རྫ་ཚེ་རིང་བཀྲ་ཤིས།
མི་ཚོས་རྟག་ཏུ་རང་ཉིད་ཀྱི་ཚོར་བ་ཕྱིར་བཏོན་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ལ། དེ་ནི་ཕལ་ཆེར་སེམས་ལྡན་གྱི་གང་ཟག་ཀུན་ལ་ཐུན་མོང་དུ་མངའ་བའི་རང་གཤིས་ཤིག་རེད། འོན་ཀྱང་། འདུ་ཤེས་འཛིན་སྟངས་དང་ཚོར་བའི་དགའ་སྡུག་དེ་དག་ཕ་རོལ་པོའི་ལུས་དང་སེམས་ཀྱི་སྤྱོད་ཡུལ་དུ་ཤིན་ཏུ་ལྟ་ན་སྡུག་པའི་བཞེངས་སྐྲུན་གཞན་ཞིག་གི་ངོ་བོར་མངོན་གྱུར་བྱེད་མཁན་གྱི་ལག་རྩལ་དེར་སྒྱུ་རྩལ་ཞེས་ལབ་ཀྱི་འདུག
སྒྱུ་དང་འཕྲུལ་ནི་གོ་དོན་ཕལ་ཆེར་འདྲ་སྟེ། རྣམ་པ་དང་སྣང་ཚུལ་མི་འདྲ་བའི་བྱ་ཐབས་སྤྱད་དེ་རྟོག་ཡུལ་གྱི་མཛེས་པ་ཉིད། ཆེས་ཚད་མཐོ་བའི་མཛེས་སྡུག་གི་ས་ལ་སྐྱེལ་བར་བྱེད་པའི་རྩལ་ལམ་ནུས་པ་ཞིག་རེད། ནུས་པ་དེ་དང་ལྡན་པ་ལ་སྒྱུ་རྩལ་བ་ཞེས་ཟེར། སྙན་ངག་པ་ནི་དེའི་ནང་གསེས་སུ་གཏོགས།
སྲོལ་རྒྱུན་གྱི་བཞུང་ལུགས་ལས་སྙན་ཞིང་འཇེབས་པའི་ངག་ནི་སྙན་ངག་ཡིན་ཞེས་གསུངས་པ་དེར་ང་ཧ་ཅང་འཐད་མོད། བློ་ཕམ་པ་ཞིག་ལ། མང་པོ་ཞིག་གིས་ཅི་ཞིག་ལ་དོན་གྱིས་སྙན་ཞིང་འཇེབས་པ་ཟེར་བ་དེར་ད་དུང་ཡང་གོ་བ་ངེས་ཅན་ཞིག་ལོན་མེད་པ་འདྲ།
ང་ལ་མཚོན་ན། རྟག་ཏུ་ཚིག་གི་སྡེབ་འགྲིགས་པོར་སྒྲིགས་ཤེས་མཁན་ཞིག་གིས་རང་ཉིད་སྙན་ངག་པ་ཡིན་ཞེས་ཚད་གཞི་ལྟ་བུར་ཁས་ལེན་པར་ཞེད་སྣང་སྐྱེ་གིན་ཡོད། རྒྱུ་མཚན་ནི། ཚིག་ནི་སྙན་ངག་གི་ཨ་མ་ངོ་ཏི་དེ་མ་རེད། སྙན་ངག་ནི་ཚིག་གི་གོ་རིམ་འགྲིགས་པོར་བསྒྲིགས་པ་ཙམ་ལས་བྱུང་བ་ཞིག་མ་རེད། སྙན་ངག་ནི་བཀྲ་ཤིས་བདེ་ལེགས་ལྟ་བུའི་ཤིས་ཚིག་གི་རྟེན་འབྲེལ་བརྗོད་པ་ཞིག་ཀྱང་མ་རེད།
དེ་ལས་ལྡོག་སྟེ། སྙན་ངག་ནི་དབྱར་ཁའི་དུས་ཀྱི་གྲོག་རོང་དོག་པོའི་ཆུ་འབྲུབ་པ་དང་། སྲིད་པའི་མེ་རུ་གས་འཕྱུར་ལས་བྱུང་བའི་རང་བྱུང་གི་མངོན་སྣང་དེ་དག་གམ། དབྱར་དུས་ཀྱི་འབྲོག་ཐང་ཆེན་པོའི་རི་ཟོམ་ན་ཐོལ་གྱིས་གཡོ་ཞིང་འཁྲིགས་པའི་ནག་ལ་རྔམས་པའི་ཆར་སྤྲིན་གྱི་ཀློང་འཁོར་ཆེན་པོ་དག་དང་། ཐོག་འབྲུག་གློག་གསུམ་གྱི་འཚུབ་མ། ད་དུང་གྲོག་མ་ཆུང་ཆུང་དག་གིས་རུ་བསྒྲིགས་ནས་ཡུལ་བྱོལ་དུ་འགྲོ་བཞིན་པའི་འགུལ་སྐྱོད་དེ་དག་དང་འདྲ་བར། སེམས་ཀྱི་གཏིང་ནས་འོང་བ། གློ་བའི་དཀྱིལ་ནས་བརྡོལ་བ། མིག་གི་ལམ་ནས་ཤར་བ། དྲན་པའི་དཀྱིལ་ནས་ལངས་པ། ངུ་རྒོད་གང་གི་ཡང་ཕྱོགས་སུ་མ་ལྷུང་། དགེ་སྡིག་གང་དུ་ཡང་རྒྱ་མ་ཆད། བཟང་ངན་གང་གི་ཡང་ཕྱོགས་མི་འཛིན་པའི། ཚོར་བ་གསོན་པོ། མྱོང་བ་དྲོན་མོ། རྟོགས་པ་གསལ་བོ་ཞིག་ཡིན་དགོས། དེ་ཉིད་དགུན་དུས་ཀྱི་ཞོགས་པ་ཞིག་ལ་ཤེལ་ཁྲའི་ངོས་སུ་མི་ཕོ་སྟོབས་ཆེན་ཞིག་གི་ཁ་རླངས་ཕོག་པ་བཞིན་སྙན་ངག་པའི་ཡིད་ཀྱི་མེ་ལོང་སུ་འཕོས་པའི་སྐད་ཅིག་མ་དེ་འདྲ་ཞིག་ལ་ཕལ་ཆེར་སྙན་ངག་ཟེར་བ་དེ་གྲུབ་པ་འདྲ།
ཡང་མི་ཚོས་བསམ་ན། དུང་བ་བརྗོད་བྱར་བྱས་པའི་སྙན་ངག་ནི་དེ་ལྟར་ཡིན་སྲིད་མོད། དོན་གཞན་བརྗོད་བྱར་བྱས་པའི་སྙན་ངག་ནི་ཚིག་གི་མཛེས་ཆ་ཁོ་ན་ལས་འཇོག་ན་ཆོག་པ་ཞིག་མིན་ནམ་སྙམ་ན། དེ་ཡང་མི་ཆོག་སྟེ། དོན་གྱི་སྣང་བརྙན་རེ་རེ་ཚིག་དང་ཡི་གེའི་ལམ་ནས་བཞེངས་སྐྲུན་བྱེད་པར་མེད་དུ་མི་རུང་བ་ནི་ནང་སེམས་ཀྱི་མྱོང་ཚོར་གྱི་རྦ་རླབས་དྲག་པོའི་གཡོ་འཁྱོམས་ཁོ་ན་ཡིན་ལ། ཚད་ངེས་ཅན་གྱི་ཐོག་ནས་བཤད་ན། ལེགས་འགྲུབ་བྱུང་བའི་དོན་གཞན་བརྗོད་བྱར་བྱས་པའི་སྙན་ངག་གང་ཞིག་ཡིན་ཀྱང་རུང་སྟེ། དེས་དངོས་སུ་བརྗོད་བཞིན་པ་ནི་སྙན་ངག་པ་དེས། ལོ་རྒྱུས་བཀླགས་པ་ལས་ཐོབ་པའི་རྟོག་ཡུལ་གྱི་སྣང་བརྙན་ཙམ་ཞིག་སྟེ། ཡུལ་དོན་གྱི་རྣམ་པ་དངོས་ནི་ཚད་མ་རིག་པའི་སྐབས་ཀྱི་བརྡ་ཆད་ཅིག་སྤྱད་ནས་བཤད་ན་ཞེན་པའི་བརྗོད་བྱ་ཙམ་དུ་ཟད། རྒྱུ་མཚན་དེ་འདྲ་ཞིག་ལ་དགོངས་ཏེ། དཔྱད་བརྗོད་པ་སྔ་མ་དག་གིས་ཀྱང་། སྙན་ངག་པས་བརྗོད་བཞིན་པའི་མེ་ཏོག་པདྨ་དེ་སྙན་ངག་གི་ངོ་བོར་འཕོས་ཟིན་པའི་སྐད་ཅིག་དེར་རང་ག་བའི་མེ་ཏོག་པདྨ་ཞིག་མ་རེད་ཅེས་གསུངས་པ་རེད།
གཞན་ཡང་། སྙན་ངག་ནི་སེམས་ལ་ན་ཟུག་དྲག་པོ་ཡོད་པའི་ལྐུག་པ་ཞིག་དང་འདྲ་བར་བྲང་ཁོག་ནས་འཕྱུར་གྱིན་ཡོད་པའི་སེམས་ཀྱི་སྣང་ཚུལ་གཞན་ཞིག་སྟེ། མི་དག་གིས་སྙན་ངག་མཁན་གྱིས་བྲིས་པའི་སྙན་ངག་བཀླགས་པ་བརྒྱུད། སྙན་ངག་དེའི་ཁྲོད་ནས་མངོན་པའི་སྙན་ངག་པའི་ཕྱོགས་ལ་བསམ་བློ་འཁོར་འགྲོ་ཞིང་། སྙན་ངག་དེ་ཉིད་བརྒྱུད་ནས་ཡང་བསྐྱར་སྙན་ངག་མཁན་ལ་གོ་བ་ལེན་འགོ་རྩོམ། འོན་ཀྱང་མི་ཚོས་སྙན་ངག་བརྒྱུད་ནས་གོ་བ་ལེན་བཞིན་པ་དེ་ནི་སྙན་ངག་མཁན་གཞན་ཞིག་ཡིན། དུས་མཚུངས་སུ། སྙན་ངག་མཁན་གྱིས་བྲིས་པའི་སྙན་ངག་ལ་ཡང་ནོར་འཁྲུལ་གྱི་གོ་བ་ལེན་པར་བྱེད།
གཅིག་བྱས་ན་སྙན་ངག་ནི་མཉམ་པར་མ་བཞག་པའི་ས་ནས་རྙེད་པའི་མུ་ཏིག་རྡོག་པོ་གཅིག་གམ། གྲོག་པོ་ཞིག་གིས་མི་མཐོང་ས་ནས་བྲ་ཚགས་བྱས་ཏེ་རྐེ་ཁོང་ནང་དུ་ཆུ་འཁྱགས་བཤོས་པ་ལས་བློ་བུར་བསྔངས་འདར་བརྒྱབ་པའི་ཚོད་ཙམ་སྟེ། ཡང་ན་མི་མངོན་དབྱིངས་ནས་གནང་བའི་གནམ་ཡིག་ཅིག་སྙན་ངག་པའི་སྨྱུག་ཁ་བརྒྱུད་དེ་ཡི་གེར་བཅོས་པ་ཞིག་རེད།
སྙན་ངག་ལས་མངོན་པ་ནི། སྙན་ངག་པ་དང་དོན་དངོས་བར་མྱོང་རེག་དང་ཐུག་འཕྲད་བྱུང་བའི་སྐད་ཅིག་མ་དེ་ཉིད་དེ། ཡུན་ཐུང་ལ་བོང་ཆུང་བའི་གནས་སྐབས་པའི་རྣམ་འགྱུར་ཞིག་རེད། དེ་ནི་བྱང་སྣེའི་འོད་ཟེར་བཞིན་ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་པར་ཐེ་ཚོམ་མེད་ན་ཡང་། ཡིད་སྐྱོ་བ་ཞིག་ལ། སྙན་ངག་དེ་ཉིད་སྙན་ངག་པའི་ངག་ལས་ཐོན་ཏེ་ཡི་གེར་བྲིས་ནས་མི་གཞན་དང་མཉམ་སྤྱོད་བྱས་པའི་དུས་དེ་ནས་སྙན་ངག་དེ་སྙན་ངག་པར་མི་གཏོགས་ཤིང་། དེ་ནི་མི་གཞན་གྱིས་གོ་བ་ལེན་སྟངས་ཀྱི་ཁྱབ་ཁོངས་སུ་འཛུལ་ཟིན་ལ། གོ་ནོར་གྱི་ཁྱབ་ཁོངས་སུ་ཡང་ཞུགས་ཟིན། དེས་ན་ངས་མི་གཞན་གྱི་སྙན་ངག་ལ་སྙན་ངག་པའི་ཚབ་བྱས་ཏེ་གོ་བ་ལེན་པ་ནི་ཉེན་ཁ་ཅན་ཞིག་རེད་ཅེས་འདོད།
ཉེ་ཆར་ངའི་གྲོགས་པོ་སྙིང་མིག་ལགས་ཀྱིས་ཁོང་གིས་རང་རྩོམ་ཕྱོགས་སྒྲིག་དེབ་ཕྲེང་གསུམ་པ་སྟོན་མཇུག་གི་སྡོང་ལོ་དང་འབྲེལ་ཡོད་ཀྱི་ཐོག་ནས་འགོ་བརྗོད་མཚོན་པའི་ཡི་གེ་ཞིག་འབྲི་རོགས་ཞེས་འཕྲིན་ཕྲན་བརྒྱུད་གསུངས་གནང་བྱུང་། མ་གཞི་རང་ཉིད་འདུ་འཛི་ཆེ་ལ་བརྩོན་པ་ཆུང་བ་ཞིག་ཡིན་པ་དེས་དེང་སྐབས་རྩོམ་ཡིག་སོགས་ཀྱི་སྐུལ་མ་བྱུང་དག་ལ་རེ་བ་ཅི་བཞིན་སྐོང་ཐུབ་ཀྱིན་མི་འདུག་ལ། ཚོད་ཚོད་དུ་གཞན་ལ་བསྟོད་ར་གཏོང་རྒྱུར་རྒྱུ་མཚན་ཡོད་ལ་མེད་ཀྱི་ཞེད་སྣང་ཞིག་ཀྱང་རང་ཤུགས་ཀྱིས་ཡོང་གིན་འདུག གཞན་རྩོམ་གྱི་ལྕི་ཡང་གཞལ་བའི་བློ་གྲོས་ཀྱི་ནུས་པ་ནི་དེ་བས་ཀྱང་མི་བདོགས་ན་ཡང་གྲོགས་པོ་ཁོང་གི་སྐུལ་མ་དེ་ངས་ལམ་སང་དང་ལེན་བྱས་པ་ཡིན།
རྒྱུ་མཚན་ནི་ཧ་ཅང་གསལ་ཏེ། ཁོང་གི་ལོ་འདི་གའི་རིང་གི་སྙན་ངག་གི་གོམ་སྟབས་ལ་ཟླ་སྐྱེད་དང་ཞག་སྐྱེད་ལྟ་བུའི་ས་ཆོད་ཆེ་བའི་ཡར་རྒྱས་བྱུང་ཡོད་ཅིང་། ཁས་མི་ལེན་ཀ་མེད་ཀྱི་གོམ་སྟབས་དེས་ཁོང་གིས་ངའི་སེམས་གཏིང་ནས་ཁྱད་དུ་འཕགས་པའི་བག་ཆགས་ཞིག་བཞག་ཡོད། ལོ་འགའི་ཡར་སྔོན་ཞིག་ལ་གུས་པ་ཁོང་བཞུགས་ཡུལ་ཁམས་སྒར་དྷརྨ་ཀ་རའི་བཤད་གྲྭར་ཕྱིན་ཏེ་དེར་བཞུགས་དོན་གཉེར་ཅན་ཁག་ཅིག་ལ་སུམ་རྟགས་སོགས་རྩོམ་རིག་གི་རྨང་གཞི་དང་འབྲེལ་བའི་དུས་ཐུང་གི་འཛིན་གྲྭ་ཞིག་ཁྲིད་མྱོང་། དེ་ནི་ཁོང་ངེད་གཉིས་ཐོག་མར་ངོ་ཤེས་ཡུལ་ཡིན།
སྐབས་དེར་ཁོང་ནི་སྤྱིར་བཏང་གི་རྩོམ་རིག་ལ་དུང་ཞེན་ཡོད་པའི་སློབ་གཉེར་བ་ཞིག་ལས་གཞན་དུ་མ་མཐོང་ན་ཡང་། ཕྱིས་སུ་ཁོང་ཉིད་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཛུལ་ཞུགས་དང་འབྲེལ་སེམས་ཁ་ཁེངས་པའི་སྦྱང་བརྩོན་གནང་བ་བརྒྱུད་གཡུལ་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཁྱད་པར་དུ། ཁོང་གིས་ལོ་འདི་ཀའི་རིང་རང་རེ་ཁམས་ཕྱོགས་ཀྱི་རྩོམ་པ་པོའི་དཔུང་སྡེ་མཉམ་འཛོམས་བྱ་ཡུལ་གྱི་འཕྲིན་ཕྲན་གྱི་ཚོམས་ཤིག་ཏུ་རྒྱུན་དུ་སྙན་ངག་མང་པོ་སྤེལ་མྱོང་ཞིང་། སྐབས་དེ་དག་དུ་ང་ནི་ཁོང་གི་ལྷག་བསམ་རྣམ་དག་གི་ཀློག་པ་པོ་ཞིག་ཀྱང་ཡིན། ད་དུང་ཁོང་གི་ཉེ་བའི་ལོ་འདི་དག་གི་རིང་གི་སྙན་ངག་གཙོ་བོར་གྱུར་པའི་རྩོམ་རིག་གི་གྲུབ་འབྲས་ལ་སྡིངས་ཆ་གལ་ཆེན་དུ་མ་ཞིག་ནས་ཚད་མཐོའི་ངོས་འཛིན་དང་གཟེངས་རྟགས་སོགས་ཀྱང་ཐོབ་ཡོད།
ས་རཱ་མཐོ་སློབ་ཀྱི་ཁ་ཁུ་སུམ་པའི་རང་བྱུང་གི་ཁོར་ཡུག་དང་། ཧི་མ་ཅལ་གྱི་མུ་མཐའ་མེད་པའི་བདེ་ཐང་ལ་གཞོལ་བའི་ནགས་ཀློང་གི་བདུད་རྩིའི་དྲི་བསུངས། སྐྱིད་ལ་སྡུག་པའི་མི་ཡུལ་གྱི་འཚོ་བ་དང་མི་བརྟན་འགྱུར་ཞིང་གཡོ་བའི་རྡ་སའི་རི་ངོགས་ཀྱི་དུས་བཞི། ད་དུང་རི་བོ་གངས་ཅན་གྱི་ཞིང་སྐྱེས་ཀྱི་གནས་ཡུལ་དག་ནས་ཕེབས་པའི་སློབ་གྲོགས། དཀར་ལ་དམར་འདངས་ཆགས་པའི་སྨན་ཤར་གཞོན་ནུ་མ་དེ་དག་གི་མུ་མཐའ་མེད་པའི་ལང་ཚོའི་འཇོ་སྒེགས་གང་ཞིག་གིས་ཁོང་གི་རྩ་སྒོ་ཕྱེས་པར་ནི་ཆ་མ་འཚལ་མོད། ལྟས་ལྟས་རིག་རིག་ལ་འཕེལ་རྒྱས་སུ་ཕྱིན་པའི་ཁོང་གི་སྙན་ངག་གི་ཉམས་རྩལ་དེས་ཁོ་བོ་ཅུང་ཟད་མགོ་འཐོམ་ཅུག་བྱུང་།
ཐོག་མའི་ཆར་ཁོང་གིས་བརྡ་རྙིང་དང་འདྲེས་པའི་ཡུལ་སྐད་ཀྱི་ཆ་སྤྱད་པ་ཏོག་ཙམ་ཚད་བརྒལ་ལྟ་བུར་ཚོར་བའང་ཐེངས་འགའ་བྱུང་ལ། འདིའི་ཐད་ང་ཚོའི་ད་ཡོད་བོད་ཡིག་གི་ཡིག་ཐོག་གི་གཅིག་གྱུར་ཚད་མཐོན་པོ་ཡོད་པའི་སྤྱི་འགྲོས་དང་བརྡ་ཆད་ཀྱི་འཛིན་མཚམས་སོགས་ནི་ཧ་ཅང་གཅེས་དགོས་པ་ཞིག་རེད་སྙམ་པ་བྱུང་མྱོང་། དེ་དང་ཆབས་གཅིག མ་གླེང་ཐབས་མེད་ཀྱི་ཁོང་གི་སྙན་རྩོམ་ཁག་ལ་ཡོད་པའི་ཁྱད་ཆོས་གཞན་ཞིག་ནི། ང་ཚོས་རིང་ནས་བོར་ཟིན་པའམ་སྣང་མེད་དུ་ལུས་པ། བཀའ་བསྟན་སོགས་དང་ཡང་ན་རྒྱུག་ཆེ་བའི་རྩོམ་ཡིག་གི་རྒྱུ་ཆར་མ་སྤྱད་པའི་གསེར་རྡོ་ལྟ་བུའི་ཐ་སྙད། བོད་མི་དག་གི་ངག་ལ་ལྷན་སྐྱེས་སུ་མངའ་ཞིང་བབས་ཆགས་པོས་གནས་པའི་མིང་ཚིག་དང་བྱ་ཚིག་མང་པོ་ཞིག་ཁོང་གིས་རང་གར་མ་བཞག་པར་རེ་རེ་ནས་བྱེ་མ་ལས་གསེར་བཙགས་པ་བཞིན་སྒྲུགས་གནང་ཞིང་། སྙན་ངག་གི་ཕོ་བྲང་བཞེངས་སྐྲུན་གྱི་རྒྱུ་ཆར་བེད་སྤྱོད་གནང་འདུག
དེ་ཡང་གུས་པ་རང་གི་ལྟ་ཚུལ་ལྟར་ན། བརྒྱ་ཆ་དགུ་བཅུ་ལྷག་ཅིག་ཧ་ཅང་འོས་འཚམས་ཀྱིས་འཕྲོད་ལ་རན་པ་གསེར་གྱི་རྣ་ལུང་ལ་གཡུ་དྲུག་དཀར་གྱི་ཕྲ་ཚོམས་བཏབ་པ་ལྟ་བུ་ཞིག་འཇོན་ཡོད། ད་དུང་། ཁོང་གིས་དེང་རབས་དང་སྲོལ་རྒྱུན་གྱི་སྙན་ངག་ལ་ངོ་བོའི་ཆ་ནས་དང་རྩོམ་ལུས་ཀྱི་ཆ་ནས་བཟང་ངན་དང་ཡག་སྡུག་ལྟ་བུའི་ལྟ་ཚུལ་མི་འཛིན་ཅིང་། ཧ་ཅང་ཕུན་སུམ་ཚོགས་པའི་སྙོམ་སྒྲིག་གི་ལྟ་ཚུལ་དང་། རྩོམ་ལུས་ཤིན་ཏུ་མི་འདྲ་བ་བ་གཉིས་ཀྱི་ཁྱབ་ཁོངས་སུ་གུ་ཡངས་དང་རང་དབང་ཀྱིས་མཇུག་པའི་རྩོམ་རྩལ་དེར་གུས་པའང་ཤིན་ཏུ་མགུ
དངོས་གནས་བྱས་ན་རྩོམ་ཡིག་ཡག་སྡུག་དང་སྙན་ངག་གི་ཉམས་རྩལ་ནི་རྩོམ་ལུས་བྱེ་བྲག་པའི་བཀག་རྒྱའི་འོག་ཡོད་པ་ཁོ་ན་ཞིག་མིན་པར། རྩོམ་པ་པོའི་ཤིན་ཏུ་སྦྱང་བ་ཡང་དག་པའི་བྱང་ཆུབ་ཀྱི་ཡན་ལག་གི་རྩལ་གྱི་འགྲོས་དང་བསྟུན་ཏེ་འཇུག་གནས་ལྡངས་གསུམ་བྱེད་པ་ཞིག་རེད། འདི་ནི་ངའི་ལྟ་ཚུལ་ཡིན།
ད་དུང་ཁོང་གིས་མེ་ཏོག་ཆུན་པོ་ཞིག་བུམ་པའི་ནང་དུ་བཙུགས་ཏེ་མཆོད་སྟེགས་སུ་བཤམས་པར་བརྗོད་པ་ཙམ་མིན་པར། མེ་ཏོག་ཉིད་ལ་དམིགས་ཏེ། དེའི་ཐོག་གི་འདབ་མ་དང་། ཟེའུ་ཕོར། ད་དུང་རླུང་གིས་བསྐྱོད་པ་ལས་བག་ཀྱིས་ལྡེམ་པའི་མགོ་ལྕོགས་སམ། འདབ་མའི་ངོས་ན་ཆུ་ཤེལ་གྱི་དོག་པ་ལྟར་འགྲིལ་བའི་ཆུ་བསིལ་གྱི་ཐིགས་པ་དང་། ཉི་ཟེར་གྱིས་བྲན་པ་ལས་ཕྱེས་པའི་བཞད་ཁ། འདབ་མའི་རི་མོ་ཤིན་ཏུ་ཕྲ་བ་དག་ནས་མེ་ཏོག་རང་སྟེང་གི་འདར་ཞིང་ལྡེམས་པའི་སྒུལ་བསྐྱོད་བག་ལ་ཉལ་རེ་རེ་ནས་སྒུལ་མགོ་རྩོམ་གྱིན་འདུག
བྱ་བ་དང་དངོས་པོ། ཚོར་བ་དང་ལྟ་ཚུལ་གང་ཞིག་སྙན་ངག་གི་ལམ་ནས་མཚོན་པ་ལའང་ངའི་ངོས་ནས་ནི་འདི་ལས་ལྷག་པའི་གལ་ཆེ་བ་དང་དཀའ་ལས་ཁག་པ་ཞིག་ཕལ་ཆེར་མེད་དོ་སྙམ་པ་ཡིན། འདིའི་ཐད་ང་ཚོས་སྐད་ཆའི་གཏིང་བསྔོགས་སྟངས་ཀྱི་ཆ་ལ་ད་དུང་དགོས་ངེས་ཀྱི་གོམ་པ་མང་པོ་ཞིག་སྤོ་རྒྱུར་བསྡད་ཡོད་ཅིང་། འདི་ནི་བོད་ཀྱི་རྩོམ་རིག་གིས་མི་རིགས་གཞན་གྱི་རྩོམ་རིག་དང་བང་ཁ་གཤིབས་རྒྱུར་ཡང་ཐད་ཀར་འབྲེལ་ཏེ་ཡོད། ང་ཚོའི་སེམས་ཤུགས་ཅན་གྱི་རྩོམ་པ་པོ་མང་པོ་ཞིག་མ་ཐར་བར་ལྷག་ཡོད་པའི་འཕྲང་འགག་ཡང་འདི་རེད།
ང་རང་ཉིད་ཀྱི་རྩོམ་བྲིའི་ཉམས་མྱོང་གི་ངོས་ནས་བཤད་ན་ཡང་། སྐབས་སྐབས་སུ་ཡུལ་དང་ཡུལ་ཅན་ཐུག་འཕྲད་ལས་བྱུང་བའི་རེག་ཚོར་ཕྲ་མོ་དེ་དག་ཚིག་གིས་མཚོན་པར་དཀའ་ངལ་ཆེན་པོ་འཕྲད་དེ། ཚིག་ཏུ་བརྗོད་པར་ཤིན་ཏུ་ངལ་ན་ཡང་། མྱོང་བ་འདི་ལ་ཐེ་ཚོམ་མ་མཆིས་སོ། །(མཆན། དཔྱངས་ཟམ་གྱི་ཐོག་ནས་མཚན་མོའི་མཛེས་ལྗོངས་ལ་ལྟ་བ)ཞེས་པ་ལྟ་བུའི་མནའ་ཚིག་གི་སྐད་ཆ་སྟབས་བདེ་རེར་རྒྱབ་ཁེན་དགོས་བྱུང་བའང་ཡོད།
མཚམས་འདི་ནས་ངས་ཡང་བསྐྱར། སྙིང་མིག་དང་སྙིང་མིག་ལྟ་བུའི་གསོན་ཤུགས་དཔལ་དུ་འབར་བའི་སྙན་ངག་པ་དུ་མ་ཞིག་འབྱུང་བཞིན་པ་ནི་རང་རེ་བྱེས་ཀྱི་ཉག་ཕྲ་བའི་བོད་ཡིག་གི་ཁྲོམ་ར་ཧྲིལ་པོའི་ངོས་ནས་ཀྱང་སྤོབས་པ་སྐྱེ་བར་འོས་པ་ཞིག་རེད་ཅེས་ལབ་སྙིང་བྲོད།
འོན་ཀྱང་ད་ལྟའི་ཆར་ཡང་ཁོང་གིས་ཚིག་གི་སླུ་བྲིད་ཀྱིས་རྒྱུན་ལྡན་གྱི་འགྲོ་སྟངས་སྤྱད་ནས་གོ་དཀའ་བའི་སྙན་རྩོམ་རིགས་ཤིག་གི་འགྱུར་འགྲོས་ཏེ། ཚིག་གི་གར་སྟབས་འཕྲུལ་ཧ་ཅང་འཁྱུགས་ཆེ་བའི་ཟློས་གར་དྲག་ཏུ་འཁྲབ་པ་དང་དུས་མཚུངས། ཚིག་དང་ཚིག་གི་བར། ཚིག་དང་དོན་གྱི་བར་གྱི་རྡོག་ས་ཡང་ཤིན་ཏུ་བརྟན་ཞིང་བརླངས་པོར་ནོན་པ་ཞིག་དགོས་པ་དགོས་པ་འདིའི་ཐད་ཐུགས་སྣང་ཕྲ་མོ་ཞིག་གནང་འོས་ཏེ། ཚིག་གི་གསང་བ་འཚོལ་བའི་མཛེས་སྡུག་གི་རོ་ལ་གཡེངས་དྲགས་ཏེ་ཚིག་དང་དོན་གྱི་མཐུན་སྦྱོར་རམ། ཚིག་དང་ཚིག་གི་བར་གྱི་གཏན་སྲོལ་གྱི་མ་ལག་ཁག་ལ་ཕོག་ཐུག་གཏོང་དྲགས་རྒྱུ་མེད་པའི་གཞེན་སྐུལ་ཞིག་ཀྱང་ཞོར་ལ་ཐལ།
མཇུག་ཏུ། བྱེས་བཞུགས་བོད་ཀྱི་རྩོམ་པ་པོའི་ཁྲོད་ནས་ཁོང་ལྟ་བུའི་སྙན་ངག་གི་ལང་ཚོ་བརྟས་པའི་ན་གཞོན་གྱི་རྩོམ་པ་པོ་ཞིག་གིས་རང་གིས་བརྗོད་བྱ་བརྗོད་བྱེད་ཕུན་སུམ་ཚོགས་པའི་སྙན་ངག་གི་དེབ་ཕྲེང་ཞིག་ང་ཚོ་ཀློག་པ་པོ་དག་གི་ཆེད་དུ་བསྟབས་གནང་བ་འདིར་ངེས་པར་དགའ་བ་བསྒོམས་དགོས་ཤིང་། རྩོམ་རིག་ལ་དགའ་ཞིང་སྙན་ངག་ལ་དུང་མཁན་གྱི་རང་རེ་ཀློག་པ་པོ་དག་གིས་ལ་མཚོན་ན། ཁོང་གི་སྙན་ངག་འདི་དག་ནི་རོ་བཅུད་ཕུན་སུམ་ཚོགས་པའི་ཟས་མཆོག་ཅིག་དང་འདྲ་བར་ཁྱེད་ཀྱི་ཐུགས་འདོད་བསྐོང་ཐུབ་ངེས་རེད་ཅེས་ཞུ་བཞིན་ཡོད།
བཀྲ་ཤིས་བདེ་ལེགས།
རྫ་ཚེ་རིང་བཀྲ་ཤིས་ཀྱིས། སྤྱི་ལོ་༢༠༡༥ ཟླ་༡༡ ཚེས་༨ ལ་ཕུལ།
སྤྲིན་སྒྲ་ལས། ཟུར་དུ་ཐོག་འབྲུག་གློག་གསུམ་ཞེས་འབྲུག་ཅིག་འཇོག་ཐུབ་བམ། ལགས།
ངས་སྙན་ངག་ཅེས་པའི་ཡིག་འབྲུ་གཉིས་པོ་འདིར་ཚོར་བ་གཏིང་ཟབ་པོས་འགྲེལ་བརྗོད་བྱེད་པའི་དོན་གྱི་རིན་ཐང་ལ་རྣམ་འགྱུར་ཙམ་ཡང་མེད་པར་རྩ་བ་བོར་ནས་ཡལ་ག་འཚོལ་བའི་ཀ་རྡོར་ནི་ཚོགས་བསྔོས་ཀྱང་ལྷག་མ་ལས་མི་དབང་བ་དེ་ཡིན་པ་འདྲ། ངོ་མ་ཤེས་རབ་ནི་སྐྱེས་བུ་བསོད་ནམས་ཅན་གྱི་ཡིད་ལས་བྱུང་ཞིང་རང་གི་ལུས་ལ་ཐིམས་ཤིང་ནུབ་པ་ཉིད་དུ་འགྱུར་བ་ཁོ་ནའོ། ཀུ་རེ་ཡིན་ལོ།ཧཧཧ