ནོད་འཚེ་ལ་བརྩེ་བ་མེད་ཀྱང་མི་སེམས་ལ་བརྩེ་བ་ལོས་ཡོད། བོད་སྙིང་རྗེའི་བདག་པོ།
ཤེས་རབ་དར་རྒྱས།
“ངས་མི་ཤེས། ངས་ཅི་ཡང་མི་ཤེས། ངས་ཅི་ཡང་བཤད་མི་ཤེས།” ཁོས་འདི་ལྟར་འབད་པ་ཆེན་པོས་གཅིག་རྗེས་གཉིས་མཐུད་དུ་ཚིག་འབྲུ་འགའ་བརྩེགས་པ་ན། བྲང་གཞུང་དུ་ཤོང་དཀའ་བའི་དབུགས་ཀྱི་རྒྱུ་བ་དེ་ཡང་ཇེ་དྲག་ཏུ་གྱུར། གང་ཞིག་གིས་ཁོའི་སྙིང་གསོན་པོ་རྨོངས་པར་བྱས་ཤིང་ཅི་ཞིག་གིས་ཁོའི་མིད་པ་ཕྲ་མོ་འགགས་པར་བྱས་པ་ངས་མ་ཤེས་ཀྱང༌། ཁོས་གོ་རྒྱུ་ཡོད་པའི་གཏམ་ཅི་ཡང་གླེང་མ་ཐུབ། མི་འདིས་ཕྱོགས་དེ་ནས་ཅི་ཞིག་ཁྱེར་ཅིང་ཅི་ཞིག་སྦྲུམ་སྟེ་གནའ་མཁར་ཟི་ལིང་དུ་འབྱོར་ཡང༌། གོ་བ་ལོན་དཀའ་བའི་ཚིག་དུམ་འདི་གསུམ་ལས་ཅི་ཡང་ཕྱིར་འབྱིན་མ་ཐུབ་པ་དེས་ང་ཡང་སྐྱོ་རུ་བཅུག། ངས་འདི་ལྟར་བསམ་གཞིག་བྱ་དགོས་བྱུང༌། ཁོའི་མིད་པ་ཅི་ཞིག་གིས་བསྒགས་སམ། ་་་ཡིན་ནམ། དེ་མ་རེད། ཕལ་ཆེར། ཁོའི་སེམས་ཁོང་ན་མིད་པར་མི་ཤོང་བའི་སྨེང་ཚོར་དཔག་དཀའ་བ་ཞིག་ཡོད་པ་ལོས་ཡིན། འོ་ན་དེ་ལྟ་བུའི་སྨེང་ཚོར་དེ་ཕྱི་རྐྱེན་ཁོ་ནས་བསྐྱེད་པ་ཡིན་ནམ། དེ་ཡང་མ་རེད། དེ་ལ་ཕྱི་རྐྱེན་ལས་ལྷག་པའི་ནང་རྐྱེན་རྣོ་ངར་ཅན་ཞིག་ཡོད་ངེས། གང་ལྟར་དུས་ཡུན་སྐར་ཆ་འགའི་ནང་དུ་འདྲི་མཁན་དང་ཤོད་མཁན་གཉིས་ཀའི་མིད་པ་འགགས་ཏེ། སླར་ཡང་གླེང་འདོད་པ་རྣམས་སྙིང་ཁོང་དུ་སྦྲུམ་དགོས་བྱུང་ཐལ། ཇི་འདྲའི་སྐྱོ་ཞིང་སྐྱོ་ལ་དགའ་ཡང་དགའ་བའི་གནས་སྟངས་ཤིག་ཨང༌། སྐྱོ་དགོས་པ་ནི་ཕྱི་རྐྱེན་དང་དགའ་དགོས་པ་ནི་ནང་རྐྱེན་རེད།
ཅང་མ་འགོར་བར། “བོད་ཕྲེང་བ་ཅན་དང་གོས་གོང་བ་ཅན་གྱིས་་་༌།” འདི་ཡང་ཐག་རིང་ནས་འབྱོར་བ་ཞིག་གིས་བཤད་པའི་གཏམ་སྙིང་པོ་ཅན་ཞིག་རེད། སླར་ཡང་དམག་ལྭ་གྱོན་པའི་བོད་མི་ཞིག་བརྙན་འཕྲིན་ངོས་སུ་ཤར། “རོགས་རམ་ཞིག་བྱེད་ཨེ་ཐུབ་བམ་སྙམ་ནས་་་” དེ་མ་ཐག་ཁོའི་མིད་པའང་ཅི་ཞིག་གིས་བཅད་ཅིང་གསར་འགོད་པར་ཡང་སྨེང་ཚོར་བསླངས། “ངས་བྱིས་པ་འདི་བློས་མི་ཐོངས་ཀི།” འདི་ནི་བོད་ཀྱི་ཨ་མ་གཞན་ཞིག་གིས་ངག་འདར་ཞོར་དང་མིག་འབྱིད་ཞོར་བཤད་པའི་ཚིག་དུམ་ཞིག་རེད། “ངོ་མ་སེམས་ཀྱིས་་་་ཅིག་་་་མི་བཟོད་ཀི།¿ ཨ་ཡེ་རྒན་མོ་དེས་མིག་གཉིས་མཆི་མས་གང་ཐལ། དེ་མཚུངས་ང་ཚོར་ཆ་རྒྱུས་ཟབ་ཅིང་མཉེན་ཆ་ཅན་གྱི་སྐད་ངག་སྙན་པོ་དེ་དག་ཀྱང་ཐལ་རྡུལ་དང་རླུང་འཚུབ་ཀྱི་ཁྲོད་དུ་འདར་དགོས་བྱུང་ཞིང༌། དུས་རྒྱུན་སྙན་འཕྲིན་ངོས་ན་མཚར་བའི་སྒེག་ཉམས་དག་ཀྱང་སྐད་ཅིག་ལ་ཡལ་ཐལ། འདི་ལྟར་བོད་ཕྲེང་བ་ཅན་དག་གིས་གདོང་ལ་སྐྱོ་རིས་མངོན་ཞིང༌། བྲང་ཁོག་ཏུ་སྨེང་ཚོར་དྲག་པོ་རེ་སྦྲུམ་སྟེ་ཕྱོགས་ཕྱོགས་ནས་ཡུལ་ཤུལ་དང་ཟི་ལིང་སོགས་སུ་འབྱོར། ཁོང་ཚོ་ཚང་མ་ཁྱིམ་གཞི་གཅིག་གི་མི་ཡིན་ནམ། ཡང་ན་ཆོལ་ཁོངས་གཅིག་ཡིན་ནམ། ཡང་ན་ཆོས་བརྒྱུད་གཅིག་ཡིན་ནམ། ཡང་ན་ཆང་གྲོགས་དང་རྩེད་རོགས་སོགས་ཨེ་ཡིན། ངས་སླར་ཡང་འདི་ལྟར་བསམ་གཞིག་ཐེངས་གཅིག་བྱས། ཅི་ཡང་མ་རེད། ཅི་ཡང་མ་རེད། ཅི་ཡང་མ་རེད། ཁོང་ཚོར་མཚོན་ན་ཁྱིམ་གཞི་དང་ཆོལ་ཁ། ཆོས་བརྒྱུད་ཀྱི་འཛིན་རྟོག་ལ་དོན་སྙིང་དེ་ཙམ་ཨེ་ཡོད། འོ་ན། ཁོང་ཚོ་བདག་སྒྲའི་ཕྲད་ལ་དབང་འབྱོར་བ་རྐྱང་ཡིན་ནམ། དེ་ཡང་མ་རེད། ཁོང་ཚོའི་ཁྲོད་ཀྱི་ཕལ་མོ་ཆེ་ཞིང་འབྲོག་མི་དམངས་དང༌། བླ་གྲྭ་བཙུན་སྔགས། དགེ་སློབ་ལས་བྱེད་སོགས་རེད།
ཉིན་འདི་འགའི་རིང་ལ་ང་ཚོ་བརྙན་འཕྲིན་གྱི་གདོང་ལ་ཧད་དེ་ལུས་དགོས་བྱུང༌། ཇི་འདྲའི་ངོ་གདོང་མང་པོ་ཞིག་སྐྱོ་གཉེར་གྱིས་གཡོགས་ཤིང་མིག་གོང་མང་པོ་ཞིག་མཆི་མས་བརླན་ཞོར། གཅིག། བཅུ། བརྒྱ། སྟོང༌། ཁྲི། འབུམ། ས་ཡ། བྱེ་བ། ་་་ འདི་ལྟར་གྲངས་ཀ་རྣམས་རེས་ཀྱིས་བརྩེགས་ཏེ། བོར་བརླག་ཏུ་མ་ཤོར་ཞིང༌། དངུལ་དངོས་ཀྱིས་ནམ་ཡང་གཞལ་དཀའ་བའི་ནང་སྙིང་དྲོན་མོ་དེ་གྲངས་སྣེ་རེ་རེ་ནས་ཡུལ་ཤུལ་གྱི་གནོད་ཐེབས་མི་དམངས་ལ་བསྲིངས་ཤིང༌། གསོལ་འདེབས་ཀྱི་དབྱངས་རྟ་དང་མཆོད་མེའི་འོད་སྣང་གི་ཁྲོད་ནས་བར་དོ་འགྲིམ་པའི་འདས་པོ་རྣམས་ལ་སྐྱེལ་མ་ཞུས། འདས་ཕུང་ལས་མཆེད་པའི་ངམ་ནག་གི་དུར་མེ་དང་ཤ་རུས་འཚིག་པའི་དུ་ནག་གི་མཐའ་རུ་དགེ་འདུན་པ་འདི་ཚོ་དམར་འཁྱིལ་ལེར་དུར་འཇུག་གི་ལས་ལ་བྲེལ། དེ་སྔ༌། སྐྱ་བོ་དག་གིས་སེར་མོ་བར་སྐུ་འགྱེད་ཕུལ། ད་ཆ། སེར་མོ་བས་སྐྱ་བོ་ལ་སྐུ་སྐལ་གནང༌། ཇི་འདྲའི་སྲོལ་རྒྱུན་བཟང་པོ་ཞིག་ཨང༌། བོད་མི་འདི་ཚོར། མིང་བྱང་ཤོག་ངོར་དགོད་རྒྱུའི་རེ་བ་མེད། དངུལ་བྱང་གནམ་ལ་འཕྱར་བའི་འདུན་པ་མེད།།
མཇུག་མཐར། ཨོཾ་མ་ཎིས་འདས་པོ་ཚོར་སྐྱེལ་མ་ཞུ་ཞིང༌། བོད་རྒྱལ་ལོས་གསོན་པོ་རྣམས་ལ་ཁ་གཡང་འབོད།། ཨོཾ་མ་ཎི་པདྨེ་ཧཱུཾ། བོད་འདི་རྟག་ཏུ་རྒྱལ་ལོ།།
Are they same author?
Is this guy the author of Tibetan language bestseller book “Words of My Travel to The West”
http://www.khabdha.org/?p=78
If you are the auhtor of ” Words of My Journey to The West’, I’m looking for you, please could leave your email here. thanks.