཡི་ནང་དོན་རིག་གཞུང་ལ་འབོད་ཀྱིན་ཡོད་པས། ཕྲན་གྱིས་བརྗོད་པ་ནི་ཕྱི་ཕྱོགས་ཀྱི་རིག་གཞུང་དང་། བོད་ནང་ནས་རིག་གནས་ཞེས་པའི་ culture ཡི་ནང་དོན་ཡིན་པ་ལས། བོད་ལ་དེ་སྔོན་ཡོད་པའི་ཐ་སྙད་ཀྱི་ནང་དོན་ལ་འགྱུར་བ་གཏོང་དགོས་ཞེས་པའི་ནང་དོན་མིན།
འདི་ནི་ནུབ་ཕྱོགས་ཀྱི་རིག་གཞུང་འབུམ་རམས་པ་སློབ་མཁན་གྱི་སློབ་མ་ཞིག་ལ། རིག་གཞུང་སྐོར་གྱི་དཀའ་གནད་ཁག་ཅིག་གྲོས་བསྡུར་དང་། དཔྱད་ཞིབ་ཀྱི་ངང་ནས་བྲིས་པ་ཡིན་པས། རང་གི་འདོད་པར་ཚིམས་པ་བྱུང་།
བོད་མི་རིགས་ཀྱི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བའི་དངོས་པོ། བོད་ཀྱི་རིག་གཞུང་གི་མཚན་ཉིད་འཇོག་ན་འགྲིག་གི་རེད་བསམས་ཀྱི་འདུག རྒྱ་གར་བའི་ཤཀྱའི་ཆོས་ལུགས་དེ་བོད་མིའི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བའི་དངོས་པོ་ཞིག་མ་རེད། རྒྱ་གར་བའི་མིའི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བས་་་རྒྱ་གར་བའི་རིག་གཞུང་རེད།
རྒྱ་གར་བའི་ཤཀྱའི་ཆོས་ལུགས་བོད་ཀྱིས་ནང་འདྲེན་བྱས་པ་ཙམ་རེད། མ་གཏོགས་བོད་མིའི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བའི་རིག་གནས་ཤིག་མིན་སྟབས་བོད་ཀྱི་རིག་གཞུང་ཡིན་མདོག་མདོག་བཤད་བསྡད་མཁན་དག་གིས་རང་ངོ་རང་གིས་ཤེས་ཀྱི་མེད།
རང་ངོ་རང་གིས་མི་ཤེས་པའི་བོད་མི་དག་ནི་ཤཀྱའི་རྒྱལ་ལུགས་དར་སྤེལ་གཏོང་མཁན་དང་། སྲུང་སྐྱོང་བྱེད་མཁན་ལྟ་བུ་ཡིན་པ་ལས་བོད་ཀྱི་རིག་གཞུང་དར་སྤེལ་དང་སྲུང་སྐྱོབ་བྱེད་མཁན་མ་རེད། བོད་ཀྱི་རིག་གཞུང་གཏོར་མཁན་རེད། བཙན་པོའི་སྐབས་ཀྱི་དགྲ་འདུལ་དང་དམག་འཐབ་ཀྱི་རིག་གནས་ཡོངས་རྫོགས་ཤཀྱའི་ཆོས་ལུགས་ཀྱིས་བཅོམ་བཞག་པ་རེད།
ཡུལ་གཞན་གང་ནས་ཀྱང་མ་བྱུང་བའི་བོད་རང་གི་རིག་གཞུང་གང་དང་གང་ཡོད།
བོད་རང་གི་མི་ཡི་འགྲོ་བ་ཡོད་ཚར་བའི་རྗེས་སུ་བོད་རང་གི་རིག་གཞུང་ལོས་ཡོད། དེ་མེད་ཟེར་ན་རྐུན་མ་ཧམ་ཆེན་གྱི་སྐད་ཆ་རེད། ཡུལ་ལུང་ཁྱད་དུ་འཕགས་པ་གངས་རི་ར་བས་བསྐོར་བའི་ཞིང་ཁམས་གཞན་དང་མ་འདྲ་ཞིག་ཡོད་ཚར་བའི་རྗེས་སུ། ཡུལ་ལུང་དེ་དང་འབྲེལ་བའི་རང་གི་རིག་གཞུང་གཞན་དང་མ་འདྲ་བ་ཞིག་ལོས་ཡོད། བོད་རང་གི་ཡུལ་སྐད་གཙང་མ་དེ་བོད་རང་གི་རིག་གཞུང་གི་མཚན་གཞི་རེད། བོད་སྐད་གཙང་མའི་གཞི་རྩ་བརྟན་པོ་དེ་ལ་སྐྱབས་བཅོལ་བའི་ཕྱི་རྒྱལ་གྱི་ཆོས་དང་རིག་གཞུང་རལ་ལ་རིལ་ལེ་དེ་ཚོ་བོད་ནང་ལ་མཛུམ་རིལ་རིལ་བྱས་ནས་འཛུལ་འོང་བ་རེད། བོད་རང་གི་རིག་གཞུང་གཞི་རྩ་བརྟན་པོ་དེ་ལྟ་བུ་ཞིག་མེད་ན་ཕྱི་རྒྱལ་གྱི་ཆོས་དང་རིག་གཞུང་རལ་ལ་རིལ་ལེ་དེ་ཚོའི་གཞི་རྟེན་འཆའ་་ས་གང་ནས་བརྙེད། མ་རེད་དམ་ལགས། །
སྤྱིར་ན་ཚ་རིག་གི་དཔང་རྟགས་དང་ལོ་རྒྱུས་དངོས་ཐོག་བདེན་འཚོལ་གྱིས་མིའི་རིགས་ཀྱི་ཡ་མམཐའ་དེད་ཡོང་དུས་ཧྥེ་གླིང་ལ་ཐུག་འགྲོ་གི་ཡོད་འདུག དེའི་ཡན་ལ་དེད་ཡོང་དུས་བཞེད་པ་མི་འདྲ་བ་མང་། ཧྥེ་གླིང་ནས་མིའི་སྤོ་བསྐྱོད་སྔ་ཕྱི་དང་མཆེད་ཁུངས་སོ་སོའི་དཔེ་རིས་དང་བཅས་པ་གསལ་གསལ་ཐིངས་ཐིངས་བཟོས་བཞག་འདུག དེ་ཡིན་དུས་བོད་མི་ཟེར་ནས་མཐོ་སྒང་འདི་ལ་གནམ་རྡོ་ལྷུང་ལྷུང་བྱས་ནས་བབ་ཡོང་བ་ཞིག་ཅང་མ་རེད། མིའི་རིགས་ཀྱི་རིག་གནས་དཔལ་ཡོན་ཟེར་བ་དེ་གཅིག་ལ་གཅིག་བརྟེན་དང་གཅིག་ལ་གཅིག་འབྲེལ་བྱས་ནས་ཡོང་དགོས་པ་ཞིག་རེད། དེ་མ་ཡིན་པར། འདི་ངའི་རེད། འདི་ཁྱོད་ཀྱི་རེད་ཟེར་ནས་འབྲོག་པས་ཤ་སྐལ་བགོ་བགོ་བྱེད་ཆོག་ཆོག་ཅིག་ཨེ་ཡིན་ནམ། ས་ཁུག་ལུང་ཀྱོག་གི་མིས་དེ་འདྲ་མང་པོ་བཤད་འདུག་གི་རེད། མཐོང་རྒྱ་མེད་རུང་ཐོས་རྒྱ་ཅུང་ཟད་ཡོད་མཁན་རེ་ཡིན་ཕྱིན་མིའི་རིགས་ཀྱི་ཁྱིམ་ཚང་ཆུང་ཆུང་འདི་གཅིག་ལ་གཅིག་འབྲེལ་དང་གཅིག་ལ་གཅིག་བརྟེན་བྱས་ནས་ཡོང་བ་ཞིག་ཡིན་པའི་ངེས་ཤེས་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག
ཚན་རིག་གི་དཔང་རྟགས།
མཁས་དབང་ཅོ་རི་ཉི་མ་ལགས་ཀྱིས་བོད་ཀྱི་བཙན་པོའི་ཁྱིམ་ཚང་གི་དྲག་རྩལ་དང་འཐབ་ཇུས་བཤད་ཀྱིན་འདུག་མོད་བཙན་པོའི་ཁྱིམ་རྒྱུད་འདི་རྒྱ་གར་ནས་བྱུང་ཚལ་དེ་ནི་ལོ་རྒྱུས་ཟིན་ཐོ་སྔ་གྲས་ཕལ་མོའི་ཆེའི་བཞེད་པ་ཡིན་པ་མ་ཟད། རིགས་པས་རྗེས་སུ་དཔག་ན་ཡང་བདེན་པ་ཡིན་པའི་སྒྲུབ་བྱེད་འདུག་བསམ་བསམ་ཞིག་འདུག
དཔེར་ན། བོད་ལ་དེང་སང་དར་ཁྱབ་ཆེ་བའི་སངས་རྒྱས་ཀྱི་བསྟན་པ་འདི་རྒྱ་གར་ནས་ཐོག་མར་དར་བ་ཡིན་པ་དང་བོད་ལ་འདི་ཁྱབ་སྤེལ་བྱེད་མཁན་ཐོག་མ་དེ་ཡང་བཙན་པོའི་ཁྱིམ་རྒྱུད་རེད། ཁོང་རང་ཚང་རྒྱ་གར་ནས་ཆད་ཡོང་བ་ཡིན་སྟབས་རྒྱ་གར་གྱི་ཆོས་ལུགས་རིག་གནས་ལ་ཐུགས་ཞེན་ཆེན་པོ་ཡོད་པས་སོ།།
བོད་རང་ས་ལ་མཚོན་ན་ཡང་དུས་རབས་མི་འདྲ་བའི་འཕོ་འགྱུར་དང་འགྲོགས་ནས་མིའི་བསམ་སྤྱོད་ལ་འགྱུར་བ་འགྲོ་བཞིན་ཡོད། འཚོ་བ་སྐྱེལ་སྟངས་ལ་ཡང་འགྱུར་བ་འགྲོ་བཞིན་ཡོད། དཔེར་ན། བོད་རང་ས་ལ་དར་སྲོལ་ཧ་ཅང་ཆེན་པོ་ཡོད་པའི་ཆོས་ལུགས་ཆོ་ག་ལ་བལྟས་ན་དམར་མཆོད་གཏང་སྲོལ་དང་བང་སོ་བརྩིགས་སྲོལ་འདི་ཚོ་སངས་རྒྱས་ཀྱི་བསྟན་པ་བོད་ལ་མ་དར་གོང་གི་རིག་གནས་དཔེ་མཚོན་ལྟ་བུ་རེད། ཡིན་ན་ཡང་། འདི་ཚོ་ཡུལ་ལུང་གཞན་ལ་ཡང་དར་ཡོད་པ་ཞིག་རེད་མ་གཏོགས་བོད་ཁོ་ནའི་རེད་ཅེས་བཤད་ཁག་པོ་རེད། བོད་ནས་ཕར་དར་བ་རེད་དམ་ཡང་ན་བོད་ལ་ཚུར་དར་བ་གང་ཡིན་གྱི་དཔང་རྟགས་འདྲ་བསྟན་ཐུབ་ན་སྟོན་རོགས།
སངས་ཆོས་ཀུན་མིན་ཞིང་། དེའི་ནང་ནས་བོད་རྒྱུད་ནང་ཆོས་འདི་ཡིན་ཞིང་། དེའང་ཚུར་ལེན་གྱི་བོད་ཀྱི་རིག་གཞུང་ཡིན་པ་ལས་བོད་ཀྱི་རིག་གཞུང་རྣལ་མ་མིན། བོད་ལ་མཚོན་ན་རིག་གཞུང་རྣལ་མ་དང་གཙོ་བོ་ནི་སྐད་ཡིག་ཏུ་འདོད།
མཁས་དབང་ཅོ་རི་ལགས་ཀྱི་དགོངས་ཚུལ་དེ་ཚོ་ལ་དུས་རྒྱུན་དུ་དོ་སྣང་བྱེད་ཀྱིན་ཡོད་པས་དངོས་གནས་ཕྱོགས་ལྷུང་མེད་པའི་དགོངས་ཚུལ་ཞིག་ཏུ་མཐོང་བཞིན་ཡོད་པས་བཀའ་དྲིན་ཆེ།
སྤོབས་པ་མཐའ་ཡས་ལགས།
བོད་མི་ཟེར་དུས་གནམ་ནས་རྡོ་ལྷུང་བ་ལྟ་བུ་མིན་གསུངས་པ་ལྟར་ཨ་ཧྥི་རི་ཀའི་ཡུལ་དུ་ཡང་འགྲོ་བ་མིའི་རིགས་གནམ་ནས་རྡོ་ལྷུང་བ་ལྟར་བྱུང་བ་ག་ལ་ཡིན། ཚན་རིག་པས་བཤད་སྲོལ་ལ་ས་ཡི་གོ་ལའི་ཐོག་ཏུ་མིའི་རིགས་མ་བྱུང་བའི་སྔོན་དུ་མི་ཆགས་རྐྱེན་གྱི་རྫས་་་ཕུང་ཕྲ་་་ཟེར་བ་དེ་འདུག་ཟེར་གྱི་རེད་བ།
གནམ་གཤིས་དང་འབྱུང་བ་བཞི་ལ་བརྟེན་ནས་ཕུང་ཕྲ་ཡིས་སྤུ་སུབ་སུབ་ཅན་གྱི་སྤྲེའུ་ལྟ་བུའི་མི་དེ་བྱུང་བ་དང་། རིམ་པའི་ཡར་རྒྱས་ཕྱིན་ནས་སྤུ་ཉུང་བའི་ད་ལྟའི་མི་འདི་དག་བྱུང་བ་བཤད། ཡིན་ཀྱང་མི་ཆགས་པའི་རྫས་ཕུང་ཕྲ་ཟེར་བ་འདི་ས་ཡི་གོ་ལའི་ཐོག་ཏུ་ཇི་ལྟར་བྱུང་མིན་དང་ག་དུས་བྱུང་མིན་ཚན་རིག་པས་འགྲེལ་བཤད་བརྒྱབ་ཤེས་ཀྱི་མེད་པའི་དུས་སྐབས་འདི་ལ་་་སྤོབས་མཐའ་ཁྱོད་ཀྱིས་ལན་འདྲ་རྒྱབ་ཐུབ་བམ།་་་་ཧཧ
གཉིས་པ། བོད་པའི་ཤཀྱའི་ཆོས་ལུགས་པ་ཚོས་བྲིས་པའི་ལོ་རྒྱུས་དེབ་ཐེར་ཁག་གི་ནང་དུ་རྒྱལ་པོ་གཉའ་ཁྲི་བཙན་པོ་རྒྱ་གར་ནས་ཕེབས་པ་རེད་ཟེར་བའི་སྐད་ཆ་ཡོད་པ་དེ་ལ་ཡིད་ཆེས་དང་ཡ་མཚན་གྱི་ཅི་ཡོད་དམ། ཁོ་ཚོས་ངོས་ནས་བྱས་ན་བོད་ཀྱི་རྒྱལ་པོ་འཇོན་པ་དག་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་རབས་དང་། མི་མཁས་པ་དང་གྲྭ་པ་ཡག་པོ་འདྲ་བྱུང་ན་རྒྱ་གར་བའི་ས་དུང་བྷ་བྷ་བརྒྱད་ཅུའི་ནང་གི་གང་རུང་ཞིག་གི་སྤྲུལ་པ་ཡིན་རབས་བཤད་ཀྱི་རེད་བ། སྐད་ཆ་བཤད་སྟངས་འདི་དག་ལ་ཡིད་ཆེས་མཁན་རྨོངས་དད་ཅན་ཚོ་མ་གཏོགས་སུ་ཡོད་དམ། ཚན་རིག་པས་དཔྱད་ན་བདེན་དཔང་སྣེ་གཅིག་མེད་པའི་སྐད་ཆ་ཤ་སྟག་རེད།
ཤཀྱའི་ཆོས་ལུགས་འདི་རྒྱ་བཟའ་དང་བལ་བཟའ་གཉིས་ཀྱི་ཁུར་ནས་བསླེབས་པའི་མནའ་མའི་ཆོས་ལུགས་ཤིག་རེད་བསམས་ཀྱི་ཡོད། བོན་པོ་སྲོང་བཙན་སྒམ་པོས་ཤཀྱའི་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་བུད་མེད་མནའ་མ་ལེན་ནས་བོད་ལ་ཤཀྱའི་ཆོས་ལུགས་འདི་བྱུང་བ་ཡིན་པར་འདོད།
མནའ་མ་གཉིས་ལ་ཤཀྱའི་ཆོས་ལུགས་ཀྱི་ལྷ་ཁང་གཉིས་བརྒྱབས་ཡོད་པ་དེ་དེང་སང་ཡང་མིག་གིས་མཐོང་ཡུལ་དུ་གྱུར་ཡོད་པའི་ཇོ་ཁང་དང་ར་མོ་ཆེན་གཉིས་རེད། འདི་གཉིས་རྒྱ་ཆོས་བྱས་ས་རེད་མ་གཏོགས་བོད་ཆོས་བྱས་ས་མ་རེད།
བཙན་པོའི་ཁྱིམ་རྒྱུད་ཀྱི་འཛིན་སྐྱོང་བྱས་པའི་བོད་ཆེན་པོའི་རྒྱལ་ཁབ་ཀྱིས་་སྤྱི་ལོ་༨༢༢ལོར་ཐང་བོད་གཉིས་ཀྱི་མནའ་གན་བཞག་སྐབས་སུ་དམར་མཆོད་ཕུལ་ནས་མནའ་གན་བཞག་ཡོད། བོད་བཙན་པོའི་ཁྱིམ་རྒྱུད་འདི་དམར་མཆོད་ཕུལ་མཁན་ཞིག་ཡིན་པར་།གསལ་གསལ་དག་དག་རེད།
དེ་ནས་བོད་ལ་བོད་ཀྱི་རིག་གཞུང་ཡོད། བོད་མིའི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བའི་རིག་གནས་ཡོད། རིག་གནས་དེ་དག་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཟེར། དཔེ་ན་་་འབྲོག་པའི་སྦྲ་ནག་བཟོ་སྟངས་དང་རོང་བས་ཁང་པ་རྒྱབ་སྟངས་དག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རེད།
ཆེ་ས་ནས་བཤད་ན་བོད་ཆེན་པོ་རྒྱལ་ཁབ་ཀྱི་དམག་དོན་བསྟན་བཅོས་དང་བཟོ་རིག་ལག་རྩལ་སོགས་དེང་རབས་བདུན་པའི་སྐབས་སུ་འཛམ་གླིང་འདི་ལ་ཡར་ཐོན་ཅན་གྱི་གྲལ་རེད་ཅེས་བཤད་ཆོག་གི་རེད། མནའ་མའི་ཆོས་ལུགས་བོད་ལ་དར་བ་ནས་བཟུང་འཛམ་གླིང་གི་འཕོ་འགྱུར་་དང་འགྲོགས་ནས་བོད་ཀྱི་རིག་གཞུང་ཡར་རྒྱས་ཕྱིན་ཐུབ་མེད། རྗེས་ལུས་ཅན་ཆགས་སོང་བ་འདི་ད་ལྟ་རང་ཚོའི་མིག་མདུན་གྱི་བོད་འདི་རེད་་་་་་ད
སྙིང་ཉེ་བའི་དྲ་གྲོགས་ཁྱུང་སེང་ལགས། ཅོ་རི་ང་ལ་མཁས་དབང་ཞེས་གསུང་མི་ཉན། ང་དགའ་པོ་མེད། ཉིན་ཤས་རིང་དྲ་ཐོག་ཏུ་མཇལ་བས་སྐུ་ཁམས་བདེ་མོ་ཡིན་ནམ། བཙན་བྱོལ་ནང་དུ་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོ་མགོ་མཐོ་བའི་དུས་སྐབས་འདི་ལ་འབྲི་མི་འདོད་པའི་ཚོར་བ་ཞིག་སྐྱེས་འོང་གི་འདུག དེའི་ཕྱིར་དྲ་ཐོག་ཏུ་ཡོང་ཡ་ཉུང་ཙམ་ཆགས་སོང་།
ཅོ་རི་ལགས། ཁང་པ་བཟོ་སྲོལ་སོགས་བོད་མ་ཡིན་པའི་སྤྱི་ཚོགས་གཞན་ལ་ཡང་འདུག
སྐུ་ལས་གསུང་གལ་ཆེ་བས་ཁོང་གིས་གསུངས་པའི་གསུང་དེ་ཚོར་ཉམས་ལེན་བྱས་ན་དེས་མ་འཐུས་པ་མེད་རེད། བཙན་བྱོལ་བ་ནི་གཞན་གྱི་སྦྱིན་བདག་རོགས་རམ་ལ་རྒྱབ་བརྟེན་བྱས་ནས་བསྡད་ཡོད་དུས་ཡང་གསེར་དངུལ་གྱི་སྐུ་འདྲ་དེ་འདྲ་བཞེངས་ན་གཞན་གྱི་མིག་ངོར་མཛེས་པོ་ཡོད་པ་མ་རེད། གཞིས་བཞུགས་རྣམས་ལ་དེ་འདྲའི་ལས་འགུལ་སྤེལ་ས་ཡོད་པ་མ་རེད། བླ་མ་བཟོད་པས་བྱམས་པ་མགོན་པོ་ཆེན་པོ་ཞིག་བཞེངས་རྒྱུར་ཡང་ཕྱི་རྒྱལ་བ་མང་པོས་དགག་པ་བྱེད་ཀྱི་འདུག
བོད་ཁོ་ནར་དབང་བའི་རིག་གནས་རྩམ་པ་འུ་ཡིན་ན། ཧ་ཧ་་་
དགེ་རྒན་ཆེན་མོ་ཚེ་རིང་དོན་གྲུབ་ལགས་ཀྱིས་རིག་གནས་དང་རིག་གཞུང་གི་ཁྱད་པར་སྐོར་ལ་གསུང་བཤད་ཅིག་གནང་བ་དྲན་གྱི་འདུག
དེར་ཁོང་གིས་གླུ་དང་བྲོ་དང་ཟས་གཡོ་སྦྱོར། མཁར་ལས་དང་དུས་ཆེན་སྲུང་བརྩི། གྱོན་གོས། བཟོ་ལས་སོགས་རིག་གནས་ཡིན་པ་དང་། དེ་དག་གི་རྣམ་གཞག་ལུང་དུ་སྟོན་པ་རིག་གཞུང་རེད་ཅེས་གསུངས་པ་ཞིག་དྲན་གྱི་འདུག
སྤྱིར་ན་ཚན་རིག་གི་དཔང་རྟགས་དང་ལོ་རྒྱུས་དངོས་ཐོག་བདེན་འཚོལ་གྱིས་མིའི་རིགས་ཀྱི་ཡ་མམཐའ་དེད་ཡོང་དུས་ཧྥེ་གླིང་ལ་ཐུག་འགྲོ་གི་ཡོད་འདུག༽དེ་འདྲ་ཡིན་ན་ཁྱེད་ཚོས་ལྷོ་ཁའི་རྩེ་ཐང་གི་བྲག་ཕུག་ཞིག་ནས་སྤྲེའུ་ནས་གྲོལ་ཡོང་རབས་བཤད་པ་དེ་རྫུན་རེད་བས། ཡང་མིན་ན་སྤྲེའུ་དེ་ཡང་ཧྥེ་གླིང་ནས་བོད་ལ་འཆོང་རྒྱང་བརྒྱབ་ཡོང་བ་ཡིན་འགྲོ། ཡང་མིན་ན་རྩེ་ཐང་གི་བྲག་ཕུག་དེ་ཧྥེ་གླིང་དེ་འདྲ་ཞིག་ཡོད་པ་ཡིན་ནམ། ཚན་རིག་གི་ལུང་འདྲེན་གནང་དུས་བསམ་བློ་ཡག་པོ་གཏོང་དགོས་པ་རེད་ད།
ཚན་རིག་པས་ཚོད་སྒམ་གྱིས་དཔྱད་འབྲས་དེ་ཚོ་ལ་དུས་ནས་དུས་སུ་འགྱུར་བ་འགྲོ་བཞིན་པ་རེད། དཔེར་ན་ཁྱིའི་བྱུང་ཁུངས་དེ་བོད་ཡུལ་གྱི་ས་སྐོར་ནས་ཐོག་མར་བྱུང་རབས་ཤོད་བཞིན་འདུག གནས་ཚུལ་འདི་ཚོ་རྒྱུ་མཚན་ཆེན་པོ་རེད། དཔེར་ན་བོད་རང་ལའང་ཞང་ཞུང་མི་རྟ་ཁྱི་གསུམ་གྱི་གཏམ་རྒྱུད་བཤད་སྲོལ་ཡོད་པ་བཞིན་ནོ།
http://www.bbc.com/news/science-environment-34577200
མིའི་འགྲོ་བ་བྱུང་རབས་ནས་བཤད་ན། ཚན་རིག་པས་ཤར་གླིང་ཨེ་ཤཱ་ཡ་འདི་ཡང་མིའི་འགྲོ་བ་སྔ་ཤོས་འཚོ་གནས་བྱེད་ས་ཞིག་ཡིན་པར་གླེང་བཞིན་འདུག འདིའི་སྐོར་ནས་ཀྱང་བསམ་བློ་གཏོང་དགོས་ས་མང་པོ་ཡོད་ངེས། །
http://www.bbc.com/news/science-environment-34531861
ཨ་ནུ་ཐང་བསོད་ནམས་ཁྱེད་ཀྱིས་གོང་ནས་བྲིས་རྩོམ་དེའི་དོན་ལ་ལྟས་ན་ཕྱི་གླིང་གཙོ་བོ་དང་བོད་རང་གི་རིག་གཞུང་ཟེར་བ་ལ་གོ་སྟངས་ཡོད་པ་རེད། བོད་ལ་སངས་རྒྱས་ཆོས་ལུགས་ལས་རིག་གཞུང་ཡོད་མེད་སུ་ཞིག་གིས་ཐག་གཅོད་གནང་མ་མྱོང་བ་ཞིག་རེད་སངས་རྒྱས་ཆོས་ལུགས་རིག་པའི་གཞུང་ལུགས་ཤིག་ཡིན་པར་ངོས་འཛིན་གནང་དགོས་པ་ཞིག་རེད་མ་གཏོགས་གཞན་བོད་ལ་རིག་གཞུང་མེད་པ་དེ་འདྲ་མཁན་དབང་སུ་ཞིག་གིས་གསུང་འདུག་དེ་འདྲ་འེ་ཡོད་དམ། མ་ཟད་གོང་ནས་ཕྱི་གླིང་བའི་རིག་གཞུང་ངོས་འཛིན་གནང་པའི་དོན་ཚན་བཅུ་གཅིག་ཡོད་པ་དེའི་ནང་ཡང་བོད་མིའི་རིག་གཞུང་ལ་ངོས་འཛིན་བྱེད་ཀྱིན་མེད་པ་དེ་འདྲ་ཡང་མ་རེད་འདོད་ཡོད་གང་ལྟར་འགྲོ་བ་མི་ཟེར་བ་བྱུང་བ་ནས་རང་བཞིན་གྱིས་འཚོ་བ་དང་འབྲེལ་བའི་རིག་པའི་གཞུང་ལ་ལུགས་རྣམས་མང་ཞིག་བྱུང་ཡོད་པར་ངོས་འཛིན་གནང་ཆོག་པ་ཞིག་རེད་འདོད་ཡོད།