ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཤྰཀྱ་མུ་ན་ཡེ།།
སྲིད་པའི་དཔལ་འབྱོར་རྩ་རྩེའི་ཟིལ་བ་གཟིགས།།
མྱང་འདས་ཞི་བདེ་ནགས་ཀྱི་གནས་ནས་གཟིགས།།
འཁོར་འདས་ཕྱག་རྒྱའི་མེ་ལོང་དབྱེར་མེད་གཟིགས།
གཟིགས་མཆོག་མི་ཡི་ཉི་མ་རྒྱལ་གྱུར་ཅིག།
ད་ནིང་ཞོགས་པ་ཉི་མ་ཡར་ལ་གསལ།།
ཁྱེད་ལ་དད་པའི་ནང་པ་མ་ལུས་པས།།
ཕྱི་ནང་མཆོད་པའི་ལོངས་སྤྱོད་རྗེ་ལ་འབུལ།།
འདི་ཕྱི་བདེ་བའི་རེ་བཅོལ་འབད་པ་ལ།།
ཉམ་ཐག་འགྲོ་ཁམས་ཐུགས་རྗེས་མྱུར་ཏུ་ཟུངས།།
བྱང་བརྒྱུད་ཕྱོགས་སུ་ཆུ་ཡི་འཇིགས་པ་སོལ།།
བོད་བརྒྱུད་ནང་པས་གསོན་བསྲེག་འཇིགས་པ་སོལ།།
ལྷོ་བརྒྱུད་ཕལ་ཆེར་ས་ཡོམ་འཇིགས་པ་སོལ།།
མི་འདོད་ཕྱི་ནང་འབྱུང་བའི་འཇིགས་པ་སོལ།།
འགྲོ་ཀུན་ཕན་བདེའི་དམ་ཆོས་རིན་པོ་ཆེ།།
འོད་གསལ་སྙིང་པོ་བདེ་བར་གཤེགས་པ་ཉིད།།
མ་འབད་སྐུ་གསུམ་དགོངས་པའི་རྩལ་རྫོགས་ནས།།
མ་ལུས་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག།
ཕྱི་སྣོད་དག་པ་རྩི་ཤིང་ནགས་ཚལ་དང་།།
ནང་བཅུད་དག་པ་ཏིང་འཛིན་ཡེ་ཤེས་སྒོམ།།
གསང་ཆེན་དེ་ཉིད་སྒྱུ་འཕྲུལ་ལྷ་ཚོགས་གསལ།།
ཡང་གསང་རྒྱལ་ཀུན་དགྱེས་ཕྱིར་མཆོད་སྤྲིན་འབུལ།།
ཕྱི་སྣོད་ས་ཆུ་མེ་རླུང་གནོད་ཚོགས་ཞི།།
ནང་འཁྲུགས་ཆགས་སྡང་རྨོངས་པའི་རྟོག་ཚོགས་ཞི།།
གསང་ཆེན་བསྟན་ལ་སྨད་པའི་སྐྱོན་ཚོགས་ཞི།།
ཞི་བདེ་རྣམ་གསུམ་འགྲོ་བའི་དཔལ་དུ་ཤོག།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ས་ག་ཟླ་བའི་དུས་ཆེན་སུམ་འཛོམས་ཉིན་མོར་དབེན་པའི་ཡོན་ཏན་ཀུན་ནས་ཚང་བའི་དབྱིན་ཡུལ་གངས་ལྡན་རི་བོའི་སྙིང་དཀྱིལ་རྫོགས་ཆེན་དུས་འཁོར་འོད་གསལ་རི་ཁྲོད་ནས་ཨེ་མ་ཧོས་བགྱིས་པར་དགེའོ།། །།